居里夫人自传 第二部分-藏文译本(未修改版)

ལེའུ་གཉིས་པ། གཉེན་སྒྲིག་རྗེས་ཀྱི་འཚོ་བ།

འཚོ་བ་ཟེར་རྒྱུ་འདི་ལ་གནས་ས་ལྟ་བུའི་ཁྱད་པར་ཆེ།

ངེད་བཟའ་ཟླ་གཉིས་ཀ་བློ་ཁ་གཅིག་ཏུ་མཐུན་ཞིང་། དགའ་ཕྱོགས་དང་མོས་ཕྱོགས་གཅིག་འདྲ་ཡིན་སྟབས་ལུས་དང་གྲིབ་མ་བཞིན་དུ་བྲལ་མ་མྱོང་། ངས་ཁོའི་ང་ལ་སྤྲད་པའི་འཕྲིན་ཡིག་འགའ་མ་གཏོགས་མེད་པ་དེ་ལ་བདག་གང་བཟང་གང་ལེགས་བྱས་ཡོད། ཁྱོ་གས་སློབ་ཁྲིད་ཀྱི་འགན་རྫོགས་རྗེས་དུ་ཚོད་ཕལ་ཆེར་ཁའི་སློབ་གྲྭའི་ཞིབ་འཇུག་ཁང་གི་ནང་ནས་ཞིབ་འཇུག་གི་ལས་ལ་བརྩོན་ཡོད། ང་དང་ཁོ་དང་མཉམ་དུ་ཞིབ་འཇུག་བྱས་ཆོག་པའི་ཆོག་མཆན་ཐོབ། ང་གཉིས་སློབ་གྲྭའི་འགྲམ་ན་བསྡད་ཡོད་པའི་འགྲོ་འདུག་གི་བར་ལ་ཆུ་ཚོད་མང་པོ་ཞིག་མི་དགོས། ཡོང་ཀྱང་ཡོངས་འབབ་དམའ་བའི་རྐྱེན་གྱིས་ངའི་ཆུ་ཚོད་མང་པོ་བེད་སྤྱད་ནས་ཁྱིམ་ལས་ཙག་ཙིག་ལས་དགོས། ལྷག་པར་དུ་ཟས་གཡོས་བྱས་རྒྱུའི་ལས་ཀ་དེས་ངའི་ཞིབ་འཇུག་གི་ཆུ་ཚོད་དང་གོ་སྐལ་མང་པོ་འཕྲོག་སོང་། འགལ་བ་འདི་གཉིས་གདོང་དུ་གཏོད་རྒྱུ་ནི་དེ་འདྲ་ལས་སླ་མོ་ཞིག་ག་ལ་ཡིན། ཡག་ཡག་ལ་ངས་དཀའ་བ་བརྒྱ་ཕྲག་སེལ་ནས་གནད་དོན་འདི་ཐག་གིས་གཅོད་ཐུབ་སོང་། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་ངའི་བཟའ་ཟླ་གཉིས་ཀྱི་འཚོ་བ་ལ་ཁྱིམ་ལས་ཉག་ཉོག་འདི་ཚོས་བར་ཆད་བཟོས་མ་སོང་བས་སྔར་བཞིན་བདེ་སྐྱིད་ལྡན་ལ་ལྷིང་འཇགས་ཀྱི་འཚོ་བ་རོལ་ཐུབ།

ངས་དགེ་རྒན་ཐོབ་ཐང་གི་ཚད་གཞིའི་རྒྱུགས་ལེན་རྒྱུའི་སེམས་ཐག་བཅད་ཡོད་ཕྱིར་དངོས་དཔྱད་ཁང་ནས་བྱ་བ་གཉེར་རྒྱུ་མ་ཟད་ངའི་ད་དུང་བསླབ་གཞི་འགའ་ལ་མུ་མཐུད་དུ་སློབ་སྦྱོང་བྱས་དགོས་སོང་། རྒྱུགས་འདི་བདེ་ལེགས་ངང་འཕྲོད་སོང་ན་ངའི་རྗེས་སུ་བུད་མེད་སློབ་འབྲིང་ནས་དགེ་རྒན་བྱས་ཆོག་ལ་སློབ་དཔོན་ཆེན་མོའི་ཐོབ་ཐང་ཡང་བླངས་ཆོག ཟླ་འགར་འབད་ཐད་ཀྱིས་སློབ་སྦྱོང་བྱས་པས་ངའི་ཨང་དང་པོའི་རྒྱུགས་འབྲས་བཟང་པོ་བླངས་ནས་རྒྱུགས་འཕྲོད་འདུག

དངོས་དཔྱད་ཁང་ནས་ཞིབ་འཇུག་བྱས་རྒྱུ་མ་གཏོགས། ངའི་བཟའ་ཟླ་གཉིས་ཁོམ་སྐབས་བྱུང་ན་ཕྱི་རིལ་དུ་འཆམ་འཆམ་དུ་འགྲོ་རྒྱུ་དང་ལྩགས་རྟ་ཞོན་ནས་གྲོང་གསེབ་དུ་ཉུག་གིས་འགྲོ་རྒྱུར་དགའ་བ་ཡིན། ངའིོ་ཁྱོ་ག་ཕྱི་རོལ་གྱི་ལུས་རྩལ་ལ་ཧ་ཅང་དགའ་པོ་ཡོད། ངའི་ཁྱོ་ག་ནགས་ཚལ་ནང་གི་སྐྱེས་ལྡན་གྱི་སྲོག་ཆགས་དང་རྩི་ཤིང་ལ་སྤྲོ་སེམས་ཆེན་པོ་ལྡན་པ་དང་གྲོང་ཁྱེར་ཕཱ་རེ་ཡི་གྲོང་གསེབ་གྱི་གནས་ཚལ་ཡོངས་ལ་ཞབས་རྗེས་བཞག་མྱོང་། ང་རང་ཞིང་གྲོང་ལ་ཧ་ཅང་དགའ་བས་རྒྱུན་དུ་སྤྲོ་སེམས་ཆེན་པོ་རྒྱས་ནས་ཕེ་ཨེར་དང་མཉམ་དུ་ལྕགས་རྟར་ཞོན་ནས་གྲོང་གསེབ་དུ་འཆམ་འཆམ་ལ་སོང་བ་ཡིན། འདི་ལྟ་བུའི་སྤྲོ་གསེང་དུ་སོང་ན་ཞིབ་འཇུག་གི་ལས་གཞིའི་ནང་ནས་ལུས་རྩ་གྲིམ་ཡོད་པའི་རྣམ་པ་དེ་ནས་སེམས་ལྷོད་དུ་འཇུག་ཐུབ་པས་ངའི་བཟའ་ཟླ་གཉིས་ལ་ཕན་པ་ཆེན་པོ་ཡོད། སྤྲོ་གསེང་དུ་སོང་ནས་ཕྱིར་ཡོང་དུས་ངའིགཉིས་ཀྱིས་དུས་རྒྱུན་དུ་ནགས་ཚལ་ནང་ནས་སྐྱེས་པའི་དྲི་ཞིམ་འཐུལ་པས་མེ་ཏོག་འགའ་བཏུས་ནས་ཡོང་། མཚམས་ལན་རེརར་རོལ་རྩེད་ཀྱི་ནང་དུ་མགོ་འཁོར་ནས་ཁྱིམ་ལ་ལོག་ཏུས་མཚན་དགུང་ལ་སླེབས་ཚད་འདུག ངའི་བཟའ་ཟླ་གཉིས་དུས་ཚོད་ངེས་ཅན་གཏན་ཁེལ་བྱས་ནས་ཕཱེ་ཨར་གྱི་ཕ་མ་གཉིས་གྱི་གམ་དུ་ལོག་པ་ཡིན། ཁོ་ཚོས་ངེད་གཉིས་ལ་ཁང་བ་ཞིག་གཏན་ཁེལ་བྱས་ཡོད། གནང་བའི་སྐབས་སུ་ཐག་རིང་དུ་ལྕགས་རྟར་ཞོན་ནས་སྐྱོད་པ་ཡིན་ལ་ངེད་གཉིས་ཀྱི་ཞབས་རྗེས་ཧྥ་རན་སུའི་ཨོ་ཧྥུ་ནན་དང་སེ་ཧྥ་ནཱ་རི་གྲོང་། ད་དུང་མཚོ་འགྲམ་གྱི་ས་ཆ་མང་པོར་སྤོས་མྱོང་། ངའི་བཟའ་ཟླ་གཉིས་ཉིན་གང་བོར་རྒྱང་ཐག་རིང་བའི་གནས་སུ་སྐྱོད་པར་དགའ་བ་ཡིན་ལ་ཞག་མ་རེ་རེར་ས་ཆ་གསར་བ་ཞིག་ནས་ངལ་གསོ་ས་འཚོལ་དགོས་བྱུང་། ས་ཆ་གསར་བ་ཞིག་ནས་བསྡད་ནས་དུས་ཡུན་རིང་པོ་འགོར་སོང་ན་ཕཱེ་ཨར་གྱིས་ཞིབ་འཇུག་ཁང་གི་ལས་གཞི་དག་ལ་སེམས་ཕྲལ་བྱས་འགྲོ ཐེངས་ཞིག་གི་དབྱར་གནང་གི་དུས་སུ་ངའི་བཟའ་ཟླ་གཉིས་པོ་མཉམ་དུ་ངའི་མེས་རྒྱལ་པཱོ་ལན་དུ་ལོག་ནས་ངའི་བཟའ་མི་རྣམས་ལ་བལྟ་རུ་སོང་པ་ཡིན། ཕཱེ་ཨར་གྱིས་ངའི་བཟའ་མི་གྲས་ནས་པཱོ་ལན་གྱི་སྐད་ཆ་འགའ་ཡང་བཤད་ཤེས་སོང་།

འོན་ཀྱང་ངེད་གཉིས་ལ་མཚོན་ན་འཚོ་བའི་ཁྲོད་ནས་ཆེས་གལ་ཆེ་བ་ནི་ཚན་རིག་ཞིབ་འཇུག་ཡིན་པ་གདོན་མི་ཟ། ཕཱེ་ཨར་གྱིས་ཁོང་གི་ཁྲིད་བྱའི་བསླབ་གཞི་ལ་ཤིན་ཏུ་ཞིབ་ཚགས་ནན་ཏན་ཡིན་པ་དང་དེ་མ་ཟད་དུས་རྒྱུན་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཡོད། མཚམས་ལན་རེརར་ངས་ཁོ་ལ་རྒྱུ་ཆ་འཚོལ་བསྡུ་སྐཽར་གྱི་རོགས་རམ་བྱས་པ་ཡིན་པ་དང་དེ་ལས་ང་ལ་བློ་སྐྱེས་མང་པོ་ཐོབ། དེ་འདྲ་ཡིན་རུང་ངའི་བཟའ་ཟླ་གཉིས་ཀྱིས་དུས་ཚོད་མང་པོ་ཞིག་ཚོད་ལྟ་ཞིབ་འཇུག་གི་སྟེང་དུ་བཞག་ཡོད།

དུས་དེ་སུ་ཕཱེ་ཨར་ལ་ད་དུང་རང་གི་དངོས་དཔྱད་ཁང་བཙུགས་མེད། སློབ་གྲྭའི་ནང་གི་དངོས་དཔྱད་ཁང་དེ་ཁོས་ཚད་ངེས་ཅན་ཞིག་གི་སྟེང་དུ་བཀོལ་སྤྱོད་བྱས་ཆོག་མོད། འོན་ཀྱང་དེ་ཡིས་ད་དུང་ཁོས་མུ་མཐུད་དུ་ཚོད་ལྟ་ཁག་གཅིག་བྱས་རྒྱུ་ལ་ཡིད་ཚིམ་དཀའ། གནད་དོན་དེ་ཐག་གི་གཅོད་དགོས་ཕྱིར་ཁོས་སློབ་གྲྭའི་ནང་གིགང་སར་འཁྱབ་པའི་ཁང་སྟོང་མང་པོར་དངོས་དཔྱད་ཁང་བཙུགས། ཁང་བ་དེ་ཚོ་ཆེ་རྒྱུ་མེད་ན་འང་ཁོས་གང་འདོད་དུ་བཀོལ་སྤྱོད་བྱས་ཆོག་པས་རང་དབང་ལྡན། དོན་དག་འདི་ལས་ང་ལ་བློ་སྐྱེས་ཆེན་པོ་ཞིག་ཐོབ་སྟེ། མིས་ཆ་རྐྱེན་མི་འཚང་བ་དང་མི་འདང་སའི་རྣམ་པའི་འོག་ནས་ཐབས་བརྒྱ་ཇུས་སྟོང་གིས་ཆ་རྐྱེན་ཡག་ཤོས་བསྐྲུན་ནས་བསམ་ཐོག་གི་འཚོ་བ་རོལ་ཆོག ཁོས་དེ་དུས་སུ་ཤེལ་གཟུགས་ལ་ཞིབ་འཇུག་བྱས་བལིན་ཡོད་པ་དང་ངས་ངར་ལྕགས་ཀྱི་ཁབ་ལེན་འཐེན་ཤུགས་ལ་ཞིབ་ཤུགས་ལ་ཞིབ་འཇུག་བྱས་བཞིན་ཡོད། ༡༨༩༧ལོར་ངས་ཞིབ་འཇུག་གི་ལས་གཞི་་རྫོགས་ནས་ལོ་དེར་ཞིབ་འཇུག་གི་སྙན་ཞུ་ཕུལ་པ་ཡིན།

ལོ་དེར་ངེད་གཉིས་ཀྱི་བྱིས་པ་ཐོག་མ་བུ་མོ་ཨར་ལད་ནཱ་མི་ཡུལ་དུ་བསུས་པ་ཡིན། ཕྲུ་གུ་བཙས་མ་ཐག་ནས་ངའི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་། དེ་ལས་གཟའ་འཁོར་འགའི་རྗེས་སུ་ཕཱེ་ཨར་གྱི་ཨ་མ་ཚེ་ལས་འདས་སོང་། དེའི་སྟབས་ང་ཚོས་གྲོང་ཁྱེར་ཕཱ་རེ་གྱི་གྲོང་གསེས་ནས་མེ་ཏོག་ལྡུམ་ར་བསྐྲུན་ཡོད་པའི་ཁང་པ་ཞིག་གླས་ནས་ཁོའི་ཨ་ཕ་ཁྲིད་ཡོང་ནས་ང་ཚོ་དང་མཉམ་དུ་བསྡད། ཕཱེ་ཨར་ཚེ་ཐོག་ཏུ་བཞུགས་དུས་ང་ཚོ་ཁང་པ་དེའི་ནང་ནས་འཚོ་བ་བསྐྱལ་ནས་བསྡད།

བུ་མོ་བཙས་མ་ཐག་ངས་ཅི་ལྟར་བུ་མོ་ལ་གཅེས་སྐྱོང་བྱ་རྒྱུར་དང་ཞོར་དུ་ཚན་རིག་ཞིབ་འཇུག་གི་ལས་ལ་འཇུག་རྒྱུའི་གནད་དོན་ཆེན་པོ་དེ་ཐག་གཅོད་བྱས་དགོས་བྱུང་། ང་ལ་མཚོན་ན་ཚན་རིག་ཞིབ་འཇུག་དོར་དགོས་པ་ནི་སྡུག་བསྔལ་ཆེན་པོ་ཞིག་ཡིན་པ་དང་་ངའི་ཁྱོ་གས་ཀྱང་ང་ལ་ཞིབ་འཇུག་དོར་མི་རུང་ཞེས་ཁ་ཏ་གང་མང་བྱས། ཁོས་དུས་རྒྱུན་དུ་ང་ལ་དཀོན་མཆོག་གིས་ཁོ་ལ་ང་འདྲ་བའི་ཆུང་མ་ཞིག་བཀོད་སྒྲིག་བྱས་པ་དེ་ནི་ཁོ་དང་མཉམ་དུ་ཡོད་ཚད་མཉམ་ལས་བྱས་ཐུབ་པས་རྐྱེན་གྱིས་རེད་ཟེར། དེ་དུས་སུ་ངེད་གཉིས་ཀྱིས་ཚེ་སྲོག་ལྟ་བུའི་ཚན་རིག་ཞིབ་འཇུག་གི་ལས་གཞི་དེ་དོར་རྒྱུའི་འཆར་གཞི་གཏན་ནས་འཐེན་མ་མྱོང་།

དེ་བས། ངེད་བཟའ་ཟླ་གཉིས་ཀྱི་གཡོག་མོ་ཞིག་གླས་དགོས་བྱུང་། འོན་ཀྱང་བུ་མོ་ལ་ང་རང་གིས་བདག་སྐྱོང་བྱས་ཡོད་ཀྱང་ང་ལ་དངོས་དཔྱད་ཁང་གི་ལས་ཀ་ཡོད་དུས་བུ་མོ་ཨ་མྱེས་ལ་ལྟ་སྐྱོང་བྱས་རུ་བཅུག ཨ་མྱེས་ཚ་མོ་ལ་ཧ་ཅང་དུང་ཞེན་ཡོད་པས་ཁོའི་ལོ་ལོན་གྱི་འཚོ་བ་ལ་ཡང་ཚ་མོས་དགའ་སྤྲོ་དཔོག་མེད་ཞིག་བསྣན་བྱུང་། ཁྱིམ་མི་བར་ལ་བརྩེ་བ་ཟབ་ཞིང་ཕན་ཚུན་ལ་གཟོན་སྒོམ་གང་མང་བྱས་ཐུབ་པས་ངའི་ཚན་རིག་ཞིབ་འཇུག་གི་ལས་ཀར་འཆག་མ་མྱོང་མ་ཟདམདམདུང་བུ་མོར་གཅེས་སྐྱོང་བྱས་རྒྱུའི་ལས་ཀ་ཡང་མཚམས་ཆད་མ་མྱོང་། བུ་མོ་ལ་ནད་བྱུང་རྒྱུའི་གནས་ཚུལ་ཁྱད་པར་ཅན་བྱུང་ན་ད་ནགཟོད་ངས་ཞག་སྡོད་བྱས་ནས་མཚན་གང་བོར་སྲུང་དགོས་པ་དང་ནན་རྒྱུན་གྱི་ཞིབ་འཇུག་གི་འཚོ་བའི་བཀོད་སྒྲིག་བརྗེས་དགོས།

ངེད་གཉིས་ཀ་བྱ་བའི་སྟེང་དུ་བློ་གཅིག་སེམས་གཅིག་ཏུ་ཞུགས་ནས་བྱ་བ་གཞན་པའི་བར་ཆད་བྱས་མི་འདོད་པའི་རྐྱེན་གྱིས་གྲོགས་པོ་དང་མགྲོན་པོ་མང་པོ་མེད། མཚམས་མཚམས་སུ་ངེད་གཉིས་དང་འདྲ་བའི་ཚན་རིག་ཞིབ་འཇུག་པ་མགྲོན་པོར་སླེབས་ན། ང་ཚོས་རྒྱུན་པར་ཁང་བ་ནང་དང་མེ་ཏོག་ལྡུམ་རའི་འགྲམ་ནས་ཁ་ཏ་བྱས་པ་ཡིན། ཞོར་དུ་ངས་ད་དུང་བུ་མོའི་ལྭ་བ་ལ་ལྷམ་པར་རྒྱག་དགོས། གཉེན་ཉེའི་ཕྱོགས་ནས་ཕཱེ་ཨར་གྱི་ཕུ་བོ་དང་ཁོའི་བཟའ་མི་ཚོ་ང་ཚོ་ལ་དུས་རྒྱུན་དུ་ཕར་འགྲོ་ཚུར་འོང་བཻད་བཞིན་ཡོད་ལ། ངའི་ཨ་ཅེ་དང་མོའི་ཁྱོ་ག་གཉིས་ཀ་ངའི་མེས་རྒྱལ་པཱོ་ལན་ལ་ལོག་རྗེས་ཕན་ཚུན་བར་ལ་ས་ཐག་ཝ་ཅང་རིང་བས་ང་དང་སྤུན་མཆེད་ཚོའི་འབྲེལ་བ་གཏན་དུ་ཆད་སོང་།

འདི་འདྲ་བའི་ལྷིང་འཇགས་ཀྱི་འཚོ་བས་ངེང་གཉིས་ཀྱི་འདོད་བློ་ཚིམས་སོང་བ་ཡིན་ལ་འཚོ་བ་རོལ་སྟེང་འདི་འདྲ་བའི་རྐྱེན་གྱིས་ངེད་གཉིས་ཀྱི་མི་ཚེ་ཁྲོད་ཀྱི་བྱ་གཞག་འགེངས་ཆེན་དེ་སྒྲུབ་ཐུབ་སོང་། ༡༨༩༧ལོ་ནས་བཟུང་འདི་འདྲ་བའིོ་ཚན་རིག་ཞིབ་འཇུག་གི་ལས་མཚམས་ཆད་མ་མྱོང་།

ངས་རང་གི་འབུམ་རམས་པའི་མཐར་བྱིན་དཔྱད་རྩོམ་གྱི་ཁ་བྱང་གདམ་གསེས་གཏོང་དགོས་བྱུང་། དེ་དུས་ཧིན་རེ་པཱེ་ཁུ་ལེར་གྱིས་དཀོན་པའི་ལྕགས་རིགས་ཡུའུ་ཚཱའི་ཕྱོགས་ལ་ཚོར་ལྟ་བྱས་བཞིན་མཆིས། ཤིན་ཏུ་དོན་སྙིང་ལྡན་པའི་ཚོར་ལྟ་འདིའི་ངའི་མིག་དབང་འཕྲོག་སོང་།

ཕཱེ་ཨེར་དང་ངེད་གཉིས་གསར་དུ་རྙེད་པའི་འཕྲོ་ཐིག་འདི་ལ་སྤྲོ་སྣང་ཆེན་པོ་སྐྱེས། དེ་ལས་ལྷག་པར་ངའི་དེའི་ངོ་བོར་ཞིབ་འཇུག་བྱས་རྒྱུར་ཐག་བཅད། གལ་སྲིད་འཕྲོ་ཐིག་གསར་བ་འདི་ལ་ཞིབ་འཇུག་བྱས་དགོས་ན། ཐོག་མར་དེ་ལ་ཞིབ་ཕྲ་རང་བཞིན་ཅན་གྱིས་ཚོད་འཛིན་ཚད་གྲངས་འཇལ་དགོས། དེ་བས་ངའི་གློག་འབྱས་འཕྲུལ་ཆས་གྱི་གློག་གཏོང་ཆོས་ཉིད་བེད་སྤྱད་ནས་ཚད་འཇལ་བྱས་མགོ་བརྩགས། འོན་ཀྱང་ངའི་པཱེ་ཁུ་ལེར་ལྟར་དཀྱུས་མའི་གློག་འབྱས་འཕྲུལ་ཆས་བཀོལ་སྤྱོད་བྱས་པ་མིན་པར་ཚོད་འཛིན་ཚད་གྲངས་འཇལ་ཐུབ་པའི་སྒྲིག་ཆས་ཞིག་བཙལ་ནས་ཚོད་ལྟ་བྱས་པ་ཡིན། ངའི་དང་ཐོག་ཚད་འཇལ་བྱས་ཆས་ཀྱི་སྒྲིག་ཆས་དེ་དག་གི་འདྲ་དཔེ་ད་ལྟ་ཨ་རུ་རྒྱལ་ཁབ་གྱི་ཧྥེ་གྲོང་གསོ་རིག་ཁང་དུ་ཉར་ཚགས་བྱས་འདུག

ཡུན་རིང་མ་འགོར་བར་ངས་ཚོད་ལྟའི་འབྲས་བུ་དགའ་འོས་བ་ཞིག་བླངས་བྱུང་། ཚོད་ལྟའི་འབྲས་བུ་ལྟར་ན་འཕྲོ་ཐིག་འདིའི་འོད་འཕྲོས་བ་དེ་ནི་མ་གཞི་ཡུའུ་གཞི་རྒྱུའི་ཆ་རྡུལ་གྱི་ཁྱད་ཆོས་ཞིག་ཡིན་ལ་ཡུའུ་གཞི་རྒྱུའི་དངོས་ལུགས་དང་རྫས་འགྱུར་གྱི་ངོ་བོ་ལ་འབྲེལ་བ་ཅི་ཡང་མེད། ཡུའུ་ཚཱ་གང་ཞིག་ཡིན་རུང་དེའི་ནང་དུ་ཡུའུ་གཞི་རྒྱུའི་ཆ་ཅི་ཙམ་མང་ན་ཕྱིར་འཁྱོལ་བའི་འཕྲོ་འོད་ཡང་དེ་ཙམ་དུ་ཤུགས་ཆེ།

དེ་བས་འབྲས་བུ་འདི་ལས་ངའི་ད་དུང་མུ་མཐུད་དུ་གནད་དོན་ཞིག་ཤེས་འདོད་བྱུང་། དེ་ནི་ད་དུང་ཡུའུ་ཚཱ་དང་འདྲ་བར་འཕྲོ་ཐིག་གི་འོད་གཏོང་ཐུབ་པའི་གཞི་རྒྱུ་གཞན་པ་ཨེ་ཡོད་དམ་ཞེས་བ་དེ་ཡིན། ཡུན་ཙམ་གྱི་རིང་ལ་ཚོད་ལྟ་མང་པོ་བྱས་ནས་ངའི་དུའུ་གཞི་རྒྱུ་ལའང་དེ་དང་འདྲ་བའི་ཁྱད་ཆོས་ལྡན་པ་རྟོགས་སོང་། ངས་ཡུའུ་གཞི་རྒྱུ་དང་དུའུ་གཞི་རྒྱུ་གྱི་འཕྲོ་གཏོང་གི་ཆོས་ཉིད་དེ་ལ་ཞིབ་འཇུག་བྱས་རྒྱུ་ཐག་བཅད་པའི་སྐབས་དེ་ཏག་ཏག་ལ་ཡང་བསྐྱར་ཧ་ཅང་གལ་ཆེན་རང་བཞིན་ལྡན་པའི་སྣང་ཚུལ་ཞིག་རྙེད་བྱུང་།

ངའི་སྔོན་ཆད་འཕྲོ་གཏོང་རང་བཞིན་ཆོས་ཉིད་གྱི་ཐབས་ཤེས་བེད་སྤྱད་ནས་ཚད་ངེས་ཅན་གྱི་གཏེར་རྡོ་ལ་ཞིབ་བཤེར་བྱས་མྱོང་། གལ་སྲིད་གཏེར་རྡོ་ཡིས་འཕྲོ་འོད་དེ་དང་འདྲ་བ་གཏོང་ནུས་ན་དེ་ཡི་ནང་ན་ཡུའུ་གཞི་རྒྱུ་དང་དུའུ་གཞི་ལྡན་པ་ཐག་གིས་བཅད་ཆོག གལ་སྲིད་གཏེར་རྡོ་འདི་དག་ནང་གི་འཕྲོ་གཏོང་གི་ཤུགས་ཚད་དང་གཏེར་རྡོའི་ནང་ན་ཡུའུ་གཞི་རྒྱུ་དང་དུའུ་གཞི་རྒྱུའི་ཚད་དེ་དོ་མཉམ་ན་དེ་ལ་ཡ་མཚན་རྒྱུ་ཅི་ཡང་མེད་མོད། འོན་ཀྱང་དོན་དངོས་གནད་དོན་དེ་འདྲ་ཞིག་གཏན་ནས་མ་རེད། གཏེར་རྡོ་འགའ་ཤས་ཀྱི་འཕྲོ་གཏོང་གི་ཤུགས་ཚད་ཡུའུ་དང་བསྡུར་ན་ལྡབ་གསུམ་དང་བཞི་བརྒལ། གསར་རྟོག་འདི་ལ་ངའི་ཐེངས་མང་པོར་ཚོད་ལྟ་བྱས་ནས་ཞིབ་བཤེར་ནན་མོ་བྱས་མཐར་ད་གཟོད་འདི་ནི་གདོན་མི་ཟ་བའི་ཚོད་ལྟའི་འབྲས་བུ་དང་དོན་དངོས་ཡིན་པ་ཤེས་སོང་། ངས་སྣང་ཚུལ་འདི་ལ་ནན་ཏན་གྱིས་དབྱེ་ཞིབ་བྱས་མཐར་མཇུག་མཐར་གཏེར་རྡོ་འདིའི་ནང་ན་ད་དུང་མ་ཚོར་བའི་གཞི་རྒྱུ་ཞིག་ཡོད་རྒྱུ་རེད་ཅེས་འགྲེལ་བཤད་བྱས། དེ་མ་ཟད་གཞི་རྒྱུ་དེའི་འཕྲོ་གཏོང་གི་ཚད་དེ་ཡུའུ་གཞི་རྒྱུ་དང་དུའུ་གཞི་རྒྱུ་ལས་ཤུགས་དྲག་པ་ཤེས་སོང་། ངའི་ཁྱོ་ག་ཡང་དབྱེ་ཞིབ་བྱས་སྟངས་འདི་ལ་འཐད་པ་བྱུང་བ་དང་དེ་བས་ངེད་གཉིས་ཀྱིས་མྱུར་དུ་སྒོག་གྱུར་གྱི་གཞི་རྒྱུ་འདིའི་གསང་བ་མ་ལུས་ཡོངས་སུ་ཤེས་ཐུབ་ན་བསམ་བྱུང་། གལ་སྲིད་ང་དང་ངའི་ཁྱོ་ག་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་ནས་ཞིབ་འཇུག་བྱས་རྒྱུན་ན་འབྲས་བུ་མི་དམན་པ་ཞིག་ཐོབ་ཡོང་བར་དེ་དུས་སུ་ངེད་གཉིས་པོ་ཡིན་ཆེས་བརྟན་པོ་ཞིག་སྐྱེས།

འོན་ཀྱང་ཞིབ་འཇུག་གི་གཏིང་སར་ཐོན་དུས་ངེད་གཉིས་ཀ་དངོས་ལུགས་རིག་པའི་རིག་ཚན་ནས་རྫས་འགྱུར་གྱི་རིག་ཚན་ལ་ཕྱོགས་དགོས་པ་དེ་ནི་བསམ་ཡུལ་ལས་འདས་བ་ཞིག་རེད། ཞིབ་འཇུག་གི་ལམ་བུ་གསར་བ་དེ་གདམ་གསེས་བཏང་ཟིན་པས་ངེད་གཉིས་ཚན་རིག་གི་ལམ་བུ་གསར་བ་འདི་ལ་གཏན་ནས་ཁ་བྲལ་མ་མྱོང་།

གཏེར་རྡོ་འདིའི་གྲུབ་ཆ་ལ་མི་མང་པོའི་ཞིབ་འཇུག་བྱས་མྱོང་ཡོད་པས་དང་ཐོག་ངས་གཏེར་རྡོ་འདི་དག་གི་ནང་ནས་གྲངས་ཚད་ཅུང་མང་བའི་གཞི་རྒྱུ་གསར་བ་ཡོད་པར་རེ་བ་ཆེན་པོ་བཅིངས་མེད། དང་ཐོག་ངས་གཏེར་རྡོ་འདི་དག་གི་ནང་དུ་བརྒྱ་ཆའི་གཅིག་ཙམ་གྱི་གྱུབ་ཆ་ཡང་ཡོད་རྒྱུ་མ་རེད་ཞེས་ཚོད་དཔོག་བྱས་མྱོང་མོིད། རྗེས་སུ་ངའི་ཚོད་དཔག་གི་སྡོམ་ཚིག་ལྟར་ཞིབ་འཇུག་གི་རིམ་པ་ཇེ་ཟབ་དུ་སོང་བ་དང་བསྟུན་ནས་གཏེར་རྡོ་འདི་དག་གི་ནང་ན་དོན་དངོས་སུ་གཞི་རྒྱུ་གསར་བའི་ཆ་བརྒྱ་ཆའི་གཅིག་ལས་ཀྱང་ཤིན་ཏུ་ཉུང་བ་ཞིག་མ་གཏོགས་མེད། དེ་བས་གཞི་རྒྱུ་གསར་བ་འདིའི་འཕྲོ་གཏོང་གི་ཆོས་ཉིད་ཤིན་ཏུ་དྲག ངེད་གཉིས་ཀྱི་སྒྲིག་ཆས་ཚང་མ་རྒྱུ་སྤུས་ཞན་པ་མ་ཟད་མ་དངུལ་གྱི་མི་འདང་བས་གལ་ཏེ་སྔ་མོ་ནས་གཞི་རྒྱུའི་ཚད་ཉུང་དྲག་པ་ཤེས་རྒྱུ་ན་དང་ཐོག་ནས་ཚོད་ལྟ་བྱས་རྒྱུའི་སེམས་ཐག་དྲག་པོ་གཅོད་མིན་མི་དཔོག ད་ལྟ་ཕྱི་འདང་རེ་རྒྱབ་ན་རང་གི་སྔ་མོ་ནས་འདི་འདྲ་དཀའ་བ་དེ་མ་ཚོར་བ་ནི་དོན་བཟང་ཞིག་རེད། དཀའ་ཁག་དེ་འདྲ་ཡོད་པ་མ་ཤེས་བའི་སྐྲག་འཇིགས་ཅི་ཡང་མེད་པར་དམིགས་འདུན་གྱི་ཆེད་དུ་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ནས་ཞིབ་འཇུག་གི་འབྲས་བུ་མངོན་སུམ་དུ་ཐོན་པ་ལས་སེམས་ཤུགས་ཆེན་པོ་སྐྱེས། ལོ་འགའི་རིང་གི་འབད་པ་རྒྱུད་ནས་ངེད་གཉིས་ཀྱིས་ད་གཟོད་གཞི་རྒྱུ་གསར་བ་བསྡུ་ལེན་བྱས་ཐུབ་སོིང་། དེ་ནི་ཀུན་ལ་ཆ་རྒྱུས་ཡོད་པའི་ལུའུ་གཞི་རྒྱུ་རེད།

དང་ཐོག་ཞིབ་འཇུག་བྱས་སྐབས་ངེད་གཉིས་ཀྱིས་གཞི་རྒྱུ་དེར་འཕྲོ་གཏོང་གི་ཆོས་ཉིད་ཤིན་ཏུ་དྲག་པ་མ་གཏོགས་གཞན་པའི་ཁྱད་ཆོས་དང་ངོ་བོ་གང་ཐད་ནས་ཀྱང་རྒྱུས་ལོན་ཅི་ཡང་མེད། དེ་བས་ཞིབ་འཇུག་དང་བསྡུ་ལེན་བྱས་སྐབས་ཆོས་ཉིད་འདི་རྐྱང་རྐྱང་ལ་དམ་པོར་གཞི་བཟུང་པ་ཡིན། ཐོག་མར་ངེད་གཉིས་ཀྱིས་ཧྲིན་ཨཱ་ཤེ་མུའུ་སུ་ཐར་ས་ཆ་ནས་ཡུའུ་གཞི་རྒྱུའི་སྣུམ་སྙིགས་ཀྱི་གཏེར་ཁ་དངོས་དཔྱད་ཁང་དུ་སྐྱེས་འདྲེན་བྱས་ནས་དེ་ལ་དབྱེ་ཞིབ་ཞིབ་འཇུག་བྱས། རྒྱུན་མཐོང་གི་ཚོད་ལྟ་བྱས་ཐབས་མ་གཏོགས་ངེད་གཉིས་ཀྱིས་ད་དུང་ཞིབ་ཕྲ་ཅན་གྱི་གློག་ཤུགས་རྩིས་ཆས་གསར་གཏོད་བྱས་ནས་ཞིབ་ཚགས་ལྡན་པའི་སྒོ་ནས་གཞི་རྒྱུ་འདིའི་གྲུབ་ཆ་སོ་སོའི་འཕྲོ་གཏོང་གི་ཆོས་ཉིད་ལ་ཚད་འཇལ་བྱས། ཐབས་ཤེས་འདི་རྗེས་སུ་རྫས་འགྱུར་ཚོད་ལྟའི་དབྱེ་ཞིབ་ཐབས་ལམ་གྱི་རྨང་གཞི་རུ་གྱུར། ང་ཚོས་ཞིབ་འཇུག་གི་རྗེས་སུ་མི་མང་པོ་ཞིག་གི་ཐབས་ལམ་འདི་ལ་བེད་སྤྱོད་བཏང་བ་དང་ལེགས་རྒྱས་སུ་བཏང་། མི་མང་པོའི་བེད་སྤྱོད་བཏང་མཐར་དུ་དུང་འཕྲོ་གཏོང་ཅན་གྱི་གཞི་རྒྱུ་གཞན་པ་འགའ་ཤེས་རྟོག་བྱུང་སོང་།

ད་དུང་ཐག་མི་ཆོད་པའི་གཞི་རྒྱུ་དེ་ཆོས་ཉིད་ངེས་ཅན་ཞིག་ལ་བསྟུན་ནས་འཕྲོ་གཏོང་གི་ཆོས་ཉིད་དང་ཚད་གྲངས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས་ཞིབ་འཇུག་བྱས་ནས་གཟའ་འཁོར་འགའ་འགོར་རྗེས་ངེད་གཉིས་ཀྱི་སྔོན་དཔག་དེར་བདེན་པའི་ཆ་ཡོད་པ་ཡིད་ཆེས་བརྟན་པོ་སྐྱེས། ཡང་ཟླ་འགའ་འགོར་རྗེས་ངེད་གཉིས་ཀྱིས་པུའུ་གཞི་རྒྱ་དང་འྡརེས་ཡོད་པའི་གཞི་རྒྱུ་གསར་བ་དེ་གཏེར་རྡོ་ནང་ནས་བསྡུ་ལེན་བྱས་ཐུབ་སོང་། དེ་ཡི་འཕྲོ་གཏོང་གི་ཆོས་ཉིད་དང་གྲངས་ཚད་ཡུའུ་གཞི་རྒྱུ་ལས་ལྡབ་འགའི་མཐོ་ལ་ངེས་ཅན་གྱི་རྫས་འགྱུར་ངོ་བོ་དང་ཁྱད་ཆོས་ལྡན། ༡༨༩༨ལོའི་ཟླ་བདུན་པར་ངེད་གཉིས་ཀྱིས་ཕྱི་རོལ་དུ་གཞི་རྒྱུ་གསར་བ་འདི་བསྡུ་ལེན་བྱས་ཐུབ་སོང་བའི་གནས་ཚུལ་བསྒྲགས་པ་ཡིན། དེ་མ་ཟད་གཞི་རྒྱུ་གསར་བ་དེ་ལ་པཱུའུ་གཞི་རྒྱུ་ཞེས་མིང་བཏགས། མིང་དེ་འདོགས་དོན་ནི་ངའི་མེས་རྒྱལ་པཱོ་ལན་ལ་རྗེས་དྲན་བྱས་ཆེད་ཡིན།

པུའུ་གཞི་རྒྱུ་རྙེད་སོང་བའི་རྗེས་ནས་ངེང་གཉིས་ཀྱིས་ཡུའུ་གཞི་རྒྱུའི་སྣུམ་སྙིགས་ནས་བསྡུ་ལེན་བྱས་པའི་པཱ་གཞི་རྒྱུའི་ཚཱའི་ནང་དུའང་ད་དུང་གཞི་རྒྱུ་གསར་བ་ཞིག་ཡོད་པ་ཚོར་བྱུང་། ཡང་ཟླ་འགར་བློ་རིག་སྒྲིམ་ནས་ཚོད་ལྟའི་ལས་ཀ་གཉེར་ནས་ངེད་གཉིས་ཀྱིས་མཐར་གཞི་རྒྱུ་གསར་བ་བསྡུ་ལེན་བྱས་ཐུབ་སོང་། དེ་མ་ཟད་གཞི་རྒྱུ་གསར་བ་དེ་སྔོན་མའི་གཞི་རྒྱུ་དང་བསྡུར་ན་དེ་ལས་ཀྱང་གལ་ཆེ་བ་ཤེས་སོང་། ༡༨༩༨ལོའི་ཟླ་བཅུ་གཉིས་པར་ངེད་གཉིས་ཀྱིས་གནས་ཚུལ་དེ་བསྒྲགས་པ་ཡིན་ལ་དེ་མ་ཟད་གཞི་རྒྱུ་གསར་བ་དེ་ལ་ལཱེ་གཞི་རྒྱུ་ཞེས་མིང་བཏགས་པ་ཡིན།

ངེད་གཉིས་ཀྱིས་གཞི་རྒྱུ་གསར་བ་འདི་གཉིས་རྙེད་བྱུང་བ་ཁག་ཐག་བྱས་ཐུབ་སོང་ན་འང་དངོས་ཡོད་ཀྱི་བྱ་བ་མང་པོ་ཞིག་ད་དུང་སྒྲུབ་དགོས་འདུག དེའི་རྒྱུ་མཚན་ནི་ངེད་གཉིས་ཀྱིས་གཞི་རྒྱུ་དེ་ཡི་འཕྲོ་གཏོང་རང་བཞིན་ལ་བརྟེན་ནས་པཱེ་གཞི་རྒྱུ་ཚཱ་དང་པཱ་གཞི་རྒྱུའི་ཚཱའི་ནང་ནས་གཞི་རྒྱུ་གསར་བ་ཤིན་ཏུ་ཉུང་ཉུང་ཞིག་མ་གཏོགས་གསར་རྙེད་བྱུང་མེད། ད་ལྟ་ངེད་གཉིས་ཀྱིས་གཞི་རྒྱུ་རྐྱང་བའི་རྣམ་པ་ཅན་བསྡུ་ཞེན་བྱེད་དགོས་བྱུང་སོང་། དེ་བས་ཆུ་ཚོད་ཉག་མ་ཙམ་ཡང་འཕྲོ་བརླག་མ་བཏང་བར་ངེད་གཉིས་བྱ་བའི་སྟེང་དུ་ཞུགས།

འོན་ཀྱང་། ང་ཚོའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་པ་དང་ད་དུང་གཏེར་རྡོ་མང་པོ་ཚོད་ལྟ་བྱས་ས་འདི་རུ་སྐྱེལ་དགོས་པས་ཚོད་ལྟའི་ལས་འདི་སླ་མོ་ཞིག་གཏན་ནས་མ་ཡིན། ངེད་གཉིས་ལ་གཏེར་རྡོ་ཉོ་བྱས་ཀྱི་མ་དངུལ་མེད་པ་མ་ཟད། དངོས་དཔྱད་ཁང་འོས་ཅན་ཞིག་ཡང་མེད་པས་དབྱེ་ཞིབ་ཚོད་ལྟ་བྱེད་དཀའ་བ་ཡིན། ད་དུང་ལས་རོགས་ཀྱང་མེད་ཁད་ངེད་གཉིས་ཀྱི་ལག་པ་སྟོང་བའི་ནང་ནས་ལས་གཞི་ཞིག་མགོ་བརྩམས་རྒྱུ་ནི་ཧ་ཅང་ཁག་པོ་རེད། གལ་སྲིད་ངའི་ལྕམ་ཟླའི་བཤད་པ་ཇི་བཞིན་ང་རང་གྲོང་ཁྱེར་ཕཱ་རེ་ནས་སློབ་གཉེར་བྱས་པའི་སྐབས་དེ་ནི་ང་རང་གཅིག་པུའི་མི་ཚེ་ཁྲོད་ཀྱི་ཆེས་སྙིང་སྟོབས་ལྡན་པའི་དུས་ཞིག་ཡིན་ལ། ང་དང་ཕཱེ་ཨར་གཉིས་མཉམ་དུ་ཞིབ་འཇུག་གི་བྱ་བར་བརྩོན་པའི་དུས་དེ་ནི་ངེད་གཉིས་མཉམ་དུ་འཚོ་བ་རོལ་བའི་སྐབས་ཀྱི་ཆེས་སྙིང་སྟོབས་ལྡན་པ་དང་ཆེས་རླབས་ཆེ་པའི་དུས་སྐབས་ཤིག་ཡིན་ཞེས་བརྗོད་ཆོག

ཧྲིན་ཨ་མཱུ་ཤེ་སེ་ཐར་ཡུའུ་གཞི་རྒྱུ་བསྡུ་ལེན་བཟོ་གྲྭའི་ཡུའུ་གཞི་རྒྱུའི་གཏེར་ཁ་ནས་ཐོན་པའི་སྙིགས་རོའི་ནང་དུ་ལེ་གཞི་རྒྱུའི་གྲུབ་རྐྱེན་ཡོད་པ་དེ་སྔོན་མའི་ཚོད་ལྟ་གང་མང་གི་ཁྲོད་ནས་ངེད་གཉིས་ཀྱིས་ཤེས། བཟོ་གྲྭ་དེ་ཨོ་ཊི་ལེ་རྒྱལ་ཁབ་གྱི་མངའ་ཁོངས་སུ་ཆགས་ཡོད་ལ་ང་ཚོས་ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་གིས་འགྲོ་སོང་ཅི་ཡང་མི་དགོས་པར་སྙིགས་རོ་འདི་དག་ངེད་གཉིས་ཀྱི་དངོས་དཔྱད་ཁང་དུ་སྐྱེལ་འདྲེན་བྱས་དགོས། སྙིགས་རོ་འདི་དག་ལ་རིན་གོང་ཅི་ཡང་མི་དགོས་ན་འང་ཅི་ལྟར་ས་ཐག་རིང་པོར་སྐྱེལ་ཡོང་རྒྱུ་ནི་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་པ་ཞིག་རེད། ཕྱོགས་མང་པོའི་ཐབས་བཀོད་འཐེན་ནས་ད་གཟོད་ང་ཚོས་བདེ་ལེགས་ངང་ཤུག་ཚེར་དང་འདྲེས་ཡོད་པའི་མདོག་སྐྱ་བོ་ཅན་གྱི་སྙིགས་རོ་འདི་དག་ཁུག་མའི་ནང་དུ་བཅུག་ནས་ངེད་གཉིས་ཀྱི་དངོས་དཔྱད་ཁང་གི་སྒོ་ཁར་སྐྱེལ་ཐུབ་སོང་། སྙིགས་རོ་དེ་དག་ངའི་སྒོ་འགྲམ་དུ་སྐྱེལ་ཡོང་དུས་ང་རང་དགའ་ནས་གནམ་ལ་འཕུར་ལད་ཁད་བྱས། རྗེས་སུ་ངེད་གཉིས་ཀྱིས་སྙིགས་རོ་འདི་དག་གི་ནང་དུ་བཟོ་གྲྭའི་ཐོན་རྗས་ལས་ཀྱང་ཤུགས་ཚད་མཐོ་བའི་འཕྲོ་གཏོང་ནུས་ཚད་ཡོད་པ་ཤེས་རྗེས་རང་དབང་མེད་པར་ཧ་ལས་ཤིང་ཧང་སངས། སྙིགས་རོ་འདི་དག་ལ་ཐག་གཅོད་ཅི་ཡང་བྱས་མེད་པར་བཟོ་གྲྭའི་འགྲམ་གྱི་ཤུག་སྡོང་གི་ཁེངས་པའི་ནགས་ཚལ་ཞིག་ཏུ་སྤུངས་ཡོད་ནའང་ངེད་གཉིས་ལ་ཕན་ཆེན་པོ་ཐོགས་བྱུང་། དེའི་རྗེས་སུ་ཝེ་ཡར་ནཱ་ཚན་རིག་གླིང་གི་དགོངས་པ་ལྟར་ཨོ་ཊི་ལེ་རྒྱལ་ཁབ་གྱི་སྲིད་གཞུང་གིས་ངེད་གཉིས་ལ་རིན་གོང་ཧ་ཅང་དམའ་མོའི་སྒོ་ནས་སྙིགས་རོ་འདི་དག་ཉོས་ཆོག་པའི་ཆོག་མཆན་གནང་། ངེད་གཉིས་ཀྱི་སྙིགས་རོ་འདི་དག་ལ་བརྟེན་ནས་ཚོད་ལྟ་དང་ལག་ལེན་གང་མང་བརྒྱུད་ནས་དངོས་དཔྱད་ཁང་ནས་ལེ་གཞི་རྒྱུ་བསྡུ་ལེན་བྱས་ཐུབ་སོང་། དེའི་རྗེས་སུ་ཨ་རི་རྒྱལ་ཁབ་བུད་མེད་སྙན་ཚོགས་ཀྱིས་ང་ལ་གནང་བའི་ལེ་གཞི་རྒྱུ་དེ་ནི་ད་གཟོད་གཏེར་ཁ་གཞན་པ་ནས་བསྡུ་ལེན་བྱས་པ་རེད།

ཕཱེ་ཨར་གྱི་སློབ་ཆེན་དུ་ངེད་གཉིས་ལ་འོས་འཚམས་ཀྱི་དངོས་དཔྱད་ཁང་ཞིག་བཀོད་སྒྲིག་མ་བྱས། སྟབས་ལེགས་པ་ཞིག་ལ་སློབ་གཙོས་ངེད་གཉིས་ལ་སྔོན་ཆད་སྐྱེས་དངོས་གཤགས་དཔྱད་ཀྱི་ཆེད་དུ་བཀོལ་མྱོང་བའི་སློབ་ཁང་སྟོང་བའི་ཟུར་ཞིག་གི་ཤིང་ཁང་ཞིག་ངེད་གཉིས་ལ་བེད་སྤྱོད་བྱས་ཆོག་པའི་ཆོག་མཆན་གནང་། ཁང་པ་དེའི་ཐོག་ན་ཤེལ་གྱི་སྒེའུ་ཁུང་ཆེན་པོ་ཞིག་བཙུགས་ཡོད་ལ་དེ་ལ་གས་སྲུབས་མང་པོ་ཤོར་འདུག ཤིང་ཁང་དེའི་ནང་དུ་དབྱར་ཁ་ཚ་སྡུག་གིས་མི་གཟོད་ཅིང་དགུན་ཁ་འཁྱག་པའི་མི་གཟོད། དེའི་ནང་ལ་ལྩགས་ཐབ་བཙུགས་ནས་དྲོ་བླངས་ན་ཆོག་མོད་འོན་ཀྱང་དེ་ལ་འང་དྲོ་སྐྱིད་ཉུང་ངུ་ཙམ་ལས་མ་མཆིས། དེ་མ་ཟད་ངེད་གཉིས་ཀྱི་རང་གི་འགྲོ་སོང་བཏང་ནས་སྒྲིག་ཆས་སོགས་ཉོ་དགོས། ཤིང་ཁང་དེའི་ནང་ལ་རྙིང་མདོག་ཤར་ཡོད་པའི་ཤིང་གི་ཅོག་ཙེ་ཞིག་དང་སྒྲོན་སྟེགས་འགའ། ད་དུང་སྣུམ་སྒྲོན་ཞིག་མ་གཏོགས་ཅི་ཡང་མེད། དུས་རྒྱུན་དུ་ཚོད་ལྟ་བྱས་སྐབས་ཤིང་ཁང་ནང་དུ་དུག་རྫས་ཀྱི་དྲི་མའི་ཁེངས་པའི་དབུགས་སྣ་ཚོགས་འཐུལ་ཀྱིན་འདུག ཆ་རྐྱེན་འདི་འདྲའི་ཐབས་སྡུག་ཡིན་ན་ཡང་ངེད་གཉིས་ཀྱི་གོམ་ཁ་མ་ལྷོད་པར་ཚོད་ལྟའི་བྱ་བའི་ཐོག་ལ་ཤུགས་རྒྱབ་ནས་འབྲས་བུ་ཐོབ་རགས་བར་དུ་འབད་བརྩོན་བྱས་པ་ཡིན།

འོན་ཀྱང་ངེད་གཉིས་ཀྱིས་དུས་རྒྱུན་དུ་ཆ་རྐྱེན་ཧ་ཅང་ཞན་པའི་དངོས་དཔྱད་ཁང་འདི་ནས་རོལ་མྱོང་བའི་འཚོ་བ་ནི་ངེད་གཉིས་ཀྱི་མི་ཚེ་ཁྲོད་དུ་ཆེས་བདེ་སྐྱིད་ཀྱི་ཁེངས་པའི་འཚོ་བ་ཡིན་པར་འདོད། ཚོད་ལྟའི་གལ་ཆེན་གྱི་གོ་རིམ་མི་ཆད་པར་དམིགས་ནས་ངས་དུས་རྒྱུན་དུ་ཤིང་ཁང་དེའི་ནང་ནས་ཟ་མ་སྟབས་བདེ་འགའ་རེ་བཟོས་ནས་ངེད་གཉིས་ཀྱི་དགུང་ཚིགས་བྱས་པ་ཡིན། མཚམས་ལན་རེར་ངས་རང་གི་ལུས་ཀྱི་ལྗིད་ཚད་དང་དོ་མཉམ་པའི་ལྕགས་ཀྱི་དབྱུག་པ་བཟུང་ནས་ལྷོག་ལྷོག་ཏུ་འཁོལ་ཚད་ཧ་ཅང་མཐོ་བའི་སྣུམ་སྙིགས་དེ་དག་དཀྲུག་དགོས་བྱུང་། ས་སྲོས་ཀྱི་མཚམས་སུ་སླེབས་ནས་ལས་ཀ་ཐམས་ཅད་ཡོངས་སུ་རྫོགས་རྗེས་ང་ཐང་ཆད་ནས་མི་གཞན་པར་སྐད་ཆ་ཡང་བཤད་འདོད་མེད་པར་བཏང། ད་དུང་མཚམས་ལན་རེར་ངས་ཧ་ཅང་ཞིབ་ཕྲ་ལྡན་པའི་སྙིང་བཅུད་ལེན་པ་དང་ཁ་བྲལ་བསྡུ་ལེན་སོགས་ཀྱི་བྱ་རིམ་སྒྲུབ་དགོས། དེ་དུས་སུ་ང་རང་ཤིང་ཁང་ནས་ན་གང་སར་ཁྱབ་པའི་ས་རྡུལ་གྱིས་ལེ་གཞི་རྒྱུ་བསྡུ་ལེན་བྱས་སྐབས་བར་ཆད་བཟོས་འགྲོ་བར་དོགས་ནས་སེམས་ཕྲལ་ཚད་མེད་བྱས་དགོས་བྱུང་། དགའ་འོས་པ་ཞིག་ནི་ངེད་གཉིས་ལ་བར་ཆད་བྱས་མཁན་ཅི་ཡང་མེད་པར་ལྷིང་འཇགས་ངང་ཚོད་ལྟའི་བྱ་བ་ལ་ཞུགས་ཆོག ཚོད་ལྟ་བྱས་ནས་ལེགས་གྲུབ་བྱུང་བ་དང་གྲུབ་འབྲས་ཐོབ་བྱུང་ན་ངེད་གཉིས་ཧ་ཅང་དགའ་བ་དང་གལ་སྲིད་ཚོད་ལྟ་བྱས་ནས་ཡུན་རིང་དུ་ལེགས་གྲུབ་མ་བྱུང་བ་དང་ཡང་ན་གྲུབ་འབྲས་ཅི་ཡང་མ་བྱུང་ན་དེ་དུས་ངེད་གཉིས་ཀྱི་ཐུགས་ཤིན་ཏུ་མི་སྤྲོ་པར་ཡིད་ཐང་ཆད་པར་བྱས། འོན་ཀྱང་དགའ་རུང་སྐྱོ་རུང་དུས་ཡུན་རིང་པོར་ང་ཚོས་སེམས་སྟེང་ནས་མི་གནས་པར་མི་འགྱངས་པར་ཡང་ཐབས་བཀོད་གཞན་པ་དང་ལས་ཀར་གཞན་པར་ཞུགས་དགོས། ལས་ཀ་མཚམས་སུ་ངེད་གཉིས་ཀ་ཤིང་ཁང་ནས་ཕར་འགྲོ་ཚུར་འོང་བྱས་ནས་ཚོད་ལྟའི་རྣམ་གྲངས་ལ་ཕྱིར་འདང་རྒྱབ།

ད་དུང་ངེད་གཉིས་ལ་དགའ་སྤྲོ་སྐྱེས་སུ་འཇུག་ཐུབ་པའི་བྱ་བ་ཞིག་ཡོད་དེ། མཚན་མོའི་དུས་སུ་ཤིང་ཁང་ཆུང་ཆུང་དེའི་ནང་དུ་ངེད་གཉིས་ཀྱི་བསྡུ་ལེན་བྱས་ཡོད་པའི་གཞི་རྒྱུ་དེའི་སྟེང་ན་འོད་ཟེར་རབ་ཏུ་མཛེས་ཞིང་ལྟ་ན་སྡུག་པ་ཞིག་འཕྲོས་བཞིན་ཡོད། འོད་ཟེར་དེ་དག་ཤེལ་གྱི་སྣོད་ནང་དུ་བཅུག་ཡོད་པ་དེའི་ཕྱོགས་བཞི་རུ་འོད་ཟེར་ཁྱབ་དུས། ངེད་བཟའ་བ་གཉིས་ཀ་ཤིན་ཏུ་ཧ་ལས་ཤིང་ཡིད་སེམས་རབ་ཏུ་དགའ། འོད་སྣང་གི་ཁེངས་པའི་ནོར་བུ་དེ་ཚོ་ནི་ལྷ་སྒྲུང་དུ་བརྗོད་པའི་ལྷའི་སྒྲོན་མེ་དང་གཞི་ནས་མཚུངས།

ཟླ་འགའི་ནང་དུ་ཡུན་ཐུང་གི་གནང་བའི་དུས་ཚོད་མ་གཏོགས་ངེད་གཉིས་ཀྱིས་ཚོད་ལྟ་མཚམས་བཅད་མ་མྱོང་། ཞིབ་འཇུག་གི་འབྲས་བུས་རིམ་བཞིན་དུ་ང་དང་ངའི་ཁྱོ་གས་སྔོན་དཔོག་གི་སྡོམ་ཚིག་དེར་མངོན་པར་བསྟན། དེ་བས་ངེད་གཉིས་ལ་ཡིད་ཆེས་ཆེན་པོ་སྐྱེས་པ་དང་ཆོད་སེམས་ཇེ་བརྟན་དུ་སོང་། དེ་དུས་ངེད་གཉིས་ཀྱི་ཞིབ་འཇུག་གི་གནས་ཚུལ་དང་གནས་བབ་མི་མང་པོ་ཞིག་གི་དོ་སྣང་བྱས་སོང་། དེ་ནི་དགའ་འོས་པའི་དོན་དག་ཅིག་རེད། དེ་བས་ངེད་གཉིས་ཀྱིས་ཕྱོགས་སོ་སོ་ནས་སྣུམ་སྙིགས་ཉོ་ཐུབ་པར་མ་ཟད། ངེད་གཉིས་ཀྱི་བཟོ་གྲྭ་ནས་ཐད་ཀར་བསྡུ་ལེན་གྱི་བྱ་རིམ་ཐོག་མ་དེ་སྒྲུབ་ཆོག་པ་དང་དེ་ཡིས་ངེད་གཉིས་ཀྱི་ཆུ་ཚོད་མང་པོ་གྲོན་ཆུང་བྱས་ཐུབ་སོང་ལ། ངེད་གཉིས་ཀྱི་ཆུ་ཚོད་དེ་དག་བེད་སྤྱད་ནས་སྔོན་མ་ལས་ཀྱང་ཞིབ་ཕྲ་ཅན་གྱིས་གཞི་རྒྱུ་བསྡུ་ལེན་གྱི་བྱ་བར་བརྩོན་ཆོག

རིམ་པ་ངེས་ཅན་ཞིག་ལ་ཐོན་དུས། ང་དང་ངའི་ཁྱོ་ག་གཉིས་ལ་བྱ་གཞི་མི་གཅིག་པ་དེ་ལ་བརྩོན་དགོས་བྱུང་། ངའི་བློ་གཅིག་སེམས་གཅིག་གིས་མུ་མཐུད་དུ་རབ་གཙང་ལེ་གཞི་རྒྱུ་བསྡུ་ལེན་གྱི་ལས་ལ་བརྩོན་པ་ཡིན་ལ། ཕཱེ་ཨར་གྱིས་རང་གི་དངོས་ལུགས་རིག་པའི་ཤེས་ཡོན་བཀོལ་ནས་གཞི་རྒྱུ་གསར་བ་འདིའི་འཕྲོ་གཏོང་བྱས་པའི་འཕྲོ་ཐིག་གི་དངོས་ལུགས་ངོ་བོ་དང་ཁྱད་ཆོས་བཅས་ལ་ཞིབ་འཇུག་བྱས། ངེད་གཉིས་ཀྱིས་ཏུན་གཅིག་གི་ཡུའུ་གཞི་རྒྱུའི་སྣུམ་སྙིགས་གཏེར་སྙིགས་དེ་དག་ལ་ཐག་གཅོད་བྱས་ཚད་དུས་སྡོམ་ཚིག་ཅིག་བྱུང་ཡོད་དེ། ཏུན་གཅིག་གི་ལེ་གཞི་རྒྱུའི་ཚད་ཆེས་མང་པའི་གཏེར་ཁ་ཡིན་ནའང་ལེ་གཞི་རྒྱུའི་ཐོན་ཚད་དང་གནས་ཚད་སྐར་ཁེ་འགའ་རེ་མ་གཏོགས་མེད་པ་རེད།

༡༩༠༢ལོར། ངེད་གཉིས་ཀྱིས་རབ་གཙང་ལུའུ་དབུགས་འགྱུར་ལེ་གཞི་རྒྱུ་སྐར་ཁེ་གཅིག་བསྡུ་ལེན་བྱེད་སོང་། ལུའུ་དབུགས་འགྱུར་ལེ་གཞི་རྒྱུ་འདིའི་གཞི་རྒྱུ་གསར་བ་འདིའི་ངོ་བོ་ཆ་ཚང་མངོན་ཐུབ་སོང་བ་དང་དེ་མ་ཟད་གཞི་རྒྱུ་གསར་བའི་གཞི་རྒྱུ་གཞན་དང་མི་མཐུན་པའི་འོད་རིམ་ཁྱད་པར་ཅན་མངོན་སོང་། ངེད་གཉིས་ཀྱི་དེ་ཡིས་ཆ་རྡུལ་གྱི་ཚད་ད་དུང་འཇལ་ཐུབ་མེད། འོན་ཀྱང་དེ་ཡི་ཚད་གྲངས་དེ་པེ་གཞི་རྒྱུ་དང་བསྡུར་ན་ལྡབ་འགའི་ཆེ་བར་སྣང་། དེ་བས་ངེད་གཉིས་ཀྱི་ལེ་གཞི་རྒྱུ་ནི་གསར་དུ་རྙེད་པའི་གཞི་རྒྱུ་བྱེ་བྲག་ཅིག་ཡིན་པ་ཐག་གིས་གཅོད་ཐུབ་སོང་། ལས་གཞི་དེ་མགོ་མཇུག་བར་གསུམ་དུ་ལོ་བཞིའི་རིང་ལ་སྒྲུབ་པ་ཡིན་མོད། གལ་སྲིད་མ་དངུལ་གྱིས་མཁོ་སྤྲོད་ཀྱི་ཚད་འདང་བ་དང་སྒྲིག་ཆས་སོགས་ཀྱི་རྣམ་གྲངས་ཆ་ཚང་མ་ལུས་པར་ཡོད་རྒྱུ་ན་ངེད་གཉིས་ཀྱིས་ཕལ་ཆེར་ལོ་གཅིག་ཙམ་གྱིས་ཡོངས་སུ་རྫོགས་ཐུབ། ངེད་གཉིས་ཀྱིས་གཉིད་ཆགས་ཟས་བརྗེད་ཀྱིས་འབད་པ་བྱས་མཐར་འཕྲོ་གཏོང་རང་བཞིན་ཅན་གྱི་དངོས་ལུགས་སམ་རྫས་རིག་པའི་བསླབ་ཚན་གསར་བ་འདིའི་རྨང་གཞི་བཏང་བ་དང་སྲོལ་འབྱས་ཐུབ་སོང་།

ལོ་འགའི་རྗེས་སུ། ངས་སྐར་ཁེ་འགའི་ངེས་བསྟན་གྱི་རབ་གཙང་ལེ་གཞི་རྒྱུའི་ཚཱ་དེ་བེད་སྤྱད་ནས་སྔོན་ལས་ལྷག་པར་གཞི་རྒྱུ་གསར་བའི་ཆ་རྡུལ་གྱི་ཚད་དེ་འཇལ་ཐུབ་སོང་བ་དང་དེ་ལས་ལྷག་པར་ལེ་གཞི་རྒྱུའི་རྫས་རྐྱང་བ་དེ་བསྡུ་ལེན་བྱས་ཐུབ་སོང་། འོན་ཀྱང་དེ་འདྲ་ཡིན་རུང་ལེ་གཞི་རྒྱུ་གསར་རྙེད་བྱུང་བའི་ལོ་ཟླ་ནི་སྔར་བཞིན་༡༩༠༢ལོ་ཡིན།

ལོ་འདི་དག་གི་རིང་ལ། ངེད་བཟའ་ཟླ་གཉིས་ཀྱིས་སེསས་ཤུགས་ཡོད་ཚད་ཞིབ་འཇུག་གི་བྱ་བའི་སྟེང་དུ་བཞག་ཐད། ངེད་བཟའ་ཟླ་གཉིས་ཀྱི་སྤྱི་ཚོགས་གོ་གནས་ཡང་ངང་ངམ་ངམ་ཤུགས་གྱིས་འཕར་སོང་། ༡༩༠༠ལོར་ཇཱེ་ནེ་ཝ་སློབ་ཆེན་གྱིས་ངའི་ཁྱོ་གར་སློབ་དཔོན་ཆེན་མོའི་གདན་ཞུ་ཕུལ། དེ་སྐབས་དེ་ཏག་ཏག་ལ་ད་དུང་ཕཱ་རེ་སློབ་ཆེན་ནས་སློབ་དཔོན་གཞོན་པའི་གདན་ཞུ་ཞུས། ང་ཀྱང་བུད་མེད་མཐོ་རིམ་དགེ་ཐོན་སློབ་གླིང་ཞིག་གི་སློབ་དཔོན་ཆེན་མོའི་འགན་བཞེས། སློབ་གྲྭ་དེ་གྲོང་ཁྱེར་སཱ་ཝེ་ཨེར་ན་ཆགས་ཡོད་སྟབས། ངའི་བཟའ་ཟླ་གཉིས་ཀྱི་གྲོང་ཁྱེར་ཕཱ་རེ་དང་ཐག་ཉེ་བའི་སློབ་ཆེན་དེ་གཉིས་བདམས་ནས་སློབ་དཔོན་ཆེན་མོའི་འགན་བཞེས།

བུད་མེད་མཐོ་རིམ་དགེ་ཐོན་སློབ་ཆེན་དེ་ནས་ང་རང་སེམས་སྐྱིད་པོ་ངང་ལས་གནས་སུ་ཞུགས་པ་དང་། ངས་དུས་རྒྱུན་དུ་སློབ་མ་ཚོར་རང་གི་ལག་ལེན་བྱས་དགོས་པའི་རེ་བ་ནན་མོ་བཏོན་པ་ཡིན། དངོས་དཔྱད་བྱེད་པ་བརྒྱུད་ནས་ཁོ་མོ་ཚོས་ལག་པ་འགུལ་ནས་དངོས་སྤྱོད་བྱེད་པའི་ནུས་པ་སྐྱེས་བསྲིང་བྱ་ཐུབ།བུ་མོ་དེ་ཚོ་ཕལ་ཆེར་ལོ་ཉི་ཤུའི་ཡས་མས་ཡིན་ལ་རྒྱུགས་ཚད་ནན་མོ་འཕྲོད་ནས་ད་གཟོད་སློབ་གྲྭ་འདི་ལ་ཞུགས་པ་ཡིན། སློབ་གྲྭར་ཞུགས་ན་ནམརྒྱུན་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱས་ན་ད་དཟོད་སློབ་འབྲིང་སོ་སོའི་དགེ་རྒན་བྱས་ཐུབ། སློབ་གྲྭའདིའི་ནང་གི་སློབ་མ་ཧྲིལ་བོ་སློབ་སྦྱོང་ལ་ཧ་ཅང་འབད་པ་བྱེད་པས། དགེ་རྒན་ཡིན་པའི་ཆ་ནས་ངེས་པར་དུ་ཁོ་མོ་ཚོར་རང་ནུས་ཅི་ཡོད་ཀྱིས་ཁྲིད་དགོས་བསམ།

འོན་ཀྱང་། གཞི་རྒྱུ་གསར་བ་དེ་རྙེད་པ་ནས་བཟུང་ངེད་གཉིས་ཀྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་ནས་དངོས་དཔྱད་ཁང་གི་ལྷིང་འཇགས་ཀྱི་འཚོ་བ་ལ་འདུ་འཛི་དང་རྙོག་དྲ་མང་པོ་བཟོས་སོང་། དེ་བས་ཞིབ་འཇུག་གི་བྱ་བ་ལ་བར་ཆད་ཆེན་པོ་བྱུང་།

༡༩༠༣ལོར། ངས་ངའི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་བྲིས་ཚར་ནས་བདེ་ལེགས་ངང་འབུམ་རམས་པའི་སློབ་གནས་ཐོབ། ལོ་མཇུག་ཏུ་པཱེ་ཁུ་ལེར་དང་ཕཱེ་ཨར་ངེད་གསུམ་པོ་ལ་དངོས་རྫས་ཀྱི་འཕྲོ་གཏོང་རང་བཞིན་དང་འཕྲོ་གཏོང་ཅན་གྱི་གཞི་རྒྱུ་གསར་བ་དེ་གསར་རྙེད་བྱུང་བའི་ནོ་པཱེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ། གནས་ཚུལ་འདིའི་རྗེས་སུ་ང་ཚོས་གྲུབ་འབྲས་དེ་དུས་དེབ་དང་ཚགས་པར་སྟེང་དུ་འགྲེམས་སྤེལ་བྱས་ནས་ཀུན་གྱི་གཟེངས་བསྟོད་བྱས་སའི་ཡུལ་དུ་གྱུར། དུས་ཡུན་རིང་པོ་ཞིག་ལ་ངེད་གཉིས་ཀྱིས་བག་ཕེབས་ཀྱི་ངང་ནས་ཞིབ་འཇུག་གི་བྱ་བ་གཉེར་མ་ཐུབ། རྒྱུན་དུ་ཉི་མ་རེ་རེར་མགྲོན་པོ་རྒྱུན་མི་ཆད་པར་སླེབས་པ་ཡིན་ལ་ལ་ལས་ངེད་གཉིས་ལ་སློབ་ཆེན་ག་གེ་མོ་ཞིག་ལ་གཏམ་བཤད་བྱས་པར་གདན་འདྲེན་ཞུ་བ་དང་། ལ་ལས་ངེད་གཉིས་ལ་དུས་དེབ་དང་ཚགས་པར་སྟེང་དུ་འགོད་བྱས་ཀྱི་རྩོམ་རེ་སློང་མོ་བྱས་པ་ཡིན།

ནོ་པཱེར་བྱ་དགའ་ཐོབ་པ་དེ་ནི་ཧ་ཅང་ངོ་སོ་ཆེ་བའི་སྙན་གྲགས་ཅན་གྱི་བྱ་བ་ཞིག་ཡིན་སྟབས་དེ་མ་དངུལ་ཡང་ཚན་རིག་སྐོར་གྱི་བྱ་དགའ་གཞན་དང་བསྡུར་ན་ཧ་ཅང་མང་བའི་རྗེས་མཐུད་ཞིབ་འཇུག་གི་མ་དངུལ་གྱི་ཕྱོགས་ལ་ཕན་པ་ཆེན་པོ་ལྡན། ཡིད་ཕངས་པ་ཞིག་ལ་སྐབས་དེ་ངེད་གཞིས་ཀ་ཐང་ཆད་ནས་དུས་རྒྱུན་དུ་ཕན་ཚུན་ལ་ལྟ་སྐྱོང་བྱས་དགོས་པའི་གནས་སུ་ལྷུང་ཡོད་ལ་ལུས་ཤུགས་ཟད་ནས་མི་གཟོད་པར་ངེད་གཉིས་ཀ་གྲོང་ཁྱེར་སུ་ཏུ་ཀེར་མོ་ལ་བྱ་དགའ་ལེན་དུ་འགྲོ་བར་གོ་སྐབས་བྲལ། ༡༩༠༥ལོར་ཐོན་ཙ་ན་ངེད་གཉིས་ད་གཟོད་གྲོང་ཁྱེར་དེར་ཐོན་སོང་པ་ཡིན་ལ་ཕཱེ་ཨར་གྱི་གཟེངས་རྟགས་ཐོབ་པའི་གཏམ་བཤད་སྤེལ། ས་དེ་ནས་ངེད་གཉིས་ལ་སུ་ཝེ་ཊན་མི་དམངས་ཀྱི་སྣེ་ལེན་ཡག་པོ་བྱས་པ་དང་དགའ་བསུ་ཆེན་པོ་ཐོབ།

སྔོན་ཆད་ཆ་རྐྱེན་ཧ་ཅང་ཞན་པའི་ཞིབ་འཇུག་གི་ལས་གཉེར་བས་ངེད་གཉིས་ལུས་སེམས་གཉིས་ཀ་ཐང་ཆད་འདུག ད་ལྟ་གཟེངས་རྟགས་ཐོབ་རྗེས་སུ་ཚགས་པར་དང་དུས་དེབ་སོགས་སུ་གསར་འགྱུར་གང་མང་བཀོད་པས་ཁྱིམ་ལ་མགྲོན་པོ་ཡོང་རྒྱུ་ཧ་ཅང་མང་། གནས་ཚུལ་དེས་དེ་ལས་ལྷག་པར་ངལ་བ་ཆེ་བ་ཞིག་རེད། ངེད་གཉིས་ཀ་དུང་ཞེན་ཆེ་བའི་ལྷིང་འཇགས་དང་གོ་རིམ་ལྡན་པའི་འཚོ་བ་དེ་མགོ་རྟིང་རྫོགས་པ་དང་ངེད་གཉིས་ཀྱིས་ལས་གཉེར་དང་འཚོ་བ་ལ་བར་ཆད་ཆེན་པོ་བཟོས། ངས་སྔོན་ནས་བཤད་པ་ཇི་བཞིན། ངེས་པར་དུ་ཕྱི་རོལ་ཡུལ་གྱི་བར་ཆད་ཆེན་པོ་བཟོས། ངས་སྔོན་ཆད་བཤད་པ་བཞིན་དུ་ངེས་པར་དུ་ཕྱི་རོལ་ཡུལ་གྱི་བར་ཆད་དེ་དག་མེད་པས་ཁད་ད་གཟོད་བདེ་ལེགས་ངང་ཚན་རིག་ཞིབ་འཇུག་བྱས་ཐུབ་ལ། བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ། ཁྱིམ་ལ་སླེབས་མཁན་གྱི་མགྲོན་པོ་དེ་ཚོས་བསམ་པ་དཀར་པོ་བཅངས་ཡོད་ནའང་། ངས་འདི་ལྟ་བུའི་འདུ་འཛི་ཡིས་ངེད་ཚང་ལ་ངན་འབྲས་ཅི་ཞིག་འཁོར་ཡོང་བ་དཔག་དཀའ།

༡༩༠༤ལོར། ངེད་གཉིས་ཀྱིས་བུ་མོ་གཉིས་པ་ཨེ་བཱ་ཊན་ནེ་སུ་མི་ཡུལ་དུ་བསུ་མ་བྱས། དེ་བས་ངས་དངོས་དཔྱད་ཁང་གི་ལས་མཚམས་མི་འཇོག་ཀ་མེད་བྱུང་། ལོ་དེར་ནོ་པཱེར་བྱ་དགའ་ཐོབ་པ་དང་ཆབས་གཅིག་སྤྱི་ཚོགས་སྟེང་གི་ཕྱོགས་ཡོངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་ཕཱ་རེ་སློབ་ཆེན་གྱིས་ཕཱེ་ཨར་ཁོ་རང་ལ་བསླབ་ཚན་གསར་བ་ཞིག་བཙུགས་ཡོད་པ་དེའི་སློབ་དཔོན་ཆེན་མོའི་གདན་ཞུ་ཞུས། དེར་མ་ཟད་ཁོ་ལ་དངོས་དཔྱད་ཁང་ཞིག་བཙུགས་ནས་ང་རང་དེ་ཡི་གཙོ་འགན་པའི་འགན་བསྐོས། དངོས་དཔྱད་ཁང་དེ་ནི་སྔོན་ཆད་བཀོལ་སྤྱོད་བྱས་མེད་པའི་ཁང་སྟོང་འགའ་ལ་གཙང་དག་བྱས་ནས་ངེད་གཉིས་ལ་བེད་སྤྱོད་གཏོང་རུ་བཅུག་པ་དེ་ཙམ་ཡིན།

༡༩༠༦ལོར། ངེད་གཉིས་ཀྱིས་ལོ་མང་པོར་བེད་སྤྱོད་བཏང་བའི་ཤིང་ཁང་ཅན་གྱི་དངོས་དཔྱད་ཁང་དེ་ལ་ཁ་བྲལ་ནས་སློབ་ཆེན་དུ་འགྲོ་གྲལ་བྱས་བའི་སྐབས་ཏག་ཏག་ལ། འཇིགས་སུ་རུང་བའི་རྐྱེན་ངན་བར་ཆད་ཞིག་བྱུང་ནས་ངའི་ཁྱོ་ག་ཚེ་ལས་འདས་སོང་། ང་རང་གཅིག་པུ་ཚེ་ཐོག་ནས་བསྐྱུར་དེ་བུ་མོ་གཉིས་ལ་ལྟ་སྐྱོང་བྱེད་རྒྱུ་དང་མཇུག་མ་རྫོགས་པའི་ཞིབ་འཇུག་གི་བྱ་གཞག་ཐམས་ཅད་ངའི་འགན་དུ་བབས།

རྐྱེན་ངན་འདིའི་ངའི་མི་ཚེ་ལམ་བུ་ཁྲོད་ཆེས་སྙིང་ཉེ་བའི་གཏན་གྲོགས་དང་ཆེས་གལ་ཆེ་བའི་གྲོགས་པོ་ང་དང་གཏན་དུ་ཁ་བྲལ་དུ་བཏང་། ངས་དོན་དག་འདིའི་ང་ལ་སྡུག་བསྔལ་ག་འདྲ་བྱིན་ཡོད་པ་དེ་གཏམ་གྱི་བརྗོད་པར་མི་ནུས།

ངས་ཚན་རིག་ཞིབ་འཇུག་གི་ལས་དོན་འདི་ལ་འབད་ཐད་ཀྱིས་མཇུག་རྒྱུ་མ་གཏོགས་གཞན་ཁེ་ཕན་སོགས་ཅི་ལའང་གཏན་ནས་བསམ་མ་མྱོང་ལ་ཧམ་སེམས་ངས་རེ་འདོད་སོགས་ཅི་ཡང་བཅངས་མེད། དེ་དུས་ཀྱི་སྐྱོ་སྡུག་གི་མནར་བའི་ང་ལ་མཚོན་ན་འདི་འདྲའི་ལས་འགན་དུ་བསྐོས་པ་འདི་ངའི་ཡ་ཆུང་སེམས་པ་ལ་སྡུག་བསྔལ་ལྷག་མ་ཞིག་བསྣན། ངས་ད་དུང་རང་ཉིད་ཀྱིས་འཇོན་ཐང་གིས་འགན་འདི་འདྲ་ཞིག་དང་ལེན་བྱས་ཐུབ་མིན་མི་ཤེས། འོན་ཀྱང་ཐེངས་འགར་གཡོ་འགུལ་བྱས་མཐར་ངས་མ་མཐའ་ཡང་ཚོད་ལྟ་ཞིག་བྱས་རྒྱུ་བསམ་བྱུང་།

དེ་ཕྱིར་༡༩༠༦ལོའི་སྟོན་ཁ་ནས་བཟུང་ངས་སློབ་དཔོན་ཆེན་མོ་གཞོན་པའི་མིང་ཁུར་ནས་སློབ་ཁྲིད་བྱས། ལོ་གཉིས་ཀྱིས་རྗེས་སུ་ང་ལ་སློབ་དཔོན་ཆེན་མོའི་འགན་བསྐོས།

ཁྱོ་ག་ཚེ་ལས་འདས་རྗེས་ངའི་འཚོ་བ་ལ་དཀའ་ཁག་ཆེན་པོ་འཕྲད་སོང་། སྔོན་ཆད་ངེད་གཉིས་ཀས་མཉམ་དུ་སྒྲུབ་དགོ ས་པའི་བྱ་བ་ཐམས་ཅད་ད་ལྟ་ཡོངས་སུ་ངའི་ཕྲག་ཏུ་བབས། བུ་མོ་གཉིས་ཀར་གཉོར་སྐྱོང་བྱ་རྒྱུ་དང་བྱ་བའི་དོན་དུ་འབད་པ་བྱས་རྒྱུ་གཉིས་ལ་ངས་དུས་རྒྱུན་དུ་ཕྱོགས་གཉིས་ནས་འཛིན་དགོས། ཕཱེ་ཨར་གྱི་ཨ་ཕ་ད་དུང་མུ་མཐུད་དུ་ངེད་ཚང་ན་བསྡད་ཡོད་པ་དང་ཁོས་མ་སྐྱལ་དང་ལེན་གྱིས་ང་དང་མཉམ་དུ་ཁྱིམ་གྱི་གནད་དོན་ཆེ་མ་ཆུང་གསུམ་ལ་གདོང་སྤྲོད་རོགས་བྱས། ཁོ་རང་ཚ་མོ་གཉིས་ཀ་ལྟ་སྐྱོང་བྱས་རྒྱུ་ནི་ཕཱེ་ཨར་འདས་རྗེས་སུ་ཁོའི་སེམས་གསོ་ཞིག་དང་དགའ་སྤྲོ་ཐམས་ཅད་ཀྱི་ཁུངས་ལྟ་བུར་གྱུར་ཡོད། ངེས་གཉིས་ཀྱི་སེམས་ན་སྐྱོ་སྡུག་བསམ་གྱིས་མི་ཁྱབ་པ་ཡོད་ནའང་བུ་མོ་གཉིས་ཀ་སྦ་གསང་བྱེད་རྒྱུའི་ཐག་བཅད། མོ་གཉིས་ཀ་ལོ་ཆུང་དྲེགས་སོང་བའི་སྔ་མོ་ནས་སྡིུག་བསྔལ་དེ་འདྲ་བསྐྱེས་མི་འོས། ངའི་ཨ་ནྱེས་ཞིང་གྲོང་ནས་གཞི་སྡོད་བྱས་རྒྱུར་ཧ་ཅང་དགའ་བའི་ངེད་གཉིས་ཀྱིས་གྲོང་བརྡལ་ཞི་འོ་ནས་མེ་ཏོག་ལྡུམ་ར་བཟོས་ཡོད་པའི་ཁང་པ་ཞིག་གླས་ནས་བསྡད་པ་ཡིན་ལ་ས་དེ་ནས་ཆུ་ཚོད་ཕྱེད་ཀ་ཙམ་དུ་བསྡད་ན་གྲོང་ཁྱེར་ནང་དུ་ཐོན་ཐུབ། ཞིང་གྲོང་ནས་འཚོ་བ་རོལ་ན་བཟང་ཆའམ་ཕན་པ་ཆེན་པོ་ལྡན། ངའི་ཨ་ནྱེས་ས་འདི་ནས་ལྷིང་འཇགས་ངང་རྒན་དུས་ཀྱི་འཚོ་བ་རོལ་ཐུབ་ཐུབ་ལ། བུ་མོ་གཉིས་ཀ་ཡང་ཡང་ཁོད་ཡངས་པའི་ཞིང་གྲོང་གི་ཁོ་ར་ཁོར་ཡུག་གི་ནང་ནས་འཆམ་འཆམ་དུ་སོང་ཆོག་ལ་དེ་ནི་མོ་གཉིས་ན་མཚོན་ན་ཕན་པ་ཆེན་པོ་ལྡན། ཡིན་ནའང་ང་རང་ཉིན་ཀར་ལས་ཚོགས་སུ་ཞུགས་དགོས་པའི་ཕྱིར། བུ་མོ་གཉིས་ཀར་བདག་གཉེར་བྱས་མཁན་གྱི་མ་མ་ཞིག་མི་གླས་ག་མེད་བྱུང་། དང་ཐོག་ངའི་མ་སྤུན་གཉེན་ཉེ་ཞིག་གདན་འདྲེན་ཞུ་བ་ཡིན་ན་རྗེས་སུ་གཞུང་དྲང་ལྡན་པའི་མོ་མོ་ཞིག་ངའི་ཚང་གི་མ་མ་གླས། མ་མ་གཉིས་ཀ་པཱོ་ལན་གྱི་མི་ཡིན་པས་ངའི་བུ་མོ་གཉིས་ཀའི་ཕ་སྐད་བེད་སྤྱོད་བྱ་ཐུབ། ངའི་པཱོ་ལན་གྱི་བཟའ་མི་ཚོ་མཚམས་མཚམས་སུ་ང་ལ་ལྟ་རུ་ཡོང་བ་དང་དུས་རྒྱུན་དུ་ངས་གཟའ་མཇུག་གི་གནང་བའི་སྐབས་སུ་ཧྥ་རན་སུའི་མཚོ་འགྲམ་ནས་ངོ་གཏུག་པ་ཡིན་ལ་ཐེངས་ཞིག་ལ་པཱོ་ལན་གྱི་རི་གྲོང་ནས་ངོ་གཏུག་པ་ཡིན། ༡༩༡༠ལོར་གཅེས་སུ་རུང་བའི་ཨ་ནྱེས་ཚེ་ལས་འདས་སོང་བས་ང་དུས་ཡུན་རིང་པོ་ཞིག་ལ་སེམས་སྡུག་ཏུ་ཚུད། ཁོར་ནད་བྱུང་ནས་སྨན་ཁང་ནས་ཉལ་ས་ལྷུང་དུས། ངས་ད་དུང་ཆུ་ཚོད་བེད་སྤྱད་ནས་ཉལ་ཁྲི་འགྲམ་ནས་ཁོར་འདུག་རོགས་བྱས་པ་དང་ཁོས་འདས་དོན་གླེང་བ་དེ་ལ་ཉན་ནས་བསྡད། ཨ་མྱེས་ཚེ་ལས་འདས་པའི་གནས་ཚུལ་དེས་ངའི་བུ་མོ་ཆེ་བ་ལ་སྐྱོ་སྡུག་ཚད་མེད་བྱིན། སྐབས་དེར་མོ་ལོ་བཅུ་གཉིས་ཡིན་པ་དང་ཨ་མྱེས་དང་མཉམ་དུ་འཚོ་བ་རོལ་ན་མོ་མཚོན་ན་དོན་ཅི་འདྲ་གལ་ཆེན་ཞིག་ཡིན་པ་མོས་ཚོར་ཡོད། ཨ་མྱེས་དང་མཉམ་དུ་རོལ་བའི་ཡིད་སེམས་རབ་ཏུ་སྤྲོ་བའི་འདས་དོན་དེ་དག་མོས་ཡམ་ཡིན་ཡང་བརྗེད་ཐབས་བྲལ།

གྲོང་བརྡལ་ཞི་འོ་ན་སློབ་གྲྭ་ཡག་ཤོས་མེད། སྐབས་དེར་བུ་མོ་ཆུང་བ་ལོ་ན་ཆུང་བའི་མོར་བདེ་ཐང་ལ་ཕན་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས། དཔེར་ན་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་རྒྱུ་དང་རོལ་རྩེད་རྩེད་བ། ད་དུང་རྨང་གཞི་ཅན་གྱི་སློབ་ཆུང་གི་སློབ་གསོ་སོགས་ཡང་འགྲིམ་དུ་འཇུག་དགོས། སྐབས་དེ་དུས་མོས་མོ་རང་གི་སྤྱང་གྲུང་འཛོམས་པ་དང་ ཅན་ཡིན་པའི་ཁྱད་ཆོས་མངོན་བཞིན་འདུག དེ་ལས་ལྷག་པར་རོལ་དབྱངས་ལ་དགའ་པོ་ཡོད། མོའི་ཨ་ཅེ་ནི་རྣམ་དཔྱོད་ཀྱི་ཕྱོགས་ནས་མོའི་ཨ་ཕ་དང་འདྲ་ཉེ་ཞིང མིན་པར་མ་ཟད་བློ་ཁ་དལ། འོན་ཀྱང་གནད་དོན་ཐག་གཅོད་བྱ་རྒྱུ་དང་རིག་འདེད་རྣམ་དཔྱོད་ཀྱི་ལྷན་སྐྱེས་མངོན་གསལ་ཤུགས་དྲགས་ཅན་ལྡན། ལྟོས་ཡོང་ན་ང་དང་ཕཱེ་ཨར་འདྲ་བའི་ཚན་རིག་ཞིབ་འཇུག་ལ་དགའ་མོས་ཡོད་པས་མི་ཞིག་ཏུ་འགྱུར་རྒྱུ་རེད། འོན་ཀྱང་ངས་མོ་རང་སློབ་འབྲིང་དུ་མངགས་འདོད་མེད། ངས་བལྟས་ན་སློབ་འབྲིང་གི་སློབ་ཁྲིད་ཀྱི་དུས་ཡུན་རིང་དྲགས་སོང་བའི་བྱིས་པ་རྣམས་ཀྱི་རིག་དཔྱོད་ཀྱི་མཚར་ལོངས་ལ་ཕན་པ་ཧ་ཅང་ཆུང་།

ང་རང་ཉིད་ཀྱི་ལྟ་བ་ཡིན་ན། བྱིས་པའི་དུས་ཀྱི་སློབ་གསོ་བྱིས་པ་རྣམས་ཀྱི་ལུས་སྐྱེས་དང་མཚར་ལོངས་བྱུང་བའི་ཆོས་ཉིད་ལ་བསྟུན་དགོས་པ་དང་ད་དུང་མཉེས་རྩལ་དང་དེའི་སྐོར་གྱི་ཤེས་བྱ་མང་པོར་ལག་ལེན་བྱ་རུ་འཇུག་དགོས། འོན་ཀྱང་ད་ལྟའི་སློབ་གྲྭ་མང་ཆེ་ཤོས་ཀྱིས་འབྲི་ཀློག་སྐོར་གྱི་སྦྱོང་བརྡར་བྱས་རྒྱུ་ལ་དུས་ཚོད་མང་པོ་བཀོད་སྒྲིག་བྱས་པས་ཁྱིམ་ལ་ལོག་ནའང་ལས་བྱ་མང་པོ་བཀོད་སྒྲིག་བྱས་ཡོད། ང་ད་དུང་སློབ་གྲྭ་འདི་རིགས་ཀྱི་ཚན་རིག་བསླབ་ཚན་མང་ཆེ་ཤོས་ལ་དེ་དང་བསྟུན་པས་ཚོད་ལྟའི་སྦྱོང་བརྡར་མང་པོ་མེད་པ་འདྲ།

ཕཱ་རེ་སློབ་ཆེན་གྱི་དགེ་རྒན་ཚོའི་གྲས་ན་ངའི་ལྟ་ཚུལ་འདི་ལ་འཐད་པ་བྱུང་མཁན་ཧ་ཅང་མང། དེ་བས་ང་ཚོས་ཕན་ཚུན་ལ་རོགས་རམ་བྱས་རྒྱུ་ཐག་གིས་བཅད་པ་དང་རྩ་འཛུགས་བྱས་པ་ཡིན་ལ། དམིགས་ཡུལ་ནི་མཉམ་དུ་ཕན་ཚུན་གྱི་བུ་ཕྲུག་ཚོ་ལ་རྣམ་པ་གསར་བ་ཅན་གྱི་སློབ་ཁྲིད་བྱས་རྒྱུ་ཐག་གིས་བཅད་པ་དེ་ཡིན། ང་ཚོ་མི་རེ་རེ་ཡིས་སློབ་ཁྲིད་བསླབ་ཚན་རེ་རེ་ཡིས་འགན་བླངས་ནས་བུ་ཕྲུག་ཚོ་ལ་སློབ་ཁྲིད་བྱས་པ་ཡིན། དེ་དུས་སུ་ང་ཚོས་བུ་ཕྲུག་ཚོ་ལ་ན་ཚོད་གྱི་ཁྱད་པར་ཅུང་ཤོར་ཡོད་ན་ཡང་ང་ཚོས་སློབ་ཁྲིད་སྐབས་ཀྱི་བྱས་ཐབས་གསར་བ་རྣམས་ལ་སྤྲོ་སྣང་ཆེན་པོ་ལྡན། ང་ཚོས་མང་རྒྱུ་མེད་པའི་སློབ་ཁྲིད་བྱས་ནས་ཟུར་ཁྲིད་བྱས་པ་ཡིན། གྲུབ་འབྲས་སམ་ལེགས་རྒྱས་ཆེན་པོ་ཐོབ་ཡོད་པས་བྱིས་པ་རྣམས་སྤྲོ་སྣང་གིས་ཁེངས་ཡོད།

སློབ་གསོ་གཏོང་སྟངས་འདི་ང་ཚོས་ལོ་གཉིས་ལྷག་ལ་རྒྱུན་འཁྱོངས་བྱས་སོང་། བྱིས་པ་ཚོ་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་ཐོས་རྒྱ་མཐོང་རྒྱ་སོགས་ཐོབ་ནས་བློ་བསྐྱེད་གང་མང་ཐོབ་ཡོད། ངའི་བུ་མོ་ཆེ་བ་དེ་བས་ཀྱང་གྲུབ་འབྲས་ཐོབ་ཡོད་པ་འདྲ། སློབ་གསོ་གཏོང་སྟངས་འདིའི་སྟབས་ཀྱིས་མོ་ལོ་ན་ཆུང་དུས་ནས་ཕཱ་རེ་སློབ་འབྲིང་ཞིག་གི་འཛིན་གྲྭ་གོང་མར་འཕར་ཐུབ་སོང་། དེ་མ་ཟད་དཀའ་ལས་ཅི་ཡང་མེད་པར་བསླབ་ཚན་སོ་སོ་རྒྱུགས་འཕྲོད་སོང་བ་དང་སློབ་གྲོགས་ཚོར་དང་བསྡུར་ན་ལོ་ན་ཆུང་ཡང་སློབ་ཆེན་ནས་མུ་མཐུད་དུ་ཚན་རིག་ཆེད་ལས་ཁག་གི་བསླབ་ཚན་ལ་སློབ་གཉེར་བྱས་ཐུབ་སོང་།

ངས་བུ་མོ་གཉིས་ཀྱི་ལུས་རྩལ་སྦྱོང་རྒྱུ་ལ་གཙིགས་ཆེན་དུ་བཟུང་བ་ཡིན། ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་རྒྱུ་མ་གཏོགས་ངས་བསམ་ན་ལུས་རྩལ་སྦྱོང་བརྡལ་ཡང་གལ་ཆེན་ཞིག་ཏུ་བསམ་ཡོད། ཧྥ་རན་སུ་ནས་བུ་མོ་རྣམས་ལ་ལུས་རྩལ་སྦྱོང་དུ་འཇུག་རྒྱུ་ལ་དེ་འདྲའི་དོ་སྣང་ཆེན་པོ་བྱས་ཀྱིན་མེད། ངས་རང་གི་བུ་མོ་གཉིས་ལ་ཉིན་རེ་རེར་ལུས་རྩལ་སྦྱོང་བརྡར་བྱས་དུ་འཇུག་པ་དང་དུས་རྒྱུན་དུ་ཁོམ་སྐབས་ཀྱི་དུས་ཚོད་བེད་སྤྱད་ནས་རི་ལ་འཛེག་རྒྱུ་དང་མཚོ་འགྲམ་དུ་སྤྲོ་གསེང་དུ་སོང་བ་ཡིན། མོ་གཉིས་ཀྱི་ཆུ་རྐྱལ་བ་དང་གྲུ་གཟེངས་ཁ་ལོ་བསྒྱུར་བའི་ནུས་རྩལ་ཤིན་ཏུ་བཟང་། རྒྱང་ཐག་རིང་པོར་བསྐྱོད་པ་དང་ལྕགས་རྟར་ཞོན་ནས་ས་ཐག་རིང་པོ་འགྲོ་རྒྱུ་ལ་འཇིགས་སྣང་སྤུ་ཙམ་ཡང་མེད།

ཡིན་ན་ཡང་། བུ་མོར་སློབ་གསོ་གཏོང་རྒྱུ་ནི་ངའི་བྱེ་བྲག་གི་འགན་ཞིག་ཡིན་པ་དང་། ངས་ཆུ་ཚོད་མང་ཆེ་བ་ཚན་རིག་ཞིབ་འཇུག་གི་སྟེང་ལ་བེད་སྤྱོད་བཏང་ཡོད། མི་མང་པོ་ཞིག་དང་སྒོས་སུ་བུད་མེད་དག་གིས་ང་ལ་ཅི་ལྟར་བྱ་བ་འདི་གཉིས་ཀ་འགལ་བ་མེད་པར་ཐག་གཅོད་བྱས་པ་ཡིན་ཞེས་དྲིས་མྱོང་། རེད་ཡ། འདི་ནི་ལས་སླ་མོ་ཞིག་མ་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྤོབས་པ་དགོས་ལ་ཐོབ་ཤོར་གཉིས་ཀར་བསམ་བློ་མང་པོ་གཏོང་དགོས། ང་དང་ངའི་བུ་མོ་གཉིས་ཀའི་འབྲེལ་བ་ཧ་ཅང་བཟང་། ངའི་ཁྱིམ་ནས་ཕན་ཚུན་ལ་ཐུགས་ཁུར་དང་ཕན་ཚུན་ལ་བཟོད་སྒོམ་ཆེ་བའི་འཚོ་བའི་ནང་ལ་རྒྱུན་པར་རེ་བའི་འོད་ཟེར་འཕྲོས་ཡོད། ངའི་ཚང་ནས་མ་བུ་བར་ལ་ཁ་རྩོད་མི་བྱས་ཕན་ཚུན་གྱི་སེམས་ལ་གནོད་པའི་སྐད་ཆ་གཅིག་ཡང་བཤད་མ་མྱོང་ལ་རང་དོན་སྦུག་འདྲེན་གྱི་བྱ་བ་གཅིག་ཀྱང་སྒྲུབ་མ་མྱོང་།

༡༩༠༦ལོར། ངས་ཕཱེ་ཨར་གྱི་ཕཱ་རེ་སློབ་ཆེན་གྱི་འགན་དེ་དང་ལེན་བྱེད་དུས། སྒྲིག་ཆས་ཆ་མི་ཚང་ཞིང་རྒྱ་ཁྱོན་ཆུང་དྲེགས་པའི་དངོས་དཔྱད་ཁང་ཞིག་མ་གཏོགསཚོད་ལྟ་ཞིབ་འཇུག་བྱས་སའི་གནས་ཤིག་མ་མཆིས། ངའི་ཁྱོ་ག་ཚེ་ཐོག་ཏུ་བཞུགས་དུས་ཚན་རིག་པ་སྐོར་ཞིག་དང་སློབ་མ་འགས་ཁོའི་ལག་རོགས་བྱས་ཡོད་པ་འདྲ། ངས་འགན་དང་ལེན་བྱས་པའི་རྗེས་ནས་ཁོ་ཚོས་རོགས་རམ་གང་མང་འོག་ད་གཟོད་མུ་མཐུད་དུ་ཚོད་ལྟའི་བྱ་བའི་ཡང་བསྐྱར་མགོ་བརྩམས་ཐུབ་སོང་། དེ་མ་ཟད་ལེགས་འབྲས་ཀྱང་ཆེན་པོ་ཐོབ།

༡༩༠༧ལོར་ང་ལ་སྐུ་ཞབས་ཨན་ཊི་ལོ་ཁཱ་ནེ་ཁེ་ལགས་ཀྱི་མ་དངུལ་གྱི་རོགས་རམ་ཐོབ། ཁོའ་ངའི་དངོས་དཔྱད་ཁང་ལ་བྱ་དགའ་མ་དངུལ་འབོལ་ཆེན་ཞིག་བྱིན། གྲུབ་འབྲས་ལེགས་པོ་ཐོབ་ཡོད་པས་ཚན་རིག་པ་སྐོར་ཞིག་བྱ་དགའི་མ་དངུལ་དེ་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་རང་རང་གི་ལས་གཞི་དེ་ལ་ཚོད་ལྟ་བྱས་ཐུབ་སོང་། མ་དངུལ་གྱི་རོགས་རམ་འདི་འདྲ་བ་ལ་ཕན་པ་ཧ་ཅང་ཆེ་སྟེ། ཚན་རིག་གི་རྣམ་དཔྱོད་ལྡན་པའི་ཚན་རིག་པ་དང་ཞིབ་འཇུག་བྱས་མཁན་རྣམས་ཀྱི་མ་དངུལ་དེ་དག་ལ་བརྟེན་ནས་རང་གི་ཕུགས་བསམ་གྲུབ་ཐུབ་ལ་ཁོ་ཚོས་གྲུབ་འབྲས་ཀྱི་སྤྱི་ཚོགས་ལ་ཡང་ནུས་པ་གལ་ཆེན་ཐོན་ཐུབ། ཚན་རིག་ཞིབ་འཇུག་གི་རྒྱུན་མི་ཆད་པས་ཆེད་དུ་སྤྱི་ཚོགས་སྟེང་གི་ཤེས་འབྱོར་གཉིས་ལྡན་གྱི་སྐྱེ་བོ་དག་གིས་རང་ནུས་ཅི་ཡོད་ཀྱི་རོགས་སྐྱོབ་མ་དངུལ་ལམ་བྱ་དགའི་རྣམ་གྲངས་འདི་འདྲ་བ་བཙུགས་ན་དོན་བཟང་ཞིག་རེད།

སྐབས་དེར། ངའི་དམིགས་ཡུལ་གཙོ་བོ་ནི་རང་ནུས་ཅི་ཡོད་ཀྱིས་ཤིན་ཏུ་དྭངས་མ་ཡིན་པའི་ལུའུ་ཚཱ་གཞི་རྒྱུ་ལེ་ཧྥུན་ཁེ་འགའ་བསྡུ་ལེན་བྱ་རྒྱུ་དེ་ཡིན། ༡༩༠༧ལོར་ངས་གཞི་རྒྱུ་ལེ་ཡི་ཆ་རྡུལ་གྱི་ཚད་དེ་ཚད་འཇལ་བྱས་ཐུབ་སོང་། ཡང་༡༩༡༠ལོར་ངས་དངསོ་སུ་རབ་གཙང་ཅན་གྱི་ལྷད་མེད་ལྕགས་རིགས་ལེ་གཞི་རྒྱུ་བསྡུ་ལེན་བྱས་ཐུབ་སོང་། བདྭ་ལེན་བྱས་པའི་གོ་རིམ་ནི་ཧ་ཅང་ཞིབ་ཆ་ལྡན་པས་ངེ་པར་དུ་ཙ་ཅང་སེམས་ཆུང་དང་ཞིབ་ཚགས་ངང་བསྒྲུབ་དགོས། ངས་སྙན་གྲགས་ཅན་གྱི་རྩས་འགྱུར་རིག་པ་བ་ཞིག་གི་རོགས་རམ་གང་མང་ལ་བརྟེན་ནས་ད་གཟོད་ཚོད་ལྟ་འདི་ལ་ལེགས་འགྲུབ་བྱུང་། དེས་རྗེས་ནས་ངས་ཡང་བསྐྱར་ཚོད་ལྟ་འདི་བྱས་མ་མྱོང་། རྒྱུ་མཚན་ནི་ཚོད་ལྟ་འདིའི་གཞི་རྒྱུ་ལེ་ཧ་ཅང་ཉུང་ཉུང་ཅན་དེ་སེམས་ཆུང་བྱས་ནས་དོ་དམ་མ་བྱས་ན་མེད་བརླག་ཏུ་གཏོང་བའི་ཉེན་ཁ་ཆེ། ཐེངས་འདིའི་ཚོད་ལྟ་རྒྱུད་ནས་ངས་དངོས་སུ་དཀར་མདོག་ཅན་གྱི་ལྕགས་རིགས་གཞི་རྒྱུ་ལེ་མཐོང་ཐུབ་སོང་། དེ་ནི་ང་ལ་མཚོན་ན་ཡ་མཚན་ཆེ་ཞིང་དགའ་བ་སྐྱེལ་བྱས་ཞིག་དང་མཚུངས། འོན་ཀྱང་ཚོད་ལྟ་མང་པོ་ཞོག་གི་དེ་ལ་བེད་སྤྱོད་གཏོང་རྒྱུར་སྒུག་ཡོད་པས་ངས་དེ་ལ་ལྟ་ཞིབ་བྱས་ཁོམ་གྱི་དུས་ཚོད་དེ་འདྲ་མང་པོ་ཞིག་མེད། དེ་བས་ངས་ཀྱང་གཞི་རྒྱུ་གསར་བའི་ཁྱད་མཚར་གྱི་ཚུལ་དེ་ལ་དུས་ཡུན་རིང་པོ་ཞིབ་ལྟ་བྱས་རྒྱུ་ནི་དཔེར་མི་སྲིད་པ་ཞིག་རེད།

འོན་ཀྱང་ངས་སྔོན་ཆད་རྙེད་སོང་བའི་ཕཱུའུ་གཞི་རྒྱུ་དེ་སྙིགས་རོ་ནས་ཁ་བྲལ་དུ་བཏང་ནས་བསྡུ་ལེན་གཏན་ནས་བྱས་མ་ཐུབ། རྒྱུ་མཚན་ནི་གཏེར་ཁའི་ནང་ན་གཞི་རྒྱུ་ཕཱུའུ་ཡི་གྲངས་ཚད་གཞི་རྒྱུ་ལེ་དང་བསྡུར་ནའང་ཤིན་ཏུ་ཉུང་། འོན་ཀྱང་ངས་དངོས་དཔྱད་ཁང་དུ་གཞི་རྒྱུ་ཕཱུའུ་ཡི་ཚད་གྲངས་ཤིན་ཏུ་མཐོ་བའི་གཏེར་ཁ་ཤིན་ཏུ་མང་པོ་ཡོད། ང་ཚོས་དེ་དག་བེད་སྤྱད་ནས་ཚོད་ལྟ་སྣ་ཚོགས་བྱས་ཆོག ཚོད་ལྟ་དེ་དག་གི་གྲས་ནས་གཞི་རྒྱུ་ཕཱུའུ་ཡི་འཕྲོ་གཏོང་གི་རང་བཞིན་དང་དེ་འཕྲོ་གཏོང་བྱས་དུས་སུ་ཧཱར་དབུགས་གཏོང་བ་དེ་ལ་ཚོད་ལྟའི་རིན་ཐང་ཆེན་པོ་ལྡན།

ངས་ད་སུང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་དངོས་དཔྱད་ཁང་གི་ཚད་འཇལ་བྱས་ཐབས་ལ་བཅོས་བསྒྱུར་ཡག་པོ་ཞིག་བྱས་སོང་། ངས་བཤད་མྱོང་ཡོད་དེ། ཞིབ་ཕྲ་རང་བཞིན་ལྡན་པའི་ཚད་འཇལ་གྱི་གཞི་རྒྱུ་ལེ་བསྡུ་ལེན་བྱ་རྒྱུ་དེ་ལ་རམ་འདེགས་ཤིན་ཏུ་གལ་ཆེན་བྱ་ཐུབ་པ་དང་ངས་ད་དུང་ཚད་འཇལ་བྱས་ཐབས་གསར་བ་དེ་བེད་སྤྱད་ནས་གཞི་རྒྱུ་གསར་བ་དེ་ལ་འབྲེལ་བའི་ཆོས་ཉིད་གསར་བ་ཤེས་རྟོགས་བྱུང་ན་འདོད།

ངའི་ཐབས་བཀོད་ཤིན་ཏུ་སྤྱོད་སྒོ་ཆེ་བ་ཞིག་རྙེད་བྱུང་། དེ་ནི་གཞི་རྒྱུ་ལེཡི་འཕྲོ་གཏོང་བྱས་བའི་དབུགས་གཟུགས་དེའི་གྲངས་ཚད་ལ་བརྟེན་ནས་རབ་གཙང་གཞི་རྒྱུ་ལེ་ཡི་གྲངས་ཚད་ལ་ཚད་འཇལ་རྒྱུ་དེ་ཡིན། དངོས་དཔྱད་ཁང་ནས་ཐེངས་མང་པོར་ཐབས་བྱས་འདི་བཀོལ་སྤྱོད་བྱས་པ་བརྒྱུད་ནས་ངས་སྟོང་ཆའི་གཅིག་གི་གཞི་རྒྱུ་ལེ་ཁེ་གཅིག་ཚད་འཇལ་ཐུབ་སོང་། དེ་ནི་ཧ་ཅང་ཆུང་བའི་གྲངས་ཚད་ཅིག་ཡིན། གྲངས་ཚད་མང་པོའི་གཞི་རྒྱུའི་ཚད་ལ་ཚད་འཇལ་བྱས་དུས་ང་ཚོས་གཞི་རྒྱུ་ལེ་ཡི་འཕྲོ་གཏོང་འོད་ཐིག་ནང་གི་γའཕྲོ་ཐིག་གི་རྟོལ་ཤུགས་ཀྱི་ཚད་མཐོ་བའི་ཆོས་ཉིད་དེ་གཞི་བཟུང་ནས་ཚད་འཇལ་བྱས་པ་ཡིན། སྒྲིག་ཆས་འདི་ངའི་དངོས་དཔྱད་ཁང་གི་ནང་དུ་ཡོད་པ་ཡིན། འཕྲོ་ཐིག་གི་ཆོས་ཉིད་གཞི་བཟུང་ནས་གཞི་རྒྱུ་ལེ་ཡི་གྲངས་ཚད་འཇལ་བ་དེ་ནི་རྒྱ་མའི་སྟེང་ནས་གྲངས་ཚད་འཇལ་བ་དང་བསྡུར་ན་འབྲས་བུ་འབྱུང་སླ་བ་མ་ཟད་དེ་ལས་ཀྱང་ཞིབ་ཕྲ་ཅན་གྱི་འབྲས་བུ་འབྱུང་ཐུབ། འོན་ཀྱང་ཐབས་བྱས་གསར་བ་འདི་མུ་མཐུད་དུ་བེད་སྤྱོད་གཏོང་རྒྱུ་བསམ་ན་ངེས་པར་དུ་སྔོན་ལ་ཞིབ་ཕྲ་ཅན་གྱི་ཚད་གཞི་གསར་བ་ཞིག་འདང་ཞིབ་མོ་རྒྱབ་ནས་བཟོ་དགོས།

གཞི་རྒྱུ་ལེ་ཡིས་ཚོད་ལྟ་དང་ཚན་རིག་ཞིབ་འཇུག་གི་ཕྱོགས་ལ་ཕན་པ་ཆེན་པོ་བཟོ་དགོས་ན་ངེས་པར་དུ་ཚད་འཇལ་གྱི་ཐབས་ལམ་སྟེང་ནས་བློ་གཏད་རུང་དགོས། དེ་ནི་ཞིབ་འཇུག་ནང་ཁུལ་གྱི་དགོས་མཁོ་ཅིག་ལས་བརྒལ་ནས་དེང་སང་གི་གསོ་རིག་འཕྲོད་བསྟེན་གྱི་སྟེང་དུ་ཡང་གཞི་རྒྱུ་ལེ་ཡི་དགོས་མཁོ་ཧ་ཅང་ཆེ། དེ་བས་ཚོང་ལས་རང་བཞིན་ཅན་གྱི་གཞི་རྒྱུ་ལེ་ཡི་ཐོན་རྫས་ཀྱི་གཙང་ཚད་ལ་ཚོད་འཉིན་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དུ་གྱུར།

གཞི་རྒྱུ་ལེ་ཡིས་སྐྱེ་དངོས་ལ་ཤུགས་རྐྱེན་སྣ་ཚོགས་ཐེབས་པ་དེ་ཧྥ་རན་སུ་ནས་ཞིབ་འཇུག་གི་མགོ་བརྩམས་པ་ཡིན་ལ་འདྲ་སབུ་མི་དམན་པ་ཐོབ། དེ་དུས་བེད་སྤྱོད་བཏང་མྱོང་བའི་གཞི་རྒྱུ་ལེ་དེ་དག་ངའི་དངོས་དཔྱད་ཁང་ནས་མཁོ་སྤྲོད་བྱས་པ་ཡིན། དུས་སཀྦས་དེར་ངའི་ཁྱོ་ག་ཚེ་ཐོག་ཏུ་བཞུགས་ཡོད་ལ་ཚོད་ལྟའི་གྲུབ་འབྲས་ལེགས་པོ་ཐོན་ཡོད་པ་ལ་ངེད་གཉིས་སྤྲོ་སེམས་ཆེན་པོ་སྐྱེས། དེའི་ཞིབ་འཇུག་གི་འབྲས་བུ་ལ་བརྟེན་ནས་གསོ་རིག་གི་ལག་རྩལ་གསར་བ་ཞིག་གི་སྲོལ་བྱས་བྱུང་། དང་ཐོག་ཧྥ་རན་སུ་ནས་སྲོལ་བྱུང་བའི་གསོ་རིག་ལག་རྩལ་རྗེས་སུ་རྒྱལ་ཁབ་གཞན་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ནས་སྨན་དཔྱད་ཀྱི་ཕྱོགས་ལ་བེད་སྤྱོད་གཏོང་བཞིན་འདུག གཞི་རྒྱུ་ལེ་ཡི་མཁོ་ཚད་ཇེ་མང་དུ་སོང་བས་ལེ་བཟོ་བའི་བཟོ་གྲྭ་ཡང་ཇེ་མང་དུ་སོང་། དེའི་བཟོ་སྐྲུན་ལག་རྩལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལེ་བཟོ་སྐྲུན་གྱི་བཟོ་གྲྭ་ཐོག་མར་ཧྥ་རན་སུ་ནས་བཙུགས་པ་ཡིན་ལ་རྗེས་སུ་རྒྱལ་ཁབ་གཞན་པ་ནས་སྔ་གཞུག་སུ་སྐྲུན་བྱུང་། ད་ལྟ་བཟོ་གྲྭ་དེ་དག་ལས་ཆ་ཤོས་དེ་ནི་ཨ་རེ་ན་བཙུགས་ཡོད་པ་དེ་ཡི་ཐོན་ཚད་ཧ་ཅང་མཐོ། དེ་རྒྱུ་མཚན་ནི་ཨ་རེ་ན་གྲངས་ཚད་ཅུང་མང་བའི་ཧྥན་ཇཱ་འདྲེས་ལྕགས་ཀྱི་ཡུའུ་གཞི་རྒྱུའི་གཏེར་ཁ་ཙ་ཅང་མང་པོ་ཡོད་པ་དང་དེ་ཅུང་ཟད་བསྡུ་ལེན་བྱས་སླ་ཞིང་ཐོན་ཚད་ཡང་ལྟོས་བཅས་ཀྱི་མང་པས་སོ།། ལེ་གཞི་རྒྱུ་དེ་བཟོ་ལས་སྟེང་དུ་འཕེལ་རྒྱས་ཆེན་པོ་བྱུང་པས་དེ་ལ་གསོ་རིག་གི་ཕྱོགས་ཀྱི་ལག་རྩལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་། གསོ་ཐབས་འདིའི་ནད་རིགས་སྐོར་གཅིག་སེལ་ཐབས་ལ་ནུས་པ་གལ་ཆེན་བཏོན་ཐུབ། ཁྱད་པར་དུ་འབྲས་སྐྲན་གྱི་ནད་རིག་སེལ་རྒྱུ་ལ་ནུས་པ་ཁྱད་པར་ལྡན། རྒྱུ་རྐྱེན་དེ་ཡི་དབང་གིས་གྲོང་ཁྱེར་ཆེན་པོ་ནང་ན་ཆེད་དེ་གསོ་ཐབས་འདི་བེད་སྤྱད་ནས་ནད་བཅོས་བྱས་སའི་ཆེད་ལས་སྨན་ཁང་ཡོད། སྨན་ཁང་དེ་རིགས་ཀྱི་ལེ་གཞི་རྒྱུ་ཁེ་འགའ་རེ་གསོག་འཇོག་དང་བདག་གཉེར་བྱས་ཡོད། གཞི་རྒྱུ་ལེ་ཡིས་ཚོང་རའི་རིན་གོང་ད་ལྟ་ཁེ་གཅིག་ལ་ཊོ་ལི་ཁྲི་བདུན་ཙམ་ལ་སླེབས་འདུག རིན་གོང་འདི་འདྲ་མཐོ་བ་ནི་གཞི་རྒྱུ་ལེ་རང་བྱུང་གི་ཐོན་ཁུངས་དང་གཏེར་ཁའི་ནང་ན་ཧ་ཅང་ཉུང་བས་དེ་བསྡུ་ལེན་བྱས་རྒྱུ་ཤིན་ཏུ་དཀའ།

དང་ཐོག་ང་ཚོས་རྫས་གསར་བ་འདི་ལ་འདི་འདྲ་སྤྱི་ཚོགས་ཀྱི་ཕན་ཡོན་ཡོད་པ་དཔོག་མ་སོང་། འདི་ནི་ཚན་རིག་སྟེང་གི་གསར་རྟོག་གལ་ཆེན་ཞིག་ཡིན་པར་མ་ཟད་ད་དུང་སེལ་དཀའ་བའི་སྙུང་གཞི་ལ་ཡང་ཕན་པ་ཆེན་པོ་ཡོད་པས་མི་རྣམས་ཀྱི་སྡུག་བསྔལ་སེལ་ཐུབ། ཀློག་པ་པོ་ལྷན་རྒྱས་ཀྱི་ད་ལྟ་ངའི་ཡིོད་སེམས་རབ་ཏུ་སྤྲོ་བཞིན་ཡོད་པ་ཡིག་ཐོག་ནས་ཀྱང་སློག་ཐུབ་ཐུབ་རྒྱུ་རེད། གྲུབ་འབྲས་འདི་ལྟ་བུ་ཐོབ་པ་འདི་ང་དང་ངའི་ཁྱོ་ག་གཉིས་ཀྱིས་མཉམ་དུ་ཚོད་ལྟ་བྱས་པ་དང་རྒྱུན་འཁྱོངས་བྱས་པའི་འབྲས་བུ་ཡིན། འབྲ་བུ་འདིའི་རིན་ཐང་གཐན་དང་བསྡུར་ཐབས་བྲལ།

གལ་སྲིད་གཞི་རྒྱུ་ལེ་ཡི་སྨན་དཔྱད་ལ་ལེགས་གྲུབ་བྱུང་དུ་འཇུག་རྒྱུ་བསམ་ན་ངེས་པར་དུ་ཚད་གྲངས་ཀྱི་ཚོད་འཇིན་ལ་ནོར་འཁྲུལ་མི་བྱུང་བར་ཁག་ཐག་བྱ་དགོས། དེ་བས་བཟོ་ལས་ཡིན་ནའང་འདྲ། གསོ་རིག་ཡིན་ནའང་འདྲ། དེ་མ་ཟད་ཚན་རིག་ཞིབ་འཇུག་གི་ཐད་ནས་ཡིན་ན་འང་འདྲ། གཞི་རྒྱུ་ལེ་ལ་ཚད་འཇལ་བྱས་རྒྱུ་ནི་ཧ་ཅང་གལ་ཆེ་བའི་བྱ་བ་ཅིག་རེད།

རྒྱུ་རྐྱེན་དེ་དབང་གིས་རྒྱལ་ཁབ་མང་པོ་ཞིག་གི་ཚན་རིག་པས་འཐུས་མི་ཚོགས་ཆེན་ཞིག་རྩ་འཇུགས་བྱས་ནས་ཚོགས་མི་ཡོངས་ཀྱིས་རྒྱལ་སྤྱིའི་ཚད་གཞི་ཞིག་བཟོ་རྒྱུའི་དེ་སྐོར་ལ་གྲོས་མོལ་བྱས། གཞི་རྒྱུ་གསར་བའི་རྒྱལ་སྤྱིའི་ཚད་གཞི་དེ་ལ་བརྟེན་ནས་ཚད་གཞི་དེའི་རྨང་གཞིའི་སྟེང་ནས་ལག་ལེན་དང་ཚད་འཇལ་བྱས་རྒྱུའི་ཐག་གིས་བཅད་པ་དང་མཉམ་དུ་བརྩི་སྲུང་བྱ་རྒྱུའི་རེ་བ་བཏོན། ཚད་གཞི་ཐག་གཅོད་ཀྱི་རིམ་པ་ནི་སྔོན་ལ་ཞིབ་ཕྲ་ལྡན་པའི་ཐབས་བྱས་བེད་སྤྱས་ནས་གཙང་ཚད་ཧ་ཅང་མཐོ་བའི་ལེ་གཞི་རྒྱུ་ཚཱ་འགའི་ཚད་གྲངས་དེ་དངོས་བཟུང་ནས་རྩ་བའི་ཚད་གཞི་ལ་ཐག་གིས་བཅད་པ་དང་དེ་ནས་རྫས་དེ་ཡི་འཕྲོ་གཏོང་རང་བཞིན་དང་རྩ་བའི་ཚད་གཞི་གཉིས་ལ་གཤིབ་བསྡུར་བྱས་ནས་ཚད་གཞི་གཞོལ་མ་ལ་ངོས་བཟུང་ནས་རྒྱལ་བཁ་སོ་སོའི་བེད་སྤྱོད་གཏོང་བར་མཁོ་སྤྲོད་བྱས། འཐུས་མི་ཚོགས་པའི་ང་ལ་རྩ་བའི་ཚད་གཞི་བཟོ་བའི་ལས་འགན་མངགས་བཅོལ་བྱས།

རྫས་ཀྱི་ཚད་གྲངས་ཧ་ཅང་ཉུང་བ་དང་དེའི་ལྗིད་ཚད་ཧ་ཅང་ཆུང་བའི་དབང་གིས་ཚད་གཞི་བཟོ་རྒྱུ་ནི་ཧ་ཅང་ཞིབ་ཚེགས་ལྡན་པའི་བྱ་བ་ཞིག་ཡིན་པས་དེ་ལ་ལྷོད་ཡངས་སྤུ་ཙམ་ཡང་བྱས་མི་རུང་བར་ནན་ཏན་གྱིས་སྒྲུབ་དགོས། ༡༩༡༡ལོར་ངས་རྩ་བའི་ཚད་གཞི་དེ་བདེ་བླགས་ངང་བཟོས་ཚད། རྩ་བའི་ཚད་གཞིའི་མ་དཔེ་དེ་ལི་སྨི་འགའི་རིང་ཚད་ཀྱི་ཤེལ་གྱི་སྦུ་གུ་ཞིག་གི་ནང་ལ་བཅུག་ཡོད་ལ་དེ་ནི་གཞི་རྒྱུ་ལེ་ཡི་མ་རྡུལ་ཚད་འཇལ་བྱས་ཀྱི་རབ་གཙང་ལེ་གཞི་རྒྱུ་ཚཱ་ཡིན། འཇུས་མི་ལྷན་ཚོགས་ཀྱིས་ཆོག་མཆན་ཐོབ་རྗེས་གྲོང་ཁྱེར་ཕཱ་རེ་ཉེ་འདབས་ཀྱི་སེ་ཧྥུར་རྒྱལ་སྤྱིའི་ཚད་གྲངས་ཚད་གཞི་ཐག་གཅོད་བསྟི་གནས་རུ་ཉར་ཚགས་བྱས། ལྷན་ཚོགས་ཀྱིས་ད་དུང་རྩ་བའི་ཚད་གཞི་དེ་མ་གཞི་བྱས་ནས་ཚད་གཞི་གཞོལ་མ་འགའ་ཐག་གིས་བཅད་པ་དང་དེ་དག་སྤྱི་ཚོགས་སྟེང་དུ་བསྒྲགས་ནས་དངོས་སུ་ལག་ལེན་ཁྲོད་དུ་བེད་སྤྱོད་བཏང་། ད་ལྟ་ཧྥ་རན་སུའི་གང་ས་གང་དུ་བཀྲམ་ཡོད་པས་གཞི་རྒྱུ་ལེ་བཅུག་བྱས་ཀྱི་ཤེལ་གྱི་སྦུ་གུ་དེ་ཚང་མའི་ཚད་གཞི་ཐག་གཅོད་བྱས་པའི་ལས་ཀ་དེ་ཕལ་ཆེར་ངསའི་དངོས་དཔྱད་ཁང་ནས་སྒྲུབ་པ་ཡིན། ཚད་གཞི་ཐག་གཅོད་ཀྱི་ཐབས་ལམ་ནི་རྫས་ཀྱི་འཕྲོ་གཏོང་རང་བཞིན་གྱི་ཆོས་ཉིད་གཞི་བཟུང་ནས་འཕྲོ་གཏོང་གི་ཤུགས་ཚད་ཚད་འཇལ་བྱས་པ་དེ་ཡིན། མི་སུ་ཡིན་རུང་ཁོའི་ལག་ན་ཡོད་པས་གཞི་རྒྱུ་ལེ་ཡི་མ་དཔེ་བཟུང་ནས་ངའི་དངོས་དཔྱད་ཁང་ནས་ཚད་འཇལ་བྱས་རྒྱུ་དང་གཙང་ཚད་འཇལ་ཆོག ཨ་རི་རྒྱལ་ཁབ་ནས་བྱ་བ་འདི་དག་རྒྱལ་ཁབ་ཚད་གཞི་ཅུའུ་ཡིས་སྒྲུབ་པ་ཡིན།

༡༩༡༠ལོའར་ཐོན་དུས། ང་ལ་ཧྥ་རན་སུའི་སྲིད་གཞུང་གིས་མཚན་སྙན་མི་སྣའི་གཟེང་རྟགས་སྦྲད། སྔོན་ཆད་ངའི་ཁྱོ་ག་ལ་ཡང་གཟེངས་རྟགས་དེ་ཡི་མཚན་སྙན་གནང་བརྩིས་བྱེད་མོད། འོན་ཀྱང་ཁོས་དེ་དང་ལེན་མ་བྱེད། ཕཱེ་ཨར་ལགས་གཟེངས་རྟགས་དང་མཚན་སྙན་སོགས་ཅི་ལ་ཡང་སྤྲོ་སྣང་ཅི་ཡང་མེད་པས་དང་ལེན་ལེན་མ་བྱེད་པ་ཡིན། ངའི་བྱ་བ་སྤྱོད་པ་ཡོད་ཚད་རང་གི་ཁྱོ་ག་དང་བརྟུན་ན་འདོད། དོན་དག་འདི་འདི་ཡང་དེ་ལས་མ་འདས་བ་རེད། དོན་དག་འདིའི་སྟེང་ནས་ཡང་ངས་ཁྱོ་གའི་དགོངས་པ་དང་འགལ་མི་འདོད། རྒྱལ་སྲིད་པུའུ་ཡིས་ང་ལ་ཐེངས་མང་པོ་ཁ་ཏ་བྱེད་ཀྱང་ངས་ཚམ་ཚོམ་མེད་པར་གཟེངས་རྟགས་འདི་དང་ལེན་མ་བྱེད།

དུས་དེ་དང་མཉམ་དུ་ངའི་ལས་གྲོགས་མང་པོས་ང་ལ་ཕཱ་རེ་ཚན་རིག་གླིང་གི་གོ་གནས་བརྩོན་ལེན་བྱོས་དང་ཞེས་སྐུལ་མ་བཏང་། ཕཱེ་ཨར་ཚེ་ལས་མ་འདས་པའི་ཟླ་ངོ་འགའི་སྔོན་ལ་ད་དུང་ཕཱ་རེ་ཚན་རིག་གླིང་གི་ཚོགས་མི་གྲས་ན་མིང་བྱང་ཡོད། དེ་བས་ངས་རང་ཉིད་ཚན་རིག་གླིང་གི་ཚོགས་མི་མིང་ཐོ་ལ་ཡར་ཞུ་བྱེད་དགོས་མིན་ཡུན་རིང་ཞིག་ལ་ཐག་གི་མ་ཆོད། ཚན་རིག་གླིང་གི་སྒྲིག་ལམ་ལྟར་ན་མིང་ཐོ་ཡར་ཞུ་བྱེད་དགོས་ན་ངེ་པར་དུ་ཕཱ་རེ་གྲོང་ཁྱེར་ཧྲིལ་བོའི་ཚོགས་མིའི་ཁྱིམ་ཚང་ལ་གཅིག་རེ་གཅིག་རེ་ངོ་གཏུག་དགོས། དེ་ནི་ང་ལ་མཚོན་དེ་འདྲ་ལས་ཀ་སྐྱིད་པོ་ཅན་ཞིག་མ་ཡིན།

འོན་ཀྱང་ང་རང་བདེ་བླག་ངང་ཚན་རིག་གླིང་གི་ཚོགས་མི་ལ་ཞུགས་ཐུབ་སོང་ན་ངའི་ཚོད་ལྟ་ཁང་གིས་དེ་རྐྱེན་བྱས་ནས་ཕན་བདེ་མི་ཉུང་བ་ཞིག་བེད་སྤྱོད་བྱེད་ཆོག དེ་བས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར། ངས་ཚན་རིག་གླིང་གི་ཚོགས་མི་མིང་བྱང་ཡར་སྤྲོད་བྱེད་རྒྱུའི་སེམས་ཐག་བཅད། སྤྱི་ཚོགས་སྟེང་དུ་དེའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག མི་རྣམས་ཀྱིས་ཚན་རིག་གླིང་ལ་བུད་མེད་ཀྱི་ཚོག་མི་བསྡུ་ལེན་བྱེད་ཆོག་མིན་ལ་རྩོད་པ་སྣ་མིན་བྱེད་ཅིན་ཡོད། དྲག་རྒོལ་རང་བཞིན་ལྡན་པའི་ལྟ་ཚུལ་སྣ་ཚོགས་ཁྲོད་དུ་ཚོགས་མི་རྒན་པ་སྐོར་ཞིག་གི་ཚོགས་མིའི་གྲས་སུ་བུད་མེད་བྱུང་བ་དེ་ལ་ཤིན་དུ་དགག་རྒྱག་དང་ངོ་རྒོལ་བྱེད་བཞིན་ཡོད། མཐའ་མར་འདེམ་ཤོག་འཕེན་ཚར་རྗེས་ང་ལ་འདེམ་ཤོན་འགའ་ཡི་མ་འདང་བའི་ཞུགས་པའི་གོ་སྐབས་མ་ཐོབ། དེ་རྗེས་སུ་མི་སུ་ཡི་ང་ལ་ཡང་བསྐྱར་ཡར་ཞུ་བྱེད་པའི་རེ་བ་བཏོན་རུང་ངས་དང་ལེན་མ་བྱེད་པར་ཚོགས་མི་གྲས་སུ་འགྲོ་ཨེ་ཐུབ་གྱི་ཚོད་ལྟ་བྱེད་མ་མྱོང་། དེ་རྒྱུ་མཚན་ནི་མི་རེ་རེ་ལ་རེ་ཞུ་བྱེད་སགོས་པ་དེ་ནི་ཆེས་ཐལ་རྡུགས་ཅན་གྱི་བྱ་བ་ཞིག་རེད་ང་ང་དེ་ན་སུན་སྣང་ཚད་མེད་སྐྱེས། ངས་བསམ་ན་འདེམ་ཤོག་འཕེན་དགོས་ན་ངེས་པར་དུ་མི་སྣ་དེ་ཡི་གྲུབ་འབྲས་གཙོ་བོར་འཛིན་དགོས་པ་ཡིན་པ་ལས་མི་རེ་རེ་ལ་ངོ་བསྟོད་བྱེད་དགོས་པ་ཞིག་ག་ལ་ཡིན། ཚན་རིག་སྐོར་གྱི་ཚོགས་པ་དང་ཤེས་རིག་ལྷན་ཚོགས་འགའ་ཡི་ངས་མི་ཤེས་ས་ནས་རང་འགུལ་གྱིས་ང་རང་ཁོ་ཚོས་་གྲས་སུ་བླངས་ཡོད་པ་ལྟ་བུ་ཡིན་ན་ད་གཟོད་ལུགས་དང་མཐུན་པ་རེད་སྙམ།

༡༩༡༡ལོར་གོང་གི་བྱ་བ་ཕྲན་ཚེགས་གང་མང་གི་རྐྱེན་གྱིས་ང་རང་ཐང་ཆད་ནས་མ་གཟོད་པར་སྙུང་གཞི་ཆེན་པོ་ཞིག་བྱུང་། སྐབས་དེར་ཏག་ཏག་ལ་ནཱོ་པེར་བྱ་དགའ་ཡང་བསྐྱར་ང་ལ་གནང་བྱུང་། ད་ཐེངས་ང་གཅིག་པུ་ལ་གནང་བ་རེད། ང་ལ་མཚོན་ན་འདི་ནི་དངོས་གནས་གཟེངས་བསྟོད་ཁྱད་པར་བ་ཅན་ཞིག་ཡིན། ངས་གཞི་རྒྱུ་གསར་བ་རྙེད་བྱུང་བ་དང་གཏེར་ཁའི་སྙིགས་རོའི་ནང་ནས་གཞི་རྒྱུ་བསྡུ་ལེན་བྱས་ཐུབ་སོང་བས་རྐྱེན་གྱིས་ང་ལ་ནཱོ་པེར་བྱ་དགའ་ནང་གསེས་ཀྱི་རྫས་འགྱུར་རིག་པའི་བྱ་དགའ་གནང་། དེ་དུས་ང་རང་འབྱུང་བཞི་འཁྲུག་པའི་སྡུག་བསྔལ་ལས་ཐར་མེད་ནའང་ད་དུང་ངེས་པར་དུ་སེ་ཝེ་ཊན་རྒྱལ་ཁབ་གྱི་གྲོང་ཁྱེར་སི་ཏི་ཀོར་མོ་ལ་བསྐྱོད་ནས་བྱ་དགའ་ལེན་རྒྱུའི་སེམས་ཐག་བཅད། ངའི་ཨ་ཅེ་དང་ངའི་བུ་མོ་ཆེ་བ་གཉིས་ང་ལ་འགྲོ་རོགས་བྱས་པ་ཡིན། ནཱོ་པེར་བྱ་དགའ་གནང་སྐབས་ཀྱི་མཛད་སྒོ་ཧ་ཅང་བརྗིད་ཉམས་ལྡན་ལ་ང་ལ་བག་ཆགས་ཟབ་མོ་བཞག དེ་ནི་རྒྱལ་ཁབ་ཞིག་གི་སྲིད་འཛིན་ལ་བསུ་མ་བྱས་པ་དང་གཉིས་སུ་མ་མཆིས། ང་གྲོང་ཁྱེར་སི་ཏི་ཀོར་མོ་ནས་དགའ་བསུ་དཔེ་མེད་པ་ཞིག་གནང་བྱུང་། སྒོས་སུ་སི་ཧེ་ཊན་གྱི་བུད་མེད་མཐུན་ཚོགས་ཀྱི་ང་བུ་མ་རྒྱ་ཆེ་གནང་བས་ང་རང་སེམས་འགུལ་ཐེབས་དུ་བཅུག

འོན་ཀྱང་ང་སྙུང་གཞི་ལས་ཐར་མ་ཐུབ་པ་མ་ཟད་ད་དུང་འདི་འདྲའི་ཕར་འགྲོ་ཚུར་འོང་གི་དཀའ་སྡུག་མྱོང་དགོའ་པས། ང་རང་ཧྥ་རན་སུ་ལ་ལོག་རྗེས་ཟླ་འགའི་རིང་ལ་ཉལ་ས་ལྷུང་། སྙུང་གཞི་ལ་བདག་པོ་རྒྱག་དགོའ་པ་དང་བུ་མོ་གཉིས་ཀར་སློབ་གྲྭ་བཟང་ཤས་ཞིག་འགྲིམ་པར་བྱས་ཆེད་ང་ཚོ་མིང་ལ་ཕཱ་རེ་སིའུ་གྲོང་བརྡལ་ལ་གནས་སྤོ་མི་བྱས་ག་མེད་བྱུང་།

Post Views: 47

All posts

Other pages