居里夫人自传 第三部分-藏文译本(未修改版)

ལེའུ་གསུམ་པ། དམག་འཁྲུག་གི་སྐབས།

རྒྱལ་ཁབ་ལ་གོད་ཆགས་བྱུང་དུས་སྐྱེ་བོ་སུ་ཡིན་རུང་རང་གི་རྒྱལ་ཁབ་ལ་རང་ནུས་ཅི་ཡོད་ཀྱིས་ཕན་བདེ་བསྐྲུན་དགོས།

 

༡༩༡༤ལོའི་དབྱར་གནང་གི་དུས་སུ་ངའི་བུ་མོ་གཉིས་ཀ་ན་ནིང་ལྟར་ཁྱིམ་སྡོད་དགེ་རྒན་གྱིས་ལྟ་སྐྱོང་བྱས་ནས་གྲོང་ཁྱེར་ཕཱ་རེ་ལ་ཁ་བྲལ་ནས་ཡུལ་སྐོར་ལྗོངས་རྒྱུ་རུ་བུད་སོང་། མོས་ངའི་བུ་མོ་གཉིས་ལ་ལྟ་སྐྱོང་བྱས་ན་ང་ཧ་ཅང་སེམས་བདེ་བས་ཁྱིམ་སྡོད་དགེ་རྒན་དེ་ལ་ངས་ཡིད་རྟོན་ཆེན་པོ་བྱས་ཡོད། མོ་རང་ཚོ་པུ་ལེར་ཐཱ་ནེ་ས་ཆའི་མཚོ་འགྲམ་གྱི་སྤྲོ་གསེང་བྱས་སའི་ཁང་པ་ཞིག་ན་ཞག་སྡོད་བྱས་ཀྱིན་ཡོད་ཞེས་ང་ལ་བཤད་པ་དང་ངའི་གྲོགས་པོ་བཟང་བོ་འགའ་དང་ཁོ་ཚོས་བཟའ་མི་ཚང་མ་ཡང་ས་ཆ་དེ་ན་ཞག་སྡོད་བྱས་ཡོད། ང་ལ་ཞིབ་འཇུག་གི་བྱ་བ་མང་དྲེགས་པས་མོ་རང་ཚོ་དང་མཉམ་དུ་དབྱར་གནང་གི་ཆུ་ཚོད་ཧྲིལ་བོ་བེད་སྤྱད་ནས་ལྗོངས་རྒྱུ་ལ་འགྲོ་མ་ཐུབ།

སྤྱིར་ཡིན་ན་ངས་ཟླ་བ་བདུན་པར་མཚོ་འགྲམ་གྱི་ས་ཆ་དེར་སོང་ནས་བུ་མོ་ཚོ་དང་ལྷན་འཛོམས་བྱ་རྒྱུའི་འཆར་གཞི་འཐེན་ཡོད་མོད། འོན་ཀྱང་དུས་ཡུན་ཐུང་ཐུང་གི་ནང་དུ་མི་འགྱངས་བར་ཚད་མཐོ་བའི་དམག་དོན་བྱ་འགུལ་ཡོད་ཞེས་གཏམ་ངན་དེ་ཡང་དང་ཡང་དུ་རྣ་ལམ་དུ་ཐོས་ཡོང་། དེ་བས་ང་རང་བུ་མོ་གཉིས་ཀྱི་གམ་དུ་འགྲོ་མ་ནུས། ཛ་དྲག་ཆེ་བའི་གནས་ཚུལ་འདིའི་འོག་ནས་ངས་གནས་བབ་ལ་རྒྱང་ལྟ་བྱ་རྒྱུ་མ་གཏོགས་གྲོང་ཁྱེར་ཕཱ་རེ་ལ་ཁ་བྲལ་མི་རུང་བ་ནི་སྨྲོས་མ་དགོས་པ་ཞིག་རེད། དུས་ཡུན་རིང་པོ་མ་འགོར་བར་དམག་འཁྲུག་གི་ཅོང་བརྡ་བརྒྱབ་བྱུང་། དེ་རྗེས་ཀྱི་ཟླ་བ་བརྒྱད་པའི་ནང་དུ་འཇར་མན་གྱིས་ཧྥ་རན་སུ་ལ་འགྲན་བཙུགས་བྱུང་། དངོས་དཔྱད་ཁང་ནས་ང་དང་སྙིང་ནད་ཡོད་པའི་རིག་རྩལ་པ་ཞིག་མ་གཏོགས་མི་ཚང་མ་དམག་དཔུང་དུ་བཞུགས་དགོས་བྱུང་པ་རེད།

རྗེས་སུ་དོན་དག་ཅི་ཞིག་བྱུང་བ་མི་ཚང་མས་ལོ་རྒྱུས་ཀྱི་དཔེ་ཆ་དང་དེ་དུས་ཀྱི་ཚགས་པར་སྟེང་ནས་ཤེས་ཡོད་རྒྱུ་རེད། འོན་ཀྱང་གྲོང་ཁྱེར་ཕཱ་རེ་ན་གཞི་སྡོད་བྱས་ཡོད་པའི་མི་མ་གཏོགས་༡༩༩༤ལོའི་ཟླ་བརྒྱད་པའི་ཚེས་དགུ་ཉིན་རྒྱས་སའི་མི་དམངས་ཀྱི་དཔའ་ངར་དང་ཉེན་ཁར་སྐྲག་སྣང་སྤུ་ཙམ་ཡང་མེད་པའི་དཔའ་བོའི་རང་གཤིས་དེ་ཚོར་ཐུབ་རྒྱུ་མ་རེད། དམག་འཁྲུག་གི་ཅོང་བརྡ་དེ་མྱུར་དུ་ཧྥ་རན་སུའི་གང་ས་གང་དུ་ཁྱབ་སོང་། རྒྱབ་ཁབ་ཉེན་ཁ་ལས་སྐྱོབ་ཆེད་དུ་ཧྥ་རན་སུ་སྤྱི་དམངས་སུ་ཡིན་རུང་དཔའ་ངར་གྱི་སེམས་ཤུགས་རྒྱས་ནས་མྱུར་དུ་འཐབ་རའི་ནང་དུ་མཆོངས་སོང་། དུས་སྐབས་དེར་ང་ཚོས་ཉིན་རེ་རེ་སེམས་བྲེལ་ནས་རེ་སྒུག་ཡོད་པ་དེ་ནི་འཐབ་རའི་ནང་ནས་ཁྱེར་ཡོང་པའི་གནས་ཚུལ་དེ་དག་ཡིན།

དམག་འཁྲུག་མགོ་བརྩམས་པའི་ཉིན་འགར་གནས་ཚུལ་ལ་འགྱུར་ལྡོག་ཧ་ཅང་ཆེ་བས་མཇུག་འབྲས་ཅི་ཞིག་བྱུང་ཡོད་པ་དཔོག་དཀའ། རྗེས་སུ་བྱུང་བའི་གསར་འགྱུར་ནི་ཉན་ཡོང་ན་གཡུལ་ལས་ཕམ་ཁ་ཇེ་མང་ཇེ་མང་བྱུང་བ་ཐོས་རྒྱུ་ཡོད། དང་ཐོག་འཇར་མན་གྱི་བཙན་འཛུལ་དམག་གིས་རྒྱལ་ཁབ་ཆུང་ཆུང་པེ་ལེ་ཧྲི་ལ་དཔུང་འཇུག་བྱས་བྱུང་། རྒྱལ་ཁབ་དེའི་མི་དམངས་དང་དམག་མི་ཡོངས་ཀྱིས་འགོག་རྒོལ་གང་མང་བྱས་ནའང་འཇར་དམག་འགོག་མ་ཐུབ། རྗེས་སུ་འཇར་མན་གྱི་དམག་དཔུང་ལུང་བ་ཆེན་པོ་ཝོ་ཝ་ཙེ་ནས་བསྐྱོད་ཡོང་ནས་གྲོང་ཁྱེར་ཕཱ་རེ་ལ་བར་ཐག་ཇེ་ཉེ་ཇེ་ཉེ་ཡིན་པའི་གནས་ཚུལ་ཛ་དྲག་ཅན་དུ་འགྱུར། ཧྥ་རན་སུའི་རྒྱལ་ས་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་པོར་ཏོ་ལ་གནས་སྤོ་རྒྱུ་ཡིན་པས་གནས་ཚུལ་ཞིག་གང་ས་གང་དུ་ཁྱབ་ཡོད། གྲོང་ཁྱེར་ཕཱ་རེ་ཡི་མི་མང་པོ་དམག་འཁྲུག་གི་དོན་རྐྱེན་ལ་གདོང་གཏོད་མི་འདོད་པ་དང་ཤི་རྐྱེན་བྱུང་སླ་བར་སྐྲག་ནས་སྲིད་གཞུང་གི་ལས་བྱས་མི་སྣ་གནས་སྤོ་བའི་གོམ་ཚད་དང་བསྟུན་ནས་ལྷོ་ཕྱོགས་སུ་ལམ་ལ་ཆས། མི་འབྱོར་ལྡན་ཅན་མང་པོ་འཚང་ཁ་ཤིག་ཤིག་གིས་མེ་འཁོར་ལ་བསྡད་ནས་ཞིང་ཆེན་གཞན་པའི་ཞིང་གྲོང་དུ་གཞོལ་བར་སོང་། འོན་ཀྱང་སྤྱིའི་ཆ་ནས་བཤད་ན་ཆགས་འཇིགས་ཤིན་ཏུ་མང་བའི་༡༩༡༤ལོར་ཕཱ་རེ་མི་དམངས་ཀྱི་འཇིགས་པ་མེད་པའི་སྙིང་སྟོངས་དེས་ང་ལ་བསུབ་ཐབས་བྲལ་པའི་བག་ཆགས་ཟབ་མོ་བྱིན། ཟླ་བརྒྱད་པའི་མགོ་ནས་ཟླ་དགུ་བའི་མཇུག་གི་བར་ནམ་ཟླ་ཧ་ཅང་དྲོ་ལ་ཉི་འོད་ཕྱོགས་སར་ཁྱབ་ཅིང་གཡའ་དག་པའི་མཁའ་དབྱིངས་འདིའི་ངོགས་སུ། གནའ་ངེད་གཉིས་ཀའི་བཟོ་བཀོད་ཕུན་སུམ་ཚོགས་པ་ཡོད་པས་རླབས་ཆེ་བའི་གྲོང་ཁྱེར་འདི་མི་རྣམས་ཀྱི་སེམས་སུ་རབ་གསལ་ཞིག་བསྐྲུན་པ་ལྟར་ཕྱི་གསལ་ནང་གསལ་ཡིན།

མཇར་མན་གྱི་དམག་དཔུང་གྲོང་ཁྱེར་ཕཱ་རེ་ལ་ཐག་ཇེ་ཉེ་ཡིན་པས་གནས་ཚུལ་ཧ་ཅང་ཛ་དྲག་ཆེ། དོན་རྐྱེན་འདྲ་མིན་མ་བྱུང་བས་ཕྱིར་ངས་ངེས་པར་དུ་ངའི་དངོས་དཔྱད་ཁང་གི་ནང་དུ་ཉར་ཚགས་བྱས་ཡོད་པའི་གཞི་རྒྱུ་ལེ་ཡོངས་རྫོགས་གནས་གཞན་ཞིག་ཏུ་སྤོ་འདྲེན་བྱ་དགོས། སྲིད་གཞུང་གིས་ང་ལ་ངེས་པར་དུ་གཞི་རྒྱུ་ལེ་ཡོད་ཚད་བདེ་ལེགས་ངང་གྲོང་ཁྱེར་པོར་ཏོ་ལ་འཁྱེར་ཡོང་དགོས་ཞེས་བཀའ་བབ། འོན་ཀྱང་ང་ས་དེ་ནས་འདུག་འདོད་མེད་པས་ངས་བསམ་པར་གཞི་རྒྱུ་སྐྱེས་འདྲེན་བྱས་ཚར་རྗེས་མྱུར་དུ་གྲོང་ཁྱེར་ཕོར་ཏོ་ནས་གྲོང་ཁྱེར་ཕཱ་རེ་ལ་ཡོང་རྒྱུ་ཐག་གིས་བཅད། ང་རང་སྲིད་གཞུང་གི་གཞུང་ཞབས་པ་དང་ཁོ་ཚོས་ཅ་ལག་སྐྱེལ་བྱས་ཀྱི་ཆེད་སྤྱོད་ཀྱི་མེ་འཁོར་ལ་བསྡད་ནས་སོང་པ་ཡིན་ལ། ལམ་བར་དུ་མེ་འཁོར་གྱི་སྒེའུ་ཁུང་ནས་བལྟས་ན་རྒྱ་ལམ་གྱི་སྟེང་གི་རྙོག་འཛིང་གི་རྣམ་པ་དེ་དང་། མགོ་སྔ་མི་མཐོང་བའི་རླངས་འཁོར་གྱི་གྲལ་བསྒྲིགས་ནས་རྒན་གཞོན་ཚང་མ་ཁྱིམ་བསྐྱུར་ཏེ་་གྲོང་ཁྱེར་ཕཱ་རེ་ལ་ཁ་བྲལ་ནས་ས་ཆ་གཞན་པར་གནས་སྤོ་བྱས་ཀྱིན་ཡོད།

ང་རང་གྲོང་ཁྱེར་པོར་ཏོ་ལ་ཐོན་དུས་ས་སྲོས་ཀྱི་དུས་སུ་ཐོན་འདུག ངས་གཞི་རྒྱུ་ལེ་ལག་སྣེ་ཡི་སྒམ་ནང་དུ་བཅུག་ནས་གཏན་ཁེལ་བྱས་ཡོད་པས་གནས་དེ་ལ་འཁྱེར་དགོས་པ་ཡིན། སྒམ་དེ་ཞ་ལྕགས་ཀྱིས་དམ་པོར་ བྱས་ཡོད་པས་ལྗིད་དྲེགས་ནས་ངས་ལག་ཤུགས་ཀྱིས་མི་ཐེག། དེ་བས་ངས་མེ་འཁོར་ས་ཚུགས་ནས་སྲིད་གཞུང་གིས་མངགས་པས་མི་དེ་ལ་བསྒུགས་ནས་བསྡད་པ་ཡིན། རྗེས་སུ་ང་དང་མཉམ་དུ་མེ་འཁོར་གཅིག་གི་ནང་དུ་ཡོང་བའི་སྲིད་གཞུང་གི་གཞུང་ཞབས་པ་སེམས་བཟང་ཅན་ཞིག་གིས་ངའི་སྒམ་དེ་མི་སྒེར་གྱི་ཁྱིམ་ཞིག་ཏུ་ལེན་རོགས་བྱས། དེ་མ་ཟད་ང་ལ་ཁང་པ་ཆུང་ཆུང་ཞིག་ཞག་མ་གཅིག་གི་གནས་ཚང་ལ་གཡར། དེ་དུས་སུ་མགྲོན་ཁང་ཞིག་བཙལ་ནས་རྙེད་རྒྱུ་དཀའ་མོ་རེད། ཟང་ཟིང་ལང་ལོང་གི་དབང་གིས་མགྲོན་ཁང་ཚང་མ་སྔ་མོ་ནས་མིས་བཀང་འདུག ཕྱི་ཉིན་་ཞོགས་པར་ངས་བྲེལ་འཚུལ་གྱི་ངང་ནས་སྒམ་དེ་བདེ་འཇགས་ཀྱི་ས་ཆ་ཞིག་ལ་གནས་སྤོ་དགོས་བྱུང་། དེ་དུས་སུ་དཀའ་ཁག་ཅུང་ཟད་བྱུང་ནའང་མཐའ་མར་ང་རང་བདེ་བླག་ངང་དམག་མིའི་ཆེད་སྤྱོད་ཀྱི་མེ་འཁོར་ལ་བསྡད་ནས་དགོང་མོའི་མཚམས་སུ་གྲོང་ཁྱེར་ཕཱ་རེ་ལ་ལོག གྲོང་ཁྱེར་པོར་ཏོ་ནས་ང་ལ་ས་དེ་གའི་མི་རྣམས་ཀྱི་འཚོ་བའི་གནས་ཚུལ་གླེང་རྒྱུའི་གོ་སྐབས་བྱུང་། ཁོ་ཚོས་ཡང་གྲོང་ཁྱེར་ཕཱ་རེ་ཡི་གནས་ཚུལ་ལ་ཐུགས་ཁུར་ཚད་མེད་བྱས་བཞིན་ཡོད་པ་དང་དེའི་སྐོར་གྱི་དོན་དངོས་གནས་ཚུལ་ཐམས་ཅད་ལ་སྤྲོ་བ་ཚད་མེད་སྐྱེས། འོན་ཀྱང་ཁོ་ཚོས་ང་དུས་སྐབས་འདི་འདྲའི་འོག་ཏུ་གྲོང་ཁྱེར་ཕཱ་རེ་ལ་ལོག་རྒྱུ་དེ་དོན་དག་ཆུང་ཆུང་ཞིག་ཏུ་བརྩིས་ཡོད་ཚུལ་མཐོང་དུས་གདོང་ལ་ཧ་ལས་ཤིང་སྤྲོ་སྣང་ལྡན་པའི་རྣམ་འགྱུར་ཞིག་ཤར་སོང་བ་དེ་ང་ལ་མཚོན་ན་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཡིན།

ཕྱིར་ཕཱ་རེ་ལ་ལོག་པའི་ལམ་སྐབས་སུ་མེ་འཁོར་རྒྱུན་དུ་བགྲོད་མ་ནུས་པར་འདུག་རྒྱུ་བྱུང་པ་དང་མཚམས་ལན་རེརར་ལམ་བར་ནས་ཀྱང་ཆུ་ཚོད་འགར་འདུག་དགོས་བྱུང་། མེ་འཁོར་ནང་གི་དམག་མི་ཡོངས་ཀྱིས་བྲོ་ཁ་བཟུང་ཡོད་ལ། མེ་འཁོར་ནང་གི་ང་ཚོ་ལྟོགས་ནས་བཟོད་ཐབས་བྲལ་བ་ཤེས་ནས་ང་ཚོར་གོ་རེ་སྦྲད་པ་ཡིན། མཇུག་མཐར་གྲོང་ཁྱེར་ཕཱ་རེ་ལ་ཐོན་ཙ་ན། ངའི་གོ་ཐོས་ལྟར་ན་འཇར་མན་དམག་མིས་ཕར་རྒོལ་གྱི་ཁ་ཕྱོགས་བསྒྱུར་ནས་མཱ་འུན་གཙང་བོའི་གཡུལ་འགྱེལ་མགོ་བརྩམས་སོང་ཞེས་ཟེར།

འཁྲུག་ཆེན་འདིའི་ཁྲོད་དུ་ང་ཡང་གྲོང་ཁྱེར་ཕཱ་རེ་ཡི་སྤྱི་དམངས་ཚོ་དང་མཉམ་དུ་མཚམས་མཚམས་སུ་རྒྱལ་ཁའི་གཏམ་བཟང་གོ་ནས་དགའ་སྤྲོ་ཚད་མེད་སྐྱེས། མཚམས་མཚམས་སུ་གཡུལ་ལས་ཕམ་ཁ་ཉོས་བྱུང་ཞེས་སེམས་ཕྲལ་ཚད་མེད་བྱུང་། ང་རང་ཆེས་བློ་མི་བདེ་ས་ཞིག་ནི་གལ་སྲིད་འཇར་དམག་གིས་གྲོང་ཁྱེར་ཕཱ་རེ་དབང་དུ་བསྡུས་ན་ང་དང་བུ་མོ་གཉིས་ཀར་དུས་ཡུན་རིང་པོར་ཁ་བྲལ་གཏོང་དགོས་པ་དེ་ཡིན། དེ་དུས་སུ་སེམས་ཕྲལ་ཆེན་པོ་བྱས་ནའང་ངས་ལས་གནས་གཏན་སྲུང་བྱ་རྒྱུའི་སེམས་ཐག་བཅད། ཧྥ་རན་སུའི་དམག་མིས་མཱ་འུན་གཙང་བོའི་གཡུལ་འགྱེས་ལས་རྒྱབ་ཁ་ཐོབ་སོང་བའི་གཏམ་བཟང་དེ་བསྒྲགས་འོང་དུས་མི་ཚང་མས་གྲོང་ཁྱེར་ཕཱ་རེ་དགྲ་བོའི་ལག་ཏུ་མི་ཤོར་པར་ཡིད་ཆེས་ཆེན་པོ་སྐྱེས། དེ་བས་ངས་བུ་མོ་གཉིས་ཀ་ངའི་གམ་དུ་ལོག་ཏུ་བཅུག་པ་དང་ཁོ་མོ་གཉིས་ཀྱི་རེ་འདུན་ལྟར་མུ་མཐུད་དུ་སློབ་གྲྭར་འགྲིམས་ཏུ་བཅུག དེ་དུས་སུ་གྲོང་ཁྱེར་ཕཱ་རེ་ཡི་མི་རྣམས་ཀྱིས་ད་དུང་རྒྱལ་ས་དང་བར་ཐག་ཅུང་ཟད་རིང་བའི་ཞིང་ཆེན་གཞན་པ་ནས་བསྡད་ན་བདེ་འཇགས་རེད་བསམ་ཀྱིན་ཡོད་མོད། འོན་ཀྱང་ངའི་བུ་མོ་གཉིས་ཀ་ཅི་བཤད་འདི་བཤད་མེད་པར་ངའི་གམ་དུ་ལོག་པ་ཡིན་ལ་ཁོ་མོ་གཉིས་ལ་ཁ་བྲལ་མི་འདོད་པ་དང་སློབ་སྦྱོང་གི་མཚམས་བཅད་མི་འདོད་པའི་རྐྱེན་གྱིས་སོ།།

རྒྱལ་ཁབ་ལ་གོད་ཆགས་བྱུང་དུས་སྐྱེ་བོ་སུ་ཡིན་རུང་རང་གི་རྒྱལ་ཁབ་ལ་རང་ནུས་ཅི་ཡོད་ཀྱིས་ཕན་བདེ་སྐྲུན་དགོས། སྲིད་གཞུང་གིས་སློབ་ཆེན་གྱི་དགེ་རྒན་དང་ལས་གཉེར་བ་རྣམས་ལ་བཀོད་སྒྲིག་དང་ལས་བསྒོས་ཅི་ཡང་བྱས་མེད་ན་ཡང་མི་ཚང་མས་རང་རང་ས་ནས་རང་འགུལ་གྱིས་ལས་ཀ་ཞིག་གཉེར་ནས་རང་གི་ཡོན་ཏན་དང་ནུས་པས་མེས་རྒྱལ་ལ་ཞབས་འདེགས་ཞུ་བཞིན་ཡོད།

༡༩༡༤ལོའི་ཟླ་བརྒྱད་པར་གཡུལ་ས་ལ་འགྱུར་ལྡོག་གང་མང་བྱུང་། དེ་ལས་ཀྱང་ཧྥ་རན་སུས་ཐེངས་འདིའི་དམག་འཁྲུག་ཆེན་པོ་ལ་གྲ་སྒྲིག་གི་ཚད་ཀྱིས་མི་འདང་བ་ཤེས་ཐུབ། ལྷག་པར་དུ་རྨས་མ་མྱུར་སྐྱོབ་གྱི་སྐོར་ལ་ཚད་དང་རན་པའི་རྩ་འཛུགས་དང་བདག་གཉེར་ཤིན་ཏུ་ཆད། དེ་བས་སྤྱི་ཚོགས་སུ་གདེང་འཇོག་མི་ལེགས་པའི་ཚད་ཧ་ཅང་མཐོ། ངས་གནས་ཚུལ་འདི་ལ་མཉམ་འཇོག་ཆེན་པོ་བྱེས་ཡོད་པ་དང་རང་ཉིད་འདིའི་ཕྱོགས་ནས་དོན་དག་སྒྲུབ་ཐུབ་པ་དང་སྒྲུབ་འོས་པ་ཤེས་སོང་། དེ་བས་ང་རང་དེ་མ་ཐག་རྨས་མ་མྱུར་སྐྱོབ་གྱི་ལས་ཀ་འདི་ལ་ཞུགས་པ་ཡིན་ལ་འཐབ་འཁྲུག་མཇུག་རྫོགས་པའི་བར་དུ་ངས་ཆུ་ཚོད་དང་སེམས་ཤུགས་མང་པོ་བཏོན། བྱེ་བྲག་ཏུ་བཤད་ན་ངའི་ལས་ཀ་གཙོ་བོ་དམག་དཔུང་གི་སྨན་ཁང་དུ་སྨན་དཔྱད་རུ་ཁག་འཛུགས་རྒྱུ་དང་Xའཕྲོ་འོད་ཀྱི་བརྟག་དཔྱད་ལས་ཀ་་ལ་རྩ་འཛུགས་བྱས་རྒྱུ་དེ་ཡིན། དེ་མ་ཟད་དཀའ་ཁག་ཆེ་བའི་དུས་སྐབས་དེར་ངས་ཞིབ་འཇུག་གི་བྱ་བ་ལ་ཡང་ཁ་ཕྱོགས་མི་བསྒྱུར་ཀ་མེད་བྱུང་། ངས་རང་གི་དངོས་དཔྱད་ཁང་གཞི་རྒྱུ་ལེ་ཞིབ་འཇུག་གླིང་གི་ཐོག་ཁང་གསར་བར་གནས་སྤར་ནས་ཐབས་བརྒྱ་ཇུས་སྟོང་གིས་མུ་མཐུད་དུ་སློབ་མ་རྣམས་ལ་སློབ་ཁྲིད་བྱས་པ་ཡིན། དུས་དེ་དང་བསྟུན་ནས་ངས་ད་དུང་འབྲེལ་ཡོད་ཀྱི་གནད་དོན་ཁག་གཅིག་ལ་བསམ་གཞིག་བཏང་བ་དང་སྒོས་སུ་དམག་དོན་སྐོར་གྱི་གནད་དོན་ལ་བསམ་བློ་བཏང་།

ཚང་མས་ཤེས་གསལ་ལྟར། Xའཕྲོ་འོད་དེ་གསོ་རིག་སྟེང་དུ་བེད་སྤྱོད་བཏང་ནས་ནད་བཅོས་བྱས་རྒྱུ་དང་རྨ་ཁ་ཞིབ་བཤེར་བྱས་སྐབས་ཕན་ནུས་ཆེན་པོ་འདོན་ཐུབ། ཁྱད་པར་དུ་དམག་འཁྲུག་གི་སྐབས་སུ་ལག་རྩལ་འདི་ལ་བརྟེན་ནས་ཤའི་ནང་དུ་ཟུག་ཡོད་པའི་མེ་མདའི་མདེའུ་དེ་ལུས་སྟེང་གི་ཆ་ཤས་གང་ན་གནས་པ་གསལ་བོར་ཤེས་འགྲོ འདི་ལ་བརྟེན་ནས་སྨན་པས་བཤའ་བཅོས་བྱས་ནས་མདེའུ་བླངས་ཆོག་པ་དང་། དེ་མ་ཟད་མིའི་རུས་པ་དང་དོན་ལྔ་སྣོད་དྲུག་ཡོངས་ཀྱི་རྨས་སྐྱོན་གསོའི་ཚད་ག་འདྲ་ཡིན་པ་ཤེས་ཐུབ། དམག་འཁྲུག་གི་སྐབས་སུ་Xའཕྲོ་འོད་བེད་སྤྱོད་བཏང་ནས་རྨས་མ་མང་པོ་ཞིག་གི་ཚེ་སྲོག་བསྐྱབས་སོང་བ་ཡིན་ལ་མི་མང་པོ་ཞིག་སྡུག་བསྔལ་ལས་ཐར་བར་བྱས་པ་དང་མི་ཚེ་ཧྲིལ་བོར་དབང་བོ་སྐྱོན་ཅན་དུ་འགྱུར་མ་དགོས། དེ་ལས་ལྷག་པར་ནད་བཅོས་ཀྱི་དུས་ཡུན་ཇེ་ཐུང་དུ་བཏང་།

དམག་འཁྲུག་མགོ་བརྩམས་དུས། དམག་དཔུང་དུ་སྨན་བཅོས་ལས་ཁུངས་ཆེ་མ་ཆུང་གསུམ་གང་ཡིན་རུང་Xའཕྲོ་འོད་ཀྱི་ནད་བཅོས་སྒྲིག་ཆས་གཅིག་ཀྱང་མེད་པར་མ་ཟད་ད་དུང་དེ་དག་བཀོལ་སྤྱོད་བྱས་ཤེས་མཁན་གྱི་ལག་རྩལ་པ་ཡང་མེད། ས་གནས་སྨན་ཁང་ཡིན་ནའང་སྨན་ཁང་ཆེ་ཤོས་སྐོར་ཞིག་མ་གཏོགས་སྒྲིག་ཆས་འདི་དག་ཚང་བ་ནི་ཧ་ཅང་ཉུང་། སྨན་ཁང་ཆེ་བའི་ནང་ན་སྒྲིག་ཆས་ཡོད་ཀྱང་དེ་བཀོལ་སྤྱོད་བྱས་ཤེས་མཁན་གྱི་ལག་རྩལ་པ་ཡོད་པ་མ་རེད། དམག་འཁྲུག་བྱུང་རྗེས་ཧྥ་རན་སུའི་ག་ས་གང་དུ་སྨན་ཁང་བཙུགས་བྱུང་ནའང་སྒྲིག་ཆས་འདི་འདྲ་བ་ཕལ་ཆེར་མཐོང་རྒྱུ་མི་འདུག

འཕྲོ་ཐིག་སྒྲིག་ཆས་དང་དེ་བཀོལ་སྤྱོད་བྱས་ཤེས་བའི་ལག་རྩལ་པ་ཤིན་ཏུ་ཉུང་བའི་གནས་ཚུལ་འདི་བསྒྱུར་ཆེད་ངས་མྱུར་དུ་དངོས་དཔྱད་ཁང་དང་མཛོད་ཁང་གི་ནང་ན་ཉར་ཚགས་བྱས་ཡོད་པས་འཕྲོ་ཐིག་སྒྲིག་ཆས་ཡོད་ཚད་ཕྱོགས་གཅིག་ཏུ་སྡོམ་ནས་༡༩༡༤ལོའི་ཟླ་བརྒྱད་པ་དང་དགུ་བའི་བར་དུ་ངའི་སྦྱོང་བརྡར་ཐོབ་པའི་དང་བླངས་པ་དེ་ཚོས་སྒྲིག་ཆས་བེད་སྤྱོད་བཏང་ནས་མཱ་ཨིན་གཙང་བོའི་གཡུལ་འགྱེལ་ཁྲོད་དུ་ནང་དཔྱད་ས་ཚིགས་གང་མང་བཙུགས་ཡོད་པ་དེ་དག་གིས་ནུས་པ་གལ་ཆེན་ཐོན། འོན་ཀྱང་Xའཕྲོ་འོད་སྒྲིག་ཆས་གྲངས་ཚད་ཀྱི་ད་དུང་གྲོང་ཁྱེར་ཕཱ་རེ་ཡི་སྨན་ཁང་ཡོངས་ཀྱི་དགོས་མཁོ་བསྐོང་མ་ནུས་པས་ངས་རྒྱ་གྲམ་དམར་པོ་ལྷན་ཚོགས་ལས་རོགས་རམ་བྱ་དགོས་ཚུལ་ཞུས་པ་ཡིན། ལྷན་ཚོགས་དེ་ཡི་རོགས་རམ་འོག་ང་ཚོས་འཁོར་རྒྱུག་བྱས་ཐུབ་པའི་X་འཕྲོ་འོད་ཤེལ་ཆས་ཤིག་ཇུས་བཀོད་དང་སྒྲིག་བཟོ་བྱས་པ་ཡིན། དེ་ནི་མ་གཞི་སྤྱིར་བཏང་གི་སྐྱེལ་འདྲེན་རླངས་འཁོར་ཞིག་བསྐྱར་སྒྲིག་བྱས་ནས་བཟོས་པ་ཡིན། དེ་ནི་སྒྲིག་ཆས་ཀྱི་མ་ལག་གི་བྱེ་བྲག་མ་ལུས་ཡོངས་སུ་ཚང་བའི་X་འཕྲོ་འོད་འཕྲོ་གཏོང་འཕྲུལ་ཆས་ཞིག་རླངས་འཁོར་གྱི་ཐོག་ཏུ་བཀལ་ནས་གྲུབ་པ་ཡིན་ལ། དེ་ལྟར་སྒྲིག་བཟོ་བྱས་ན་རླངས་འཁོར་ཀྱི་འཕྲུལ་སྒུལ་ཆས་ཀྱི་ནུས་ཤུགས་བེད་སྤྱད་ནས་གློག་འདོན་འཕྲུལ་ཆས་ཀྱི་གློག་སྒོ་བྱས་ཐུབ་ལ། གློག་སྒོ་བེད་སྤྱད་ནས་X་འཕྲོ་འོད་སྒྲིག་ཆས་ལ་གློག་ནུས་བེད་སྤྱོད་གཏོང་ཐུབ།

འཁོར་རྒྱུག་རླངས་འཁོར་འདི་གང་སར་བསྐྱོད་ཐུབ་ལ་གྲོང་ཁྱེར་ཕཱ་རེ་ཡི་སྨན་ཁང་ཆེ་མ་ཆུང་གསུམ་གང་ཡིན་རུང་གལ་སྲིད་སྒྲིག་ཆས་འདི་དགོས་མཁོ་ཡོད་ན་མྱུར་དུ་ས་དེ་གར་ཐོན་ཐུབ་པ་ཡིན། མྱུར་སྐྱོབ་བྱས་དགོས་པའི་སྐབས་སུ་རླངས་འཁོར་འདིའི་ཕན་ནུས་ཧ་ཅང་མངོན་གསལ་ཡིན། སྨན་ཁང་མང་ཤས་སུ་དུས་རྒྱུན་དུ་མྱུར་སྐྱོབ་བྱས་དགོས་པའི་ནད་པ་དང་སྙུང་གཞི་སེལ་དཀའ་བ་སོགས་ལ་འཕྲད་སྲིད་པས་གལ་སྲིད་ས་ཐག་ཅུང་ཟད་རིང་བའི་ཆེད་ལས་སྨན་ཁང་དང་སྨན་ཁང་ཆེ་ཤོས་སུ་བསྐྱེལ་མ་ཐུབ་པ་ལྟ་བུའི་ཉེན་ཁ་ལ་ཐུག་ཏུས་རླངས་འཁོར་འདིའི་ཕན་ཡོན་བསམ་གྱིས་མི་ཁྱབ།

དང་ཐོག་གི་ཚོད་དཔག་ལྟར་ན་འཁོར་རྒྱུག་རླངས་འཁོར་འདི་དག་གི་ནུས་པ་གལ་ཆེན་འདོན་ཐུབ་ལ་དེ་ལ་སྤྱི་ཚོགས་སྟེང་དུ་མཁོ་ཚད་ཧ་ཅང་ཆེ། ངས་འདི་ནས་ངེས་པར་དུ་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོ་གཉེར་བཞིན་པའི་མི་རྣམས་ཀྱི་རྒྱབ་སྐྱོར་དང་ཞལ་འདེབས་བྱས་པ་ལ་བཀའ་དྲིན་ཞུ་དགོས་ཡོད། སྒོས་སུ་རྒྱལ་ཡོངས་ནད་དཔྱད་མྱུར་སྐྱོབ་ལྷན་ཚོགས་ཀྱི་ང་ལ་རོགས་རམ་གང་མང་བྱས་ནས་ད་གཟོད་ང་ཚོའི་འཁོར་རྒྱུག་རླངས་འཁོར་བཟོ་རྒྱུའི་འཆར་གཞི་དེ་འགོར་འགྱངས་ཅི་ཡང་མེད་པར་ལག་ལེན་དུ་བསྟར་ཐུབ་སོང་། ལྷན་ཚོགས་དེ་ཡི་ཚོགས་མི་རྣམ་པའི་ལས་ཕྱོད་ཧ་ཅང་མཐོ།

ཧྥ་རན་སུ་དང་པེ་ལེ་ཧྲི་རྒྱལ་ཁབ་གཉིས་བར་གྱི་གཡུལ་ས་དང་ཧྥ་རན་སུའི་ས་གནས་གཞན་པ་སྐོར་ཞིག་ལ་ངས་བསྡོམས་པསXའཕྲོ་འོད་ནད་དཔྱད་ས་ཚུགས་ཉིས་བརྒྱ་ལྷག་གསར་བཟོ་དང་བསྐྱར་སྒྲིག་བྱས་ཡོད། དེ་མ་ཟད་ད་དུང་་དམག་དཔུང་གི་མྱུར་སྐྱོབ་སྐོར་ལ་བཀོལ་སྤྱོད་གཏོང་བའི་ཆེད་དུ་X་འཕྲོ་འོད་ནད་དཔྱད་འཁོར་རྒྱུག་རླངས་འཁོར་ལ་མ་ལག་ཁྱད་པར་ཅན་འགའ་བཙུགས། རླངས་འཁོར་འདི་དག་ནི་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་རྣམས་ཀྱིས་ཞལ་འདེབས་བཏང་པ་ཡིན། དེ་མ་ཟད་མི་ཁ་ཤས་ཅིག་གིསX་འཕྲོ་འོད་ཆ་ཚང་མཁོ་སྤྲོད་བཏང་བ་ཡིན། ཞལ་འདེབས་བྱ་བཞག་འདི་དག་གིས་གཡུལ་ས་ནས་རྨས་མ་མྱུར་སྐྱོབ་སྐོར་ལ་ཕན་པ་ཆེན་པོ་ཐོན།

ཞལ་འདེབས་བཏང་ནས་བཟོས་པིའ་རླངས་འཁོར་དང་སྒྲིག་ཆས་འདི་དག་གིས་དམག་འཁྲུག་གི་སྔོན་གྱི་ལོ་གཉིས་ལ་ཕན་པ་ཆེན་པོ་ཐོན། རྒྱུ་མཚན་ནི་སྐབས་དེར་གཡུལ་ས་ནXའཕྲོ་འོད་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་ཧ་ཅང་ཉུང་། ཡུན་རིང་མ་འགོར་བར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་སྒྲིག་ཆས་འདི་དག་གི་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དེ་མཐོང་བ་ནས་བཟུང་གཞི་རྒྱུ་ཆེན་པོའི་སྒོ་ནས་སྒྲིག་ཆས་འདི་བཟོ་མགོ་བརྩམས། འོན་ཀྱང་དམག་དཔུང་ལ་མཁོ་ཚད་ཧ་ཅང་ཆེ་བས་ངས་རྒྱལ་ཁབ་འཕྲོད་བསྟེན་པུའུ་དང་དུས་ཡུན་རིང་པོའི་མཉམ་ལས་མི་བྱས་ཀ་མེད་བྱུང་། མཉམ་འབྲེལ་འདི་ལྟ་བུ་དམག་འཁྲུག་འཇུག་རྫོགས་རྗེས་ཀྱི་ལོ་འགར་རྒྱུན་མཐུད་བྱས།

གལ་སྲིད་ང་སྨན་ཁང་སོ་སོའི་མྱུར་སྐྱོབ་ས་ཚུགས་ལ་དངོས་སུ་སོང་མེད་རྒྱུ་ན་ནད་པ་ཚོ་དང་སྨན་ཁང་གི་དགོས་མཁོ་ཅི་འདྲ་ཆེ་བའི་གནས་ཚུལ་དེ་ཤེས་རྒྱུ་མ་རེད། དེ་ཡིན་སྟབས་ངས་སྒྲིག་ཆས་བཟོ་རྒྱུ་དང་སྐྱེལ་འདྲེན་བྱ་རྒྱུའི་བྱ་བ་ནན་མོ་སྒོ་ནས་དང་དུ་ལངས་འདུག་མི་དཔོག རྒྱ་གྲམ་དམར་པོ་ལྷན་ཚོགས་དང་རྒྱལ་ཁབ་འཕྲོད་བསྟེན་པུའུ་གཉིས་ཀྱི་རོགས་རམ་དང་ཆོག་མཆན་འཛུབ་སྟོན་འོག་ང་རང་ཧྥ་རན་སུའི་ས་ཆ་སོ་སོ་དང་གཡུལ་ས་གལ་ཆེན་དག་ལ་ལྟ་ཞིབ་དུ་འགྲོ་ཐུབ་སོང་། དེ་མ་ཟད་ང་རང་བྱང་ཕྱོགས་ཀྱི་གཡུལ་ས་དང་པེ་ལེ་ཧྲི་དམག་དཔུང་གི་འཐབ་ར་ནང་གི་མྱུར་སྐྱོབ་ས་ཚིགས་ལ་ལྟ་ཞིབ་བྱས་དུ་འགྲོ་ཐུབ་སོང་། སྔ་གཞུག་ཏུ་ང་རང་ཡཱ་མན། ཇཱ་ལེ། ཏོན་ཁོར་ཁི། ཧྥོར་ནེ་དང་པོ་ཕཱུ་ལན་ཀི་ས་ཆ་སོགས་དང་། ད་དུང་ཧྥན་ཨར་ཏིན། ནན་ཤེ ཕེར་ཧྥོ། ལུའུ་ནཱ་ཝེ་ཨར། ཀོན་པེ་ནར། ཝེ་ཡེར་ཁུ་ཊི་ལེ་སོགས་ས་ཆ་གང་མང་དུ་སོང་།

གཡུལ་ས་དང་ཐག་ཅུང་ཟད་རིང་བའི་ས་ཆ་དེ་དག་ལ་མྱུར་སྐྱོབ་པའི་གྲངས་ཚད་ཀྱི་མི་འདང་བ་དང་བྱ་བའི་དཀའ་ཁག་ཧ་ཅང་ཆེ། དེ་བས་ང་རང་དུས་རྒྱུན་དུ་ས་དེ་གར་རོགས་རམ་བྱས་དུ་སོང་། ངས་ཁོ་ཚོར་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ནས་མི་ཕན་ཚུན་བར་ལ་ཕན་ཚུན་ལ་རོགས་རམ་བྱས་པའི་གནས་ཚུལ་དེར་ཁོ་ཚོ་སེམས་འགུལ་ཆེན་པོ་ཐེབས་ཡོད། དེ་དུས་ཁོ་ཚོས་ང་ལ་ལྷག་བསམ་རྣམ་དག་གི་ཟུགས་རྗེས་འཕྲིན་ཡིག་མང་པོ་བྲིས་ཡོད། འཕྲིན་ཡིག་དེ་དག་ངས་ད་དུང་ཡང་ཉར་ཚགས་བྱས་ཡོད།

གལ་སྲིད་ང་ལ་མྱུར་སྐྱོབ་ས་ཚིགས་ཀྱི་སྨན་པའི་རེ་ཞུ་བྱས་ཚེ་ངས་རང་གིས་གྲ་སྒྲིག་བྱས་ཡོད་པསXའོད་སྒྲིག་ཆས་དེ་བཀལ་ཡོད་པའི་འཁོར་རྒྱུག་རླངས་འཁོར་དེ་བསྐོར་ནས་ས་དེ་ག་རུ་མྱུར་སྐྱོབ་རོགས་རམ་བྱས་དུ་སོང་བ་ཡིན། ངས་ད་དུང་མྱུར་སྐྱོབ་ས་ཚུགས་ཀྱི་དགོས་མཁོ་ཚང་མ་རྩད་བཅད་ནས་རྗེས་མར་གྲོང་ཁྱེར་དུ་ཐོན་དུས་ཐབས་བརྒྱ་ཐུས་སྟོང་གིས་དོན་ཕྲན་ཚེགས་དེ་དག་རང་ནུས་ཅི་ཡོད་ཀྱིས་བསྒྲུབ་ནས་རེ་འདུན་བསྐོང་བ་ཡིན། གཡུལ་སའི་མྱུར་སྐྱོབ་ས་ཚིགས་སུX་འཕྲོ་འོད་བེད་སྤྱོད་གཏོང་ཤེས་མཁན་གྱི་ལས་བྱས་མི་སྣ་ཕལ་ཆེར་མེད་པས་ངས་ངེས་པར་དུ་མི་འོས་འཚམ་ཅན་འགའ་བདམས་ནས་ཟུར་ཁྲིད་བྱས་དགོས་བྱུང་། ཉིན་འགའི་རྗེས་ཀྱི་ཟུར་ཁྲིད་མཇུག་རྫོགས་རྗེས་ཁོ་ཚོས་སྒྲིག་ཆས་འདི་དག་བེད་སྤྱོད་གཏོང་ཤེས་འདུག་ལ་ལག་ལེན་དུ་བཀོལ་སྤྱོད་བྱས་ཐུབ། སྐབས་དེའི་རྨས་མ་རྣམས་ཡང་ལས་བྱས་མི་སྣ་ཚོར་ཟུར་ཁྲིད་བྱས་ཞོར་དུ་བརྟག་དཔྱད་བྱས་པ་ཡིན།

དང་ཐོག་X་འཕྲོ་འོད་སྒྲིག་ཆས་ཀྱི་ཕན་ཡོན་ཧ་གོ་མཁན་གྱི་སྨན་པ་ཧ་ཅང་ཉུང་། ཟུར་ཁྲིད་ཀྱི་གོ་སྐལ་ཐོབ་རྗེས་ཁོ་ཚོས་སྒྲིག་ཆས་འདིའི་ནུས་པ་ཤེས་པ་རེད། དེ་བས་ང་དང་ཁོ་ཚོའི་བར་གྱི་འབྲེལ་བ་དང་བརྩེ་བ་ཇེ་ཟབ་ཡིན། ང་ཡང་བསྐྱར་ས་ཚིགས་དེ་ལ་འགྲོ་དུས་སྟབས་ཤིན་ཏུ་ཇེ་བདེར་སོང་།

ཐེངས་འགར་ངའི་བུ་མོ་ཆེ་བ་ང་དང་འགྲོགས་ནས་མཉམ་དུ་ཕྱིའི་མྱུར་སྐྱོབ་ས་ཚིགས་ལ་སོང་བ་ཡིན། ཁོ་མོ་དེ་དུས་ལོ་བཅུ་བདུན་ཡིན་ལ་མཐོ་འབྲིང་མཐར་ཕྱིན་རྗེས་ཕཱ་རེ་སློབ་ཆེན་དུ་མུ་མཐུད་དུ་སློབ་གཉེར་མཛད། ཁོ་མོས་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་བམས་བློ་བཅངས་ནས་གཡུལ་ས་ནས་རྨས་མ་མྱུར་སྐྱོབ་སྐོར་ལ་འབད་པ་ཚད་མེད་བྱས། མོ་ལ་ནད་དཔྱད་དང་ནད་པར་ལྟ་སྐྱོང་གི་ཤེས་བྱ་དང་ལག་རྩལ་འཛོམས་པ་དང་ད་དུངX་འཕྲོ་འོད་སྒྲིག་ཆས་བེད་སྤྱོད་གཏོང་སྟངས་ཡང་ཤེས་ཡོད་པས་གནས་ཚུལ་ཆེ་མ་ཆུང་གསུམ་གང་རུང་གི་འོག་ནས་ངའི་ལག་རོགས་བྱས་ཐུབ། མོས་ཧྥོར་ནེ་དང་ཡེ་ཕུད་བར་ཀྱི་གཡུལ་ས་དང་ཡཱ་མན་ས་ཆ་སོགས་སུ་མྱུར་སྐྱོབ་གྱི་བྱ་བ་སྒྲུབ་ཐུབ་སོང་། ལས་གནས་ནས་ལག་རྗེས་ཆེན་པོ་བཞག་ཡོད་སྟབས་ཁོ་མོར་གཟེངས་རྟགས་གང་མང་ཐོབ་པ་དང་། དམག་འཁྲུག་མཇུག་རྫོགས་རྗེས་སུ་ཁོ་མོར་རྒྱལ་ཡོངས་རིམ་པའི་ཕུལ་བྱུང་བྱ་དགའ་ཐོབ།

དམག་འཁྱུག་སྐབས་སུ་མྱུར་སྐྱོབ་ཀྱི་བྱ་བ་གཉེར་པའི་གོ་རིམ་དང་དོན་དག་ཕྲན་ཚེགས་དེ་དག་ང་དང་ངའི་བུ་མོ་གཉིས་ཀས་ནམ་ཡིན་རུང་བརྗེད་ཐབས་མེད། མྱུར་སྐྱོབ་ས་ཚུགས་ལ་རླངས་འཁོར་བསྐོར་ནས་ས་གནས་སོ་སོའི་མྱུར་སྐྱོབ་ས་ཚིགས་ལ་བགྲོད་པའི་ལམ་དུ་དུས་རྒྱུན་བསམ་ཡུལ་ལས་འདས་པའི་དཀའ་ཁག་རྣམ་པ་སྣ་ཚོགས་ལ་ཕྲད་འགྲོ ངེད་གཉིས་ཀྱིས་དུས་རྒྱུན་དུ་དམིགས་ཡུལ་ལ་བདེ་ལེགས་ངང་བསྐྱོད་ཐུབ་མིན་གསལ་བོ་ཤེས་ཐབས་མེད། ཞག་ལ་གནས་ཚང་གང་ནས་གཡར་རྒྱུ་དང་ཁ་ལ་ཟས་གཡོལ་གང་ནས་སྤྱོད་རྒྱུ་སོགས་ཀྱང་མི་ཤེས། འོན་ཀྱང་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པས་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་དཀའ་ཁག་ཡོད་ཚད་བདེ་བླགས་ངང་བར་ཆད་སེལ་བྱུང་། ས་ཆ་གང་ལ་ཐོན་རུང་དོན་དག་ཆེ་མ་ཆུང་གསུམ་ལ་དབྱེ་བ་མེད་པར་ང་སྔོན་དུ་བརྒྱུགས་ནས་ཐག་གཅོད་བྱས་པ་ཡིན། དེ་མ་ཟད་ད་དུང་མཚམས་ལན་རེར་དམག་དཔོན་ལ་ངོ་གཏུག་ནས་སྐྱེལ་འདྲེན་བྱས་ཆོག་པའི་ཆོག་མཆན་ཐོབ་པར་ཕར་འགྲོ་ཚུར་འོང་མང་པོ་བྱ་དགོས། དུས་རྒྱུན་དུ་ངའི་ལག་རོགས་ཀྱིས་རོགས་རམ་འོག་ཏུ་ང་རང་གིས་དངོས་སུ་སྒྲིག་ཆས་དག་མེ་འཁོར་སྟེང་དུ་བཀལ་བ་ཡིན། དེ་ལྟར་ཡིན་ན་ད་གཟོད་འབབ་ཚིགས་ནས་དུས་ཡུན་རིང་པོར་སྒུག་མི་དགོས་ལ་སྒྲིག་ཆས་དེ་དག་འགོར་འགྱངས་མེད་པར་དམིགས་ཡུལ་དུ་སྐྱེལ་ཐུབ། དམིགས་ཡུལ་དེ་ལ་ཐོན་དུས་སུ། ངས་ད་དུང་སྒྲིག་ཆས་དེ་དག་འཇོག་སའི་རླངས་འཁོར་ས་ཚིགས་ལ་སོང་ནས་སྒྲིག་ཆས་འཇོག་སའི་ཡུལ་དང་སྒྲིག་ཆས་ལ་ཞིབ་བཤེར་བྱས་དགོས།

ངས་འཕྲོ་གཏོང་སྒྲིག་ཆས་བཙུགས་ཡོད་པའི་རླངས་འཁོར་བསྐོར་ནས་ཕྱོགས་བཞིར་བསྐྱོད་དགོས་ཚེ་གནད་དོན་གང་མང་ལ་ཐུག་སོང་། དཔེར་ན་རླངས་འཁོར་ལ་བདེ་འཇགས་ཀྱི་སྡོད་ཚིགས་ཤིག་འཚོལ་དགོས་པ་དང་ལག་རོགས་རྣམས་ཀྱི་ཟ་འཐུང་ལ་ཡང་ཐབས་ཤེས་འཐེན་དགོས། ད་དུང་མཚམས་ལན་རེརར་རླངས་འཁོར་ལ་ཆགས་སྐྱོན་བྱུང་ན་ལྷུ་ལག་གང་མང་འཚོལ་དགོས། ཁ་ལོ་བ་གླ་མ་ཐུབ་པའི་རྐྱེན་གྱིས་ངས་རླངས་འཁོར་བསྐོར་སྲོལ་སྦྱངས་བ་ཡིན་ལ་དགོས་མཁོ་བྱུང་དུས་ངས་རླངས་འཁོར་བསྐོར་ནས་ཕྱོགས་སར་ཐོན་པ་ཡིན། ངས་ཞིབ་བཤེར་ནན་མོའི་ངང་ལྟ་རྟོག་འོག་སྒྲིག་ཆས་དེ་དག་མགྱོགས་མྱུར་ངང་དམིགས་ཡུལ་དུ་ཐོན་ངེས། གལ་སྲིད་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་དོན་དག་འདི་དག་གཉེར་རྒྱུ་ན་ཆུ་ཚོད་མང་པོ་དོན་མེད་དུ་འཕྲོ་བརླག་བྱས་འགྲོ་ཁོ་ཐག་ཡིན། དེ་བས་དམག་དཔོན་དེ་དག་གིས་ང་ལ་དུས་རྒྱུན་དུ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའང་ངའི་གནད་དོན་ཐག་གཅོད་བྱས་དུས་ཀྱིས་མྱུར་ཚད་དང་ནུས་པ་ལ་ཡིད་མོས་པ་ཡིན་པས་སོ།།

ངའི་བུ་མོས་ནམ་ཡིན་ཡང་དེའི་སྐབས་སུ་མྱུར་སྐྱོབ་ས་ཚིགས་སོ་སོར་ཕར་འགྲོ་ཚུར་འོང་བྱས་པས་དོན་དེ་ཚོ་ཕྱིར་དྲན་བྱས་དུས་རབ་ཏུ་དགའ་བའི་ཚུལ་ཞིག་ཤར། ངེད་གཉིས་སྨན་ཁང་སོ་སོའི་སྨན་པ་དང་མྱུར་སྐྱོབ་ས་ཚིགས་ཀྱི་ནད་གཡོག་རྣམས་ལ་འབྲེལ་བ་ཧ་ཅང་བཟང་ལ་བརྩེ་བ་ཧ་ཅང་ཟབ། ཁོ་ཚོས་དཀའ་ངལ་ལ་མི་འཛེམ་པར་ལས་གནས་བརྟན་སྲུང་བྱས་པའི་སེམས་ཤུགས་དེ་ཡིས་ང་དང་ངའི་བུ་མོ་གཉིས་ལ་སེམས་འགུལ་ཐེབས་སུ་བཅུག ངེད་གཉིས་ཀྱིས་ཀྱང་ཁོ་ཚོ་མིག་དཔེ་ལྟ་ས་བྱས་ནས་ངེད་གཉིས་ཀྱིས་དཀའ་བ་བརྒྱ་ཕྲག་སེལ་བར་སྐུལ་མ་བཏང་བ་ཡིན། དམིགས་ཡུལ་དང་བརྩོན་ལེན་བྱས་ས་གཅིག་ཡིན་པའི་རྐྱེན་གྱིས་ང་ཚོ་ཚང་མ་སྤུན་གྲོགས་ལྟར་གཅིག་སེམས་གཅིག་ལ་གཏད་ཡོད། ཕན་ཚུན་ལ་རོགས་རམ་གང་མང་བྱས་པས་ད་གཟོད་ལས་འགན་ཚང་མ་བདེ་བླགས་ངང་འགྲུབ་སོང་།

ང་ཚོས་པེ་ལེ་ཧྲི་རྒྱལ་ཁབ་ནས་མྱུར་སྐྱོབ་རུ་ཁག་ལ་རོགས་རམ་བྱས་དུས་སུ་རྒྱལ་པོ་དང་རྒྱལ་མོ་ཨེ་རེ་ཧྲ་པེ་གཉིས་ཀ་དུས་རྒྱུན་དུ་འཚམ་འདྲི་བྱས་དུ་འོང་། རྒྱལ་པོ་རྒྱལ་མོ་གཉིས་ཀས་བྱམས་བརྩེ་ཆེ་བའི་རྨས་མ་རྣམས་ལ་ཐུགས་ཁུར་ཚད་མེད་བྱས་ཡོད་པ་དེ་ཡིས་ང་ལ་བག་ཆགས་ཟབ་མོ་བཞག

དེ་ལས་ཀྱང་ང་ལ་སེམས་འགུལ་ཐེབས་དུ་བཅུག་པ་ནི་རྨས་མ་དེ་ཚོས་སྨན་བཅོས་བྱས་པའི་སྐབས་སུ་ན་ཚ་ལ་མི་འཛེམ་པར་འཁུན་སྒྲ་ཙམ་ཡང་མི་འདོན་པའི་སྙིང་སྟོབས་དང་སྤོབས་པ་དེ་ཡིན། སྐབས་རེ་རེར་ངས་བྱམས་སེམས་དང་ཡི་རངས་ཀྱི་ལྷག་བསམ་བཅིངས་ནས་རྨས་མ་ཚོར་འཕྲོ་འོད་བརྟག་དཔྱད་བྱས་དུས། ན་ཚའི་སྡུག་བསྔལ་ཇེ་ཉུང་དུ་གཏོང་ཆེད་ངས་རང་ནུས་ཅི་ཡོད་ཀྱིས་ལག་ཡང་མོ་བྱས་པ་ཡིན། ང་ཚོ་འགྲོགས་ནས་དུས་ཚོད་ཅུང་ཟད་འགོར་རྗེས་ཕན་ཚུན་བར་ལ་ངོ་ཤེས་སུ་གྱུར་སོང་ལ་དེ་དུས་སྤྱིར་བཏང་གི་ཁ་ཏ་བྱས་ནས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དུ་སོང་། ངས་ཁ་ཏ་བྱས་པའི་རྣམ་པ་འདི་བརྒྱུད་ནས་ཁོ་རང་ཚོ་ལ་ཡི་རངས་བྱས་པའི་ཚུལ་བཟུང་། Xའཕྲོ་འོད་བརྟག་དཔྱད་བྱས་གྲབས་བྱས་ཡོད་པའི་རྨས་མ་རྣམས་ཀྱིས་ཀྱང་སྒྲིག་ཆས་ཁྱད་མཚར་ཅན་འདི་ལ་རྒྱུས་ལོན་བྱས་རྒྱུའི་འདུན་པ་ཧ་ཅང་དྲག

ངས་ནམ་ཡིན་ཡང་དམག་འཁྲུག་གི་སྐབས་སུ་བྱུང་བའི་འགྲོ་བ་མིའི་བདེ་ཐང་ལ་གནོད་འཚེ་ཚད་མེད་བཏང་པའི་སྡུག་རྩུབ་ཅན་གྱི་སྣང་ཚུལ་དེ་དག་བརྗེད་ཐབས་མེད། དེ་བས་ང་རང་དམག་འཁྲུག་ལ་ཧ་ཅང་སྡང་། ལོ་འདི་འགའི་རིང་ལ་ངས་མཐོང་མྱོང་བའི་འཇིགས་རུང་གི་དམག་འཁྲུག་གི་གནས་ཚུལ་དང་གཞན་གང་ཡིན་རུང་དམག་འཁྲུག་ལ་སྡང་སེམས་སྐྱེསངེས། མྱུར་སྐྱོབ་རླངས་འཁོར་དེ་གཡུལ་ས་ལ་ཐོན་ནས་ནད་དཔྱད་བྱས་དུས། རླངས་འཁོར་ནང་དུ་བསྐྱེལ་ཡོང་བའི་རྨས་མ་ན་གཞོན་གསར་བུ་དེ་ཚོ་སུ་ཡིན་རུང་ཤ་རྣག་འདྲེས་ཡོད་པ་དང་ལུས་ཡོངས་ལ་འདམ་གྱིས་གཡོགས་ཡོད་པས་ལྟ་བའི་མི་སྡུག རྨས་མ་ལྗིད་མོ་རྣམས་དབུགས་ཆད་ལ་ཁར་ཡོད་ལ་ཚེ་སྲོག་རྩ་ཉག་མའི་ལྟ་བུ་ཉམས་ཆུང་དུ་གྱུར་ཡོད་། རྨས་ཚད་ཅུང་ཆུང་བའི་སྲོག་ཉེན་མེད་པའི་ནད་པ་ཡང་མ་མཐར་ལོ་ཐོག་ཟླ་བཞག་གི་སྡུག་བསྔལ་གང་མང་མྱངས་ན་ད་གཟོད་ག་ལེ་ག་ལེར་རྨ་ཁ་སོས་འགྲོ

ང་ལ་དཀའ་ལས་ཞིག་འཕྲད་སོང་བའི་གནས་ཚུལ་དེ་ནི་སྦྱོང་བརྡར་ཐོབ་ཡོད་པའི་ལག་རོགས་ཞིག་འཚོལ་རྒྱུ་དེ་ཡིན། ལག་རོགས་ཀྱིས་ང་ལ་Xའོད་འཕྲོ་གཏོང་སྒྲིག་ཆས་བེད་སྤྱོད་གཏོང་བར་རོགས་རམ་བྱས་ཐུབ། དམག་འཁྲུག་མགོ་བརྩམས་མ་ཐག་ཏུ་Xའཕྲོ་འོད་བཏང་ནས་ནད་བཅོས་བྱས་པའི་ལག་རྩལ་དེ་མི་དར་བས་སྒྲིག་ཆས་འདི་དག་ཧ་གོ་མཁན་དང་བེད་སྤྱོད་གཏོང་ཤེས་མཁན་ཉིན་མོའི་སྐར་མ་བཞིན་ཉུང་། སྒྲིག་ཆས་འདི་དག་བེད་སྤྱོད་གཏོང་མི་ཤེས་པའི་མིའི་ལག་ཏུ་བཞག་ན་ཆག་སྐྱོན་བྱུང་སླ་ཞིང་རིང་བོར་མི་ཐོགས་པར་ཕན་ནུས་ཅི་ཡང་འདོན་མི་ཐུབ། འོན་ཀྱང་དམག་འཁྲུག་གི་སྐབས་སུ་སྨན་ཁང་མང་ཆེ་བ་ནས་སྒྲིག་ཆས་འདི་ངེས་པར་དུ་སྤྱོད་དགོས་པས་དེ་ཡིས་ལས་ཞུགས་མི་སྣ་བསྡུ་དུས་སུ་གསོ་རིག་གི་ཤེས་ཡོན་རྨང་གཞི་མེད་ནའང་སྒྲིག་ཆས་འདི་བེད་སྤྱོད་གཏོང་ཤེས་ན་བསྡུ་ལེན་བྱས། དེ་བས་ཕལ་ཆེར་ཡི་གེ་འབྲི་ཀློག་ཤེས་པ་དང་བློ་སྒོ་གསལ་བ་ཅན་གྱི་གློག་ཆས་ཉུང་ངུ་ཙམ་བེད་སྤྱོད་གཏོང་ཤེས་ན་ལས་གནས་ཞུགས་ཆོག་པ་འདྲ། སློབ་ཆེན་གྱི་དགེ་རྒན་དང་བཟོ་ལས་པ། ཡང་ན་སློབ་ཆེན་པ་སོགས་སྦྱོང་བརྡར་ཅུང་ཟད་བཏང་ན་ཚད་ལྡན་གྱིXའཕྲོ་འོད་ནད་དཔྱད་པར་གྱུར་ཐུབ། དེ་བས་དམག་འཁྲུག་གི་དུས་སྐབས་སུ་དེ་ལ་ངས་གནས་སྐབས་ཙམ་གྱི་གཡུལ་ས་ལ་ཞུགས་མི་དགོས་པ་དང་ལས་གནས་སུ་ཡུན་རིང་བསྡད་ཆོག་པའི་མི་འགའ་ལག་རོགས་སུ་བསྡུ་དགོས་བྱུང་། འོན་ཀྱང་ཆ་རྐྱེན་འདི་གཉིས་ཀ་འཛོམས་པའི་མི་སུ་ཡིན་རུང་གློ་བུར་དུ་གཡུལ་ས་ལ་ཞུགས་དགོས་པའི་གནས་ཚུལ་ཧ་ཅང་མང་པས་ཡང་ངའི་ལག་རོགས་གསར་བ་ཞིག་མི་འཚོལ་ག་མེད་བྱུང་། གནས་ཚུལ་འདི་དག་ལ་དམིགས་ནས་ངས་ཐབས་བཀོད་གཞན་པ་མང་པོ་འཐེན་པ་ཡིན་ལ་མཉམ་བུད་མེད་འགའ་ལ་སྦྱོང་བརྡར་བཏང་ནས་ངའི་ལག་རོགས་བྱས་དུ་བཅུག དེ་བས་ངའི་འཕྲོད་བསྟེན་པུའུ་ལ་ད་སོ་མ་བཙུགས་པའི་ཡེ་ཊི་སུ་ཁ་ཝེར་སྨན་ཁང་གི་ཁོངས་གཏོགས་གསོ་རིག་སློབ་གྲྭའི་ནང་དུXའཕྲོ་འོད་བརྟག་དཔྱད་ཚན་ཁག་བཀོལ་སྒྲིག་བྱས་པའི་རེ་ཞུ་བོན་པ་ཡིན། ངའི་རེ་ཞུ་ལ་ཚོག་མཆན་བཀོད་ནས་གཞི་རྒྱུ་ལེ་ཞིབ་འཇུག་ཁང་གིས་༡༩༡༦ལོར་བརྟག་དཔྱད་ཚན་ཁག་འདི་རྩ་འཛུགས་དང་སློབ་ཁྲིད་བྱས་མགོ་བརྩམས། དམག་འཁྲུག་གི་དུས་སྐབས་ཧྲིལ་བོར་ཕལ་ཆེར་ཚན་ཁག་འདི་ནས་བུད་མེད་༡༥༠ལྷག་སྦྱོང་བརྡར་བྱས། དང་ཐོག་སློབ་མ་བསྡུ་ལེན་བྱ་དུས་ཁོ་མོ་ཚོས་དམའ་རིམ་སློབ་གསོ་མ་གཏོགས་ཐོབ་མེད་མོད། འོན་ཀྱང་རྣམ་འགྱུར་ཡང་དག་པ་བེད་སྤྱད་ནས་ཟུར་ཁྲིད་བྱས་སྟབས་སྒྲིག་ཆས་དེ་དག་བདེ་ལེགས་ངང་བེད་སྤྱོད་གཏོང་ཐུབ། ཚན་ཁག་འདིའི་ཟུར་ཁྲིད་ཀྱི་ནང་དོན་གཙོ་བོ་རྩ་བའི་གཞུང་ལུགས་དང་སྤྱིར་བཏང་གི་དངོས་སྦྱོང་། ད་དུང་སྐྱེ་དངོས་གཤགས་དཔྱད་ཕྱོགས་ཀྱི་ཤེས་བྱ་ཡང་བཀོད་སྒྲིག་བྱས་ཡོད། སློབ་ཁྲིད་དེ་དག་ངའི་བུ་མོ་དང་མི་ཧུར་པོ་ཅན་འགས་བཀོད་སྒྲིག་དང་ལེན་བྱས་པ་ཡིན། ཚན་ཁག་དེ་ནས་མཐར་ཕྱིན་པའི་བུད་མེད་དེ་ཚོ་རྗེས་སུ་ཕུལ་བྱུང་ཅན་གྱི་Xའཕྲོ་འོད་བརྟག་དཔྱད་སྨན་པར་གྱུར་ཡོད་པ་དང་ཐེངས་མང་པོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་གཟེངས་རྟགས་ཐོབ། ཁོ་མོ་ཚོའི་སློབ་སྦྱོང་གི་ནང་དོན་དང་ཚད་གཞི་ལ་བལྟས་ན་སྨན་པའི་ལག་རོགས་མ་གཏོགས་བྱས་མི་ནུས་མོད། འོན་ཀྱང་དེའི་གྲས་སུ་རང་རྐྱ་ཐུབ་པའི་སྒོ་ནས་བརྟག་དཔྱད་བྱས་ཐུབ་མཁན་ཡང་ཡོད།

དམག་འཁྲུག་གི་སྐབས་སུ་Xའཕྲོ་འོད་བེད་སྤྱད་ནས་བརྟག་དཔྱད་བཏང་བའི་མྱོང་རྒྱུད་འདིའི་ངའི་ཤེས་བྱ་དང་ཉམས་མྱོང་མང་པོ་གསོག་འཇོག་བྱས་ཐུབ་སོང་། ཉམས་མྱོང་དང་ཤེས་བྱ་དེ་ཐམས་ཅད་གསོ་རིག་བརྟག་དཔྱད་བྱས་ཐབས་དང་ལག་རྩལ་གསར་བའི་སྐོར་ཏག་ཏག་ཡིན། ངས་ངེས་པར་དུ་རང་གི་ཤེས་བྱ་འདི་དག་མི་གཞན་ལ་མཉམ་སྤྱོད་བྱས་དགོསབསམ་ནས་མིང་ལ་《འཕྲོ་གཏོང་ཚན་རིག་དང་དམག་འཁྲུག》ཞེས་པའི་དཔེ་ཆ་ཞིག་བརྩམས་པ་ཡིན། དཔེ་ཆ་དེ་འབྲི་བའི་དམིགས་ཡུལ་གཙོ་བོ་ནི་Xའཕྲོ་གཏོང་བརྟག་དཔྱད་ལག་རྩལ་གསོ་རིག་ལག་ལེན་ཁྲོད་དུ་རིན་ཐང་ཆེན་པོ་ལྡན་པ་གསལ་བཤད་དང་ར་སྤྲོད་བྱས་རྒྱུ་དེ་ཡིན། དེ་མ་ཟད་ལག་རྩལ་འདི་དམག་འཁྲུག་ཉེན་ཁའི་དུས་དང་ཞི་བདེ་དུས་སྐབས་གཉིས་ལ་གཤིབ་བསྡུར་དང་གསལ་བཤད་བྱས་ཡོད།

ཡང་དམག་འཁྲུག་སྐབས་སུ་གཞི་རྒྱུ་ལེ་བེད་སྤྱད་ནས་ནད་དཔྱད་བཏང་བ་དེའི་ཕན་ཡོན་དང་གཞི་རྒྱུ་ལེ་ཞིབ་འཇུག་ཁང་བཙུགས་ཚུལ་སོགས་རགས་ཙམ་བཤད་ན།

གྲོང་ཁྱེར་པོར་ཊོ་ན་ཉར་ཚགས་བྱས་ཡོད་པས་གཞི་རྒྱུ་ལེ་དེ་༡༩༡༥ལོར་གྲོང་ཁྱེར་ཕཱ་རེ་ལ་ཕྱིར་སྐྱེལ་ཡོང་། ང་དེ་དུས་གཟབ་ནན་ངང་ཚན་རིག་ཚོད་ལྟ་ལ་ཞིབ་འཇུག་བྱས་རྒྱུའི་ཁོམ་ལོངས་མེད་པས་གཞི་རྒྱུ་ལེ་དེ་རྨས་མའི་ནད་བཅོས་བྱས་རྒྱུ་དུ་བེད་སྤྱོད་བཏང་བ་ཡིན། ང་ཚོས་གཞི་རྒྱུ་ལེ་དེ་ཐད་ཀར་བླངས་ནས་ནད་བཅོས་བྱས་པ་མ་ཡིན་པར་གཞི་རྒྱུའི་འགྱེད་འཕྲོ་དབུགས་གཟུགས་དེ་ལ་བརྟེན་པ་ཡིན། ང་ཚོས་རང་ལ་གཞི་རྒྱུ་ལེ་འདི་བེད་སྤྱོད་བྱས་དུས་ངེས་པར་དུ་ཉུང་ངུ་ཙམ་ཞིག་སོ་བཞག་བྱས་རྒྱུར་ཐག་གིས་བཅད། ཚོད་ལྟ་ཁང་ནས་འགྱེད་འཕྲོ་དབུགས་གཟུགས་དེ་དག་གསོག་ནས་ཚད་ངེས་ཅན་ཞིག་ལ་ཐོན་དུས་སྨན་ཁང་སོ་སོར་བྱིན་ནས་བེད་སྤྱོད་གཏོང་རུ་བཅུག འགྱེད་འཕྲོ་དབུགས་གཟུགས་ཀྱིས་ནད་བཅོས་བྱས་པའི་བྱ་བ་དེ་ཕལ་ཆེར་གོ་གནས་དང་ཚད་རིམ་ཅུང་མཐོ་བའི་སྨན་ཁང་ཆེས་ཤོས་ནས་སྒྲུབ་པ་ཡིན། བྱེ་བྲག་གི་ནད་བཅོས་བྱས་ཐབས་སྨན་ཁང་སོ་སོ་དང་མི་འདྲ་བ་རེད། འགྱེད་འཕྲོ་དབུགས་གཟུགས་བེད་སྤྱད་ནས་ནས་བཅོས་བྱས་པ་དེ་ཐད་ཀར་གཞི་རྒྱུ་ལེ་བེད་སྤྱོད་བྱེ་པ་དང་བསྡུར་ན་སྟབས་བདེ་ཡིན་སྤྱོ་སྒོ་ཆེ། འོན་ཀྱང་ཧྥ་རན་སུ་ན་ད་ལྟའི་བར་དུའང་རྒྱལ་ཁབ་རྒྱལ་ཁབ་གྱི་བཙུགས་པའི་གཞི་རྒྱུ་ལེ་ཡི་ལུས་གསོ་ཁང་མེད་པ་དང་སྨན་ཁང་ཆེ་མ་ཆུང་གསུམ་དུ་འགྱེད་འཕྲོ་དབུགས་གཟུགས་ཀྱི་ནད་གསོ་ཁང་མཐོང་རྒྱུ་མེད།

ངས་འཕྲོད་བསྟེན་པུའུ་ལ་ང་ཚོས་ཞིབ་འཇུག་ཁང་ནས་ཤེལ་གྱི་སྦུལ་ཀུ་ནང་ལ་གཞི་རྒྱུ་ལེ་ཡི་འགྱེད་འཕྲོ་དབུགས་གཟུགས་བཅུས་ནས་དུས་སྟབས་ལྟར་དུ་མྱུར་སྐྱོབ་སྨན་ཁང་སོ་སོར་སྤྲད་ནས་བེད་སྤྱོད་བྱས་རྒྱུས་རེ་ཞུ་ཞུས་པ་དེ་ལ་ཆོག་མཆན་ཐོབ། ༡༩༡༦ལོ་ནས་བཟུང་། གཞི་རྒྱུ་ལེ་ཡི་འགྱེད་འཕྲོ་དབུགས་གཟུགས་བེད་སྤྱད་ནས་ནད་དཔྱད་ཀྱི་ཕྱོགས་ལ་བཀོལ་པའི་བྱ་བ་དེ་དམག་འཁྲུག་མཇུག་རྫོགས་པ་དང་དེ་རྗེས་ཀྱི་དུས་ཡུན་རིང་ཞིག་ལ་རྒྱུན་འཁྱོངས་བྱས། དུས་སྐབས་དེར་ང་ལ་ལག་རོགས་མེད་པས། ཤེལ་གྱི་སྦུལ་ཀུ་དེ་ཚང་མ་ངའི་དངོས་སུ་བཟོས་པ་ཡིན་ལ་གཞི་རྒྱུ་ལེ་འགྱེད་འཕྲོ་དབུགས་གཟུགས་ཡང་ངས་གསོག་འཇོག་བྱས་པ་ཡིན། དེ་གོ་རིམ་ཧ་ཅང་ཞིབ་ཕྲ་ཡིན་ལ་བཟོ་པའི་དུས་ན་ཧ་ཅང་གཟབ་གཟབ་བྱས་དགོས། གྲངས་ཀྱི་མི་ལོངས་བའི་ནད་པ་དང་རྨས་མས་ནད་དཔྱད་བྱས་ཐབས་འདི་བེད་སྤྱད་ནས་སྙུང་གཞི་དང་ན་ཚའི་སྡུག་བསྔལ་དང་བྲལ།

གྲོང་ཁྱེར་ཕཱ་རེ་ལ་མཁའ་དམག་གི་འཇབ་རྒོལ་ཐེབས་པ་ནས་བཟུང་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་གཞི་རྒྱུ་ལེ་བཟོ་བྱས་ཀྱི་སྒྲིག་ཆས་དང་འགྱེད་འཕྲོད་དབུགས་གཟུགས་སྒྲིག་ཆས་ཉར་ཚགས་བྱས་ཡོད་པའི་ཚོད་ལྟ་ཁང་ལ་དགྲ་བོའི་མཁའ་རྒོལ་མི་བྱུང་བའི་ཆེད་དུ་སྲུང་སྐྱོབ་ནན་མོ་བྱས་བྱུང་། གཞི་རྒྱུ་ལེ་ཡི་ནང་ནས་འགྱེད་འཕྲོ་དབུགས་གཟུགས་གསོག་འཇོག་བྱ་དགོས་ན་ངེས་པར་དུ་གཞི་རྒྱུ་ལེ་ལ་ངོ་གཏུག་དགོས། དེ་བས་བྱ་བ་འདི་ལ་ཉིན་ཁ་ཚད་ངེས་ཅན་ཞིག་ལྡན། དེ་བས་འགྱེད་འཕྲོ་འོད་ཀྱི་གནོད་པ་དེ་ལ་གཞོལ་བའི་ཆེད་དུ་བསྡུ་ལེན་དང་གསོག་འཇོག་བྱས་མཁན་གྱི་མི་དེ་ལ་སྲུང་སྐྱོབ་བྱ་དགོས། ང་ལ་ཐེངས་འགར་ལུས་ཕུང་མི་བདེ་བའི་སྣང་བ་ཚད་མེད་བྱིན་སོང་བ་དེ་ཡང་འགྱེད་འཕྲོ་འོད་ཀྱིས་གནོད་པ་བྱས་སོང་པ་ཡིན།

ནད་དཔྱད་དང་ནད་དཔྱད་ལ་སྒྲིག་ཆས་ཀྱིས་རམ་འདེགས་བྱས་པའི་བྱ་བ་དེ་ཚོ་ངས་དམག་འཁྲུག་གི་སྐབས་ཀྱི་བྱ་བ་ཆེན་པོ་ཡིན་མོད་། འོན་ཀྱང་ངས་ད་དུང་བྱ་བ་གཞན་ཁ་ཤས་ཡང་སྒྲུབ་སོང་།

༡༩༡༨ལོའི་དབྱར་ཁར། འཇར་མན་གྱི་སྤྱིའི་འཇབ་རྒོལ་ཆེན་པོ་དེར་ཕན་རྗེས། ངས་ཡི་ཐྲི་ལེ་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུ་དང་ལེན་བྱས་ནས་རྒྱལ་ཁབ་དེ་ན་བོངས་ཚད་ཧ་ཅང་ཕྱུག་པའི་འཕྲོ་གཏོང་རང་བཞིན་ཅན་གྱི་གཏེར་ཁ་ལ་ལྟ་ཞིབ་བྱས་དུ་སོང་བ་ཡིན། ཡི་ཐྲི་ལེ་ནས་བསྡད་པའི་ཟླ་གཅིག་གི་རིང་འབྲས་བུ་མི་དམན་པ་བླངས། དེ་ཕྱིར་རྒྱལ་ཁབ་དེའི་སྲིད་གཞུང་གིས་གནས་ཚུལ་དེ་ལ་ཐུགས་ཐུར་དང་དོ་སྣང་ཆེན་པོ་བྱས་ཀྱིན་ཡོད།

ངའི་དངོས་བཤེར་ཁང་དེ་༡༩༡༥ལོར་ཕཱེ་ཨར་ཅོ་རེ་སྲང་གི་ཐོག་ཁང་གསར་བ་དེ་སྤར་བ་ཡིན་ལ། དེ་དུས་འགྲོ་གྲོན་དང་རོགས་པའི་མི་འདང་བས་དཀའ་ལས་ཚད་མེད་མྱངས། ངས་X་འཕྲོ་འོད་སྒྲིག་ཆས་འདི་སྤྲས་པས་རླངས་འཁོར་དེ་ཁང་ཁྱིམ་གསར་གཉིས་ཀྱི་བར་ནས་ཕར་རྒྱུག་ཚུར་རྒྱུག་བྱས་པ་དང་གྲོག་མས་ཁྱིམ་སྤོ་བ་བཞིན་སྒྲིག་ཆས་ཚང་མ་ཁང་ཁྱིམ་གསར་བ་སྤར། ད་དུང་བསྒྲིག་ཆས་དེ་དག་ལ་རིགས་དགར་ནས་གྲ་དག་ངང་འཇོག་དགོས་པས། དེའི་རིང་བུ་མོ་ཆེ་བ་དང་ལས་རོགས་རྣམས་གཉིས་ལས་རོགས་བྱས་མཁན་མེད་ལ། ལས་རོགས་པའི་ལུས་ཕུང་མི་བདེ་བའི་རྒྱན་དུ་ན་རྒྱུ་འདུག

ཁང་ཁྱིམ་གསར་བར་སྤར་རྗེས། ངས་ཞེ་ནས་དངོས་བཤེར་ཁང་གི་ཉེ་འཁོར་དུ་ས་སྟོང་ངེས་ཅན་ཞིག་གི་ནང་སྡོང་བོ་འཛུགས་བསམ་བྱུང་། ངས་བསམ་ན་དཔྱིད་ཀ་དང་དབྱར་ཁར་མིག་ཤེལ་ལ་ཁམས་དྭངས་བ་དང་དག་གཙང་གི་ལོ་འདབ་རེ་ངེས་པར་དུ་སྣང་དགོས་བསམ་ནས། ངས་དངོས་བཤེར་ཁང་འདིའི་ནང་གི་ལས་མི་ཚོར་སྣང་བ་སྐྱིད་ཆེད་ལས་མགོ་བརྩམས། སྡོང་བོ་འཛུགས་ས་ཚང་མར་སྡོང་བོ་བྱང་ཆུབ་དང་ཁ་ན་ཊའི་རྒྱལ་ཁབ་གྱི་གཏན་ཁེལ་བྱས་པའི་སྡོང་བོ་དེ་རིགས་བཙུགས། དེ་མིན་སྡུམ་ར་འགའ་བཟོས་ནས་མེ་ཏོག་རྒྱ་སེ་མང་པོ་བཏབ་པ་ཡིན། དེ་དུས་ཏག་ཏག་འཇར་མན་པས་གྲོང་ཁྱེར་ཕཱ་རེ་ལ་འགད་རྫས་བཏང་བའི་ཉིན་དང་པོ་རེད། ང་ཚོས་མེ་ཏོག་གི་ཁྲོམ་ར་ནས་ས་བོན་ཉོས་ནས་ཕྱིར་ལོག་རྗེས་ཉིན་གང་བོར་མེ་ཏོག་བཏབ་ནས་མ་ཁོམ་པར་ལུས་ཡོད་དུས། ང་ཚོས་ཉེ་འཁོར་དུ་གློ་བུར་མདེའུ་འགའ་ལྷུང་བྱུང་།

དཀའ་ལས་ག་འདྲ་ཆེ་ཡང་། དངོས་བཤེར་ཁང་གསར་བ་གཏན་འཇགས་བྱུང་ལ། དམག་འཁྲུག་མཚམས་བཞག་ནས་རུ་ཁག་གི་འཐབ་མོ་བ་ཚོས་ཕྱིར་ཡུལ་ལ་ལོག་པའི་སྐབས་དེར། ང་ཚོས་དངོས་བཤེར་ཁང་གི་ཡང་གཞི་རྩའི་སྟེང་ཚབ་གྲངས་འདུག་སྟེ། ༡༩༡༩ལོ་ནས་༡༩༢༠ལོའི་སློབ་མགོ་བརྩམས་རྗེས། ང་ཚོས་སློབ་བསྡུ་བྱ་ཆོག་པར་བཟོས་ཡོད་པ་འདིས་ང་རང་དགའ་བདེ་འབྱུང་དུ་བཅུག ༡༩༡༥ལོའི་དཔྱིད་ཀར། དངོས་བཤེར་ཁང་ནས་ཆེད་དུ་ཨ་རིའི་དམག་མིར་དམིགས་བསལ་ཅན་གྱི་སྦྱོང་བརྡར་འཚིན་གྲྭ་གཅིག་བསྒྲུབས་ལ། ངའི་བུ་མོས་གཟབ་ཁྲིད་བྱས། དམག་མི་འདི་དག་ནས་ཀྱང་འབད་བརྩོན་དང་གཟབ་ནན་བྱས།

འཐབ་འཁྲུག་གི་སྐབས་ལ། ངས་ཡང་གཞན་དག་ནང་བཞིན་ཚེ་འདིའི་ཆེས་དཀའ་སྡུག་དང་ཨ་ཐང་ཆད་པའི་འཚོ་བ་བསྐྱེལ་པ་ཡིན་ལ། མཚམས་རེར་བུ་མོ་གཉིས་ཀ་གུང་གསེང་བཏང་དུས་མཚམས་འདྲི་ཞོར་དུ་ངལ་གསོ་ཉིན་གཅིག་གཉིས་རེ་བྱས་པ་མ་གཏོགསགུང་གསེང་གཅིག་ཀྱང་བཏང་མ་མྱོང་། བུ་མོ་ཆེ་བ་ཕལ་ཆེར་ཁོམ་པར་མི་དགའ་བས་མོའི་བདེ་ཐང་གི་ཆེད་དུ་མཚམས་ལན་རེར་ཨུ་ཚུགས་ཀྱིས་ཉིན་ཤས་ལ་ངལ་གསོ་བྱས་དུ་བཅུག་པ་ཡིན། སྐབས་དེར་ཁོ་མོ་ཕྱོགས་གཅིག་ནས་སློབ་ཆེན་ནས་སློབ་སྦྱོང་བྱས་བཞིན་ཡོད་ལ། ཕྱོགས་གཅིག་ནས་ངར་རོགས་སྣ་ཚོགས་བྱས་ནས་འཐབ་འཁྲུག་ལ་ཞབས་འདེགས་ཞུ་བཞིན་ཡོད། བུ་མོ་ཆུང་བས་སྐབས་དེར་མཐོ་འབྲིང་འགྲིམ་བཞིན་ཡོད་ལ། ཁོ་མོ་གཉིས་གྲོང་ཁྱེར་ཕཱ་རེ་ལ་གཡུལ་འགྱེད་གྱི་ཛ་དྲག་ཆེ་བའི་སྐབས་དེར་ཏག་ཏག་ལ་ཁོ་རང་གྲོང་གསེབ་དུ་གཡོལ་བར་མ་འཐད། ལོ་བཞིའི་ལྷག་གི་རིང་ལ་འཁྲུག་ཆེན་དེའི་བཟོས་པའི་གཏོར་སྐྱོན་དེ་སྔོན་ཆད་དང་བྱུང་མྱོང་མེད། དེ་ནི་རིའི་རིགས་ཀྱི་གོ་ཆགས་ཆེན་པོ་ཞིག་རེད། ༡༩༡༨ལོའི་སྟོན་ཁར། ཕྱོགས་སོ་སོའི་ཞི་བདེའི་ཆེད་དུ་འབད་མཐར། འཁྲུགས་མཚམས་བཞག་ནས་ཆིངས་ཡིག་ལ་མིང་རྟགས་བཀོད་མོད། ཞི་བདེ་ངོ་མ་ད་དུང་ཡང་བྱུང་མི་འདུག སྡུག་བསྔལ་དང་འཇིགས་སྐྲག་ཆེ་བའི་འཐབ་འཁྲུག་འཇུག་བསྒྲིལ་སོང་བས་ཧྥ་རན་སུའི་མི་དམངས་ད་ནི་སེམས་ལྷོད་ལ་འབབ་ཐུབ་སོང་། འོན་ཀྱང་འཐབ་འཁྲུག་གི་བཟོས་བའི་གཏོར་བརླག་ཏུས་ཡུན་ཐུང་ངུ་ཞིག་གི་ནང་ལ་སེལ་མི་ཐུབ་པས། སྔར་བཞིན་ཐབ་ཆག་གི་འཚོ་བ་རོལ་བ་ལས་སྔོན་གྱི་སོལ་དལ་བག་ཕེབས་ཀྱི་སེམས་ཁམས་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་སླར་གསོ་བྱས་ཁག་པོ་རེད།

གང་ལྟར། ཚེ་སྲོག་གི་གྲངས་མེད་ཀྱིས་བརྗེ་བའི་རྒྱལ་ཁབ་དེས་ང་རང་དགའ་དུ་བཅུག དགའ་བ་ནི་རྨི་ལམ་དུ་ཐོབ་རེ་བྱས་མོད་ཧམ་འདོད་བྱ་མི་ཐུབ་པའི་དོན་ཆེན་ཞིག་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཚེ་ཐོག་འདི་ནས་ངའི་མེས་རྒྱལ་ཕཱོ་ལན་དུས་རབས་གཅིག་ལྷག་གི་རིང་ལ་བྲན་གཡོག་དང་གཉའ་གནོན། གྱེས་ཐོར་དུ་གྱུར་རྗེས། དགྲ་བའི་ལག་ནས་དངོས་སུ་རང་བཙན་དང་རང་དབང་ཐོབ། ཕཱོ་ལན་མི་དམངས་ཀྱིས་རྒྱལ་ཁབ་ལ་བློ་དཀར་བའི་མི་རིགས་ཀྱི་འདུ་ཤེས་མ་འགྱུར་བར་འཐབ་རྩོད་ལྩོད་མེད་བྱས་ནས་ཡོབ་གླིང་ཧྲིལ་བོ་ནས་ཛ་དྲག་གི་སྦྱོང་བརྡར་མྱངས་རྗེས་གཞི་ནས་རང་བཙན་དང་རང་དབང་ཐོབ་ལ། འདི་ནི་ཕཱོ་ལན་མི་དམངས་མི་དམངས་ཀྱི་རྒྱལ་ཁ་དང་གཟི་བརྗིད་རེད། ལོ་མང་པོར་པཱོ་ལན་མི་དམངས་ཀྱི་རེ་ལྟོས་བྱས་སའི་ཕུགས་འདུན་འགྲུབ་སོང་། སྤྲོ་དགའི་ཁེངས་པའི་དུས་འདིར། ང་ཡང་བསྐྱར་ཡུན་རིང་ལ་གྱེས་བའི་གྲོང་ཁྱེར་དཔའ་ཧྲར་སོང་ལ། ཡུན་རིང་ལ་མ་འཛོམས་པའི་གྲོགས་པོ་དང་གཉེན་ཉེ་མང་པོར་འཕྲད་སོང་། གྲོང་ཁྱེར་དཔའ་ཧྲ་གསར་དུ་དབུ་བརྙེས་བའི་ཕཱོ་ལན་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་སར་གྱུར་འདུག འོན་ཀྱང་ལོ་མང་པོར་གཉའགགནོན་དང་བྲན་དུ་བཀོལ་རྗེས། སྤྱི་མཐུན་རྒྱལ་ཁབ་གསར་བ་ཞིག་འཛུགས་རྒྱུ་ནི་ཇི་འདྲའི་ཁག་པོ་ཞིག་རེད་ཨང་། གཞན་ལ་མང་པོ་བཤད་དགོས་མི་འདུག ཆབ་སྲིད་སྟོབས་ཤུགས་སྣ་ཚོགས་བསྐྱར་དུ་གོང་བུ་གཅིག་འདྲིལ་བྱ་རྒྱུ་ནི་ཡང་ཚོད་དཔག་བྱས་དཀའ་བའི་དཀའ་ངལ་ལ་འཕྲད་སྲིད་རྒྱུ་རེད།

སྐབས་འདིའི་ཧྥ་རན་སུའི་གང་ས་གང་དུ་གཏོར་བརླག་ཐེབས་ཡོད་པའི་མཁར་རྙིང་སྟོང་བས་ཁྱབ་ལ། མི་འབོར་ཡང་བཤད་དཀའ་བཞིན་ཉུང་ངུ་དུ་གྲུབ་འདུག འཐབ་འཁྲུག་གིས་བསྐྲུན་པའི་དཀའ་བསྔལ་དེ་དུས་ཡུན་ཐུང་ངུ་ཞིག་ལ་ཐག་གཅོད་བྱས་ཐབས་བྲལ་བས། ག་ལེར་སླར་གསོ་བྱས་རྒྱུ་ལས་ཐབས་མི་འདུག

དམག་འཁྲུག་སྐབས་སུ་གསར་དུ་བཙུགས་པའི་xའཕྲོ་གཏོང་འོད་སྣ་ཚོགས་ཀྱི་སྨན་བཅོས་རྩ་འཛུགས་ཆ་ཤས་ཤིག་ད་དུང་ཡང་ལྷག་འདུག་ལ། འཕྲོད་བརྟེན་པུའུ་ཡི་ནན་བསྐུལ་འོན་ནས་གསོ་རིགས་སློབ་གྲྭ་ཡང་བསྐྱར་དུ་གནས་ཡོད། གཞི་རྒྱུ་ལེ་ཡི་འཕྲོམགཏོང་དབུགས་གཟུགས་ཀྱི་ཡོང་ཁུངས་རྒྱུན་ཆད་མེད་པར་མ་ཟད་གཞི་ཁྱོན་སྔར་ལས་ཆེ་རུ་ཕྱིན། ཡིན་ཡང་ལས་ཀ་འདི་དམག་འཁྲུག་འཇོག་མཚམས་ནས་པཱ་སེ་ཊི་དངོས་བཤེར་ཁང་གི་གཙོ་འན་པ་འབུམ་རམས་པ་རཱེ་གོའི་ལག་ཏུ་བཞག་ནས། ཁོང་གིས་འགན་ཁུར་བཞིན་ཡོད། རྗེས་སུ་ལས་ཀ་འདི་རྒྱལ་ཡོངས་རང་བཞིན་གྱི་གཞི་རྒྱུ་ལེ་བེད་སྤྱད་ནས་ནད་དཔྱད་བྱས་པའི་ལས་ཀ་ཅན་དུ་གྱུར།

དམག་འཁྲུག་མཇུག་རྫོགས་རྗེས། ལས་ཞུགས་པ་དང་སློབ་མ་ཚོ་རིམ་གྱིས་ཐོན་ཞིང་། ངའི་དངོས་བཤེར་ཁང་ལ་འཕོ་འགྱུར་ཆེན་པོ་ཐེབས་རྗེས། ཞིབ་འཇུག་གི་ལས་ཀ་སླར་ཡང་སྔར་བཞིན་དུ་རྒྱུན་བསྲིངས། འོན་ཀྱང་ང་ཚོའི་རྒྱལ་ཁབ་ལ་དཔལ་འབྱོར་གྱི་དཀའ་ཁག་ཕྲད་བཞིན་ཡོད་རྐྱེན། སྔར་གྱི་རེ་བ་ལྟར་དུ་འཕེར་རྒྱས་འགྲོ་དགོས་པའང་ལས་སླ་པོ་ཞིག་གཏན་ནས་མིན། ང་རང་ལ་མཚོན་ན། ངས་བསམ་ན་ཆེས་གལ་ཆེ་ཤོས་ནི་མྱུར་མར་སྒེར་ཚུགས་ཀྱི་གཞི་རྒྱུ་ལེ་བེད་སྤྱད་ནས་ནད་དཔྱད་བྱས་པ (ཧྥ་རིན་སུ་ནས་ཅོ་རེ་ནད་དཔྱད་བྱས་ཐབས་ཟེར་གྱི་འདུག)སྨན་ཁང་ཞིག་འཛུག་རྒྱུ་དེ་ཡིན་ལ། ད་དུང་ཕཱ་རེ་གྲོང་ཁྱེར་གྱི་ཉེ་འདབས་སུ་ཚོད་ལྟའི་ཡན་ལག་ཁང་ཞིག་ཀྱང་འཛུགས་དགོས་བསམ། རྒྱུ་མཚན་ནི་གཏེ་རྡོ་ཚད་མེད་ལ་བརྟག་དཔྱད་བྱས་ཐུབ་པའི་རྐྱེན་གྱིས་སོ། དེ་དང་རྒྱུད་ནས་བདག་ཅག་འགྲོ་བ་མིའི་རིགས་ཀྱིས་འཕྲོ་གཏོང་རང་བཞིན་ཅན་གྱི་གཞི་རྒྱུ་ལ་རྟོགས་པ་གསར་དུ་བསྐྱེད་ངེས་པའི་ཆེད་དུ་ཡང་ཡིན།

ད་ནི་ང་ན་སོ་ཡང་གཞོན་པ་མིན་ལ། ནུས་ཤུགས་ཡང་སྔ་དང་གཏན་ནས་བསྡུར་མི་ཐུབ། ངས་རྒྱུན་པར་འདང་རྒྱག་རྒྱུ་ལ། སྲིད་གཞུང་གིས་ངའི་དངོས་བཤེར་ཁང་ལ་རོགས་སྐྱོར་རྒྱག་བཞིན་མཆིས་ཤིང་། མི་སྒེར་གྱི་ཞལ་འདེབས་ཆ་རེ་ཡང་རྒྱུན་པར་ཐོན་བཞིན་ཡོད་མོད། འོན་ཀྱང་ངས་རྗེས་རབས་པ་ལ་གཞི་རྒྱུ་ལེ་ཞིབ་འཇུག་གི་སློབ་གླིང་ཞིག་འཛུག་ཐུབ་པའི་གདེང་ཚོད་ནི་མེད་དེ། ངའི་ཁྱོ་གའི་་ཞལ་ཆེམས་འགྲུབ་ཐུབ་པ་དང་། མིའི་རིགས་ལ་བདེ་ལེགས་ཤིག་བསྐྲུན་ཐུབ་པ་ནི་མི་ཤེས།

སྟབས་ལེགས་པ་ཞིག་ལ། ངས་༡༩༢༡ལོར་རིན་ཐང་གཞལ་དུ་མེད་པའི་རོགས་སྐྱོར་ཞིག་ཐོབ་བྱུང་སྟེ། ཨ་རིའི་དགེ་ཕན་གྱི་ལྷག་བསམ་དང་ལྡན་པའི་བུད་མེད་དེ། ལྕམ་མོ་མཱེ་ལུ་ནེ་ལ་ཞུ་བས། མོ་རང་གི་རྒྱལ་ཁབ་ནས་བུད་མེད་ཡོངས་རྫོགས་ལ་ཞལ་འདེབས་ཀྱི་སྐུལ་མ་བྱས་ཏེ། ངའི་མིང་བཏགས་པའི་ཐེ་རྩ་ཚོགས་པ་ཞིག་གསར་དུ་བཙུགས། ཁོ་མོས་མ་རྩ་དེ་བཀོལ་ནས་གཞི་རྒྱུ་ལེ་ཁེ་གང་ཉོས་ཏེ་ང་ལ་ཞིབ་འཇུག་གི་མཐུན་རྐྱེན་དུ་གནང་། མཱེ་ལུ་ནེ་ལྕམ་མོས་ད་དུང་ངེད་མ་བུ་གསུམ་ཨ་རི་ལ་སྤྲོ་འཆམ་དུ་མགྲོན་འབོད་བྱས། ང་དངོས་སུ་ཞལ་འདེབས་ཀྱི་བྱ་འགུལ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་ཁྱབས་ཁོངས་ནས་སྤེལ་ཞིང་། ཞལ་འདེབས་དངུལ་གྲངས་ནི་ཞལ་འདེབས་པ་རང་ངོས་ནས་ཐག་གཅོད་བཞིན་ཡོད། ཨ་རིའི་བུད་མེད་དག་གིས་བདག་ལ་བཅངས་པའི་ལྷག་བསམ་ནི་ངས་བཀའ་དྲིན་ཆེན་པོར་བརྩི་བཞིན་ཡོད། དེ་བས། ལྔ་པའི་ཟླ་སྟོད་ལ། ཕཱ་རེ་གླུ་གར་གླིང་གིས་ངེད་མ་བུ་གསུམ་ལ་ཨ་རིལ་ཕེབས་སྐྱེལ་གྱི་ཚོགས་ཆེན་བཙུགས་ཚར་རྗེས། ང་ཚོ་ཡང་མཚོ་གྲུར་ཞུགས་ཏེ་ཨ་རིའི་གྲོང་ཁྱེར་ནུའུ་ཡོ་དུ་ཆས་པ་ཡིན།

ཨ་རི་ལ་སྡོད་བཞིན་པའི་ཟླ་འཁོར་འགའ་ཤས་ཀྱི་གནས་ཚུལ་ད་ལྟའི་བར་གསལ་ལྷང་ལྷང་དུ་གནས་ཡོད། ཕོ་བྲང་དཀར་པོ་འཛུགས་གཉེར་གྱི་དགའ་བསུ་ཐོག ཙུང་ཐུང་ཧ་ཏིང་གི་སྤྲོ་སེམས་འཁོར་བའི་ངང་ནས་ཟོལ་མེད་ཀྱི་གཏམ་བཤད་གནང་། དེ་ནས་སློབ་གྲྭ་ཆེ་ཁག་དང་སློབ་གླིང་ལ་ལྟ་སྐོར་དུ་ཕེབས་སྐབས། གནས་དེའི་དགེ་སློབ་ཚོས་སྤྲོ་སེམས་མཚོན་པའི་དགའ་བསུ་ཚད་མེད་གནང་། ད་དུང་སློབ་གླིང་མི་ཉུང་བས་ང་ལ་མཚན་སྙན་ནམ་ཤེས་ཡོན་གྱི་མིང་བཏགས་བསྩལ། སྐབས་དེར་ངས་ངོ་མ་ག་འདྲ་ངང་ནས་དཀའ་དྲིན་ཞུས་ན་འགྲིག་གམ། མང་ཚོགས་ཚོགས་འདུ་ཐོག མི་མང་མང་ཞིག་ང་ཕྱོགས་སུ་ལག་པ་སྲིངས་ནས། ང་ལ་བརྟེན་འབྲེལ་ཞུས་སོང་། དེ་དག་ཡོད་ཚད་ངའི་སེམས་སུ་དམ་པོར་བཟུང་ཡོད།

ད་དུང་ནེ་ཡ་ཅཱ་ཡ་རྦབ་ཆུ་དང་གྲོག་རོང་ཆེན་མོ་ལ་གནས་འཇལ་བའི་གོ་སྐབས་ཐོབ་ཅིང་། རང་བྱུང་ཁམས་ཆེན་མོའི་རླབས་ཆེན་གྱི་བཟོ་བཀོད་ལ་ངས་བསྔགས་བརྗོད་ཀྱི་འདུན་པ་སྙིང་ཁོང་ནས་ཐོན་སོང་།

ཡིད་ཕམ་པ་ཞིག་ནི། ངའི་གཟུགས་པོ་མི་བདེ་བའི་དབང་གིས་འཆར་གཞི་ཡོད་ཚད་འགྲུབ་མ་ཐུབ་ནའང་། ད་ཐེངས་ཀྱི་ཡུལ་སྐོར་འདིས་ང་ལ་བློ་བསྐྱེད་ཆེན་པོ་ཐེབས་བྱུང་ལ། ཤེས་བྱའང་མང་པོ་ཞིག་སྦྱངས་ཐུབ་བྱུང་། གོ་སྐབས་རིན་ཆེན་འདིའི་རྐྱེན་གྱིས། ངའི་བུ་མོ་གཉིས་ཀྱིས་བསམ་ཡུལ་ལས་འདས་པའི་དགོངས་གསང་ལེགས་པོ་ཞིག་རོལ་ཐུབ་བྱུང་ལ། ད་དུང་རང་ཉིད་ཀྱི་ཨ་མའི་ཞུབ་འཇུག་ལ་འདི་ལྟར་གཟིངས་བསྟོད་དང་བརྩི་བཀུར་བྱས་བཞིན་པར་རིག་རྗེས། ཁོང་གཉིས་ལ་ཡང་སྤོབས་པ་ཤིན་ཏུ་བསྐྱེད། དྲུག་པའི་ཟླ་མཇུག་ལ་སླེབས་རྗེས། ང་ཚོ་ཡོ་རོབ་ཀྱི་སྐམ་ས་ཆེན་མོར་ལོག་གྲབས་བྱས་དགོས་ལ། གྲོགས་བཟང་པོ་ལྕམ་མོ་མེ་ལུ་ནེ་གཙོས་གྲོགས་པོ་གཞན་དང་བཅས་པར་ཁ་བྲལ་སྐབས། ཀུན་ཀྱང་བྲལ་མི་ཕོད་པའི་རྣམ་འགྱུར་ཅི་ཡང་བསྟན་ལ། དེ་ནི་ཚེ་འདི་ཕྱི་གཉིས་ལ་སླར་དུ་མཇལ་བའི་བསྐལ་བ་ཡོད་མེད་སུས་ཀྱང་བརྗོད་མི་ཤེས་པས་སོ།

ཞིབ་འཇུག་ཁང་དུ་མར་ལོག་རྗེས། ཨ་རིའི་གྲོགས་པོ་དག་གིས་གནང་བའི་ལེ་གཞི་རྒྱུ་ཁེ་གཅིག་ཡོད་རྐྱེན། ཞིབ་འཇུག་གི་ལས་ཀ་ལ་ཕན་པ་ཆེན་པོ་བྱུང་ཞིང་། རྒྱལ་ཁབ་གཉིས་བར་གྱི་བརྩེ་བས་ཀྱང་ངེད་ཅག་ལ་སྙིང་སྟོབས་དང་སྤོབས་པ་ཚད་མེད་བསྐྱེད། འོན་ཀྱང་དཔལ་འབྱོར་ཐོག་གི་བགེགས་རྐྱེན་གྱིས་སླར་ཡར་ང་ཚོའི་དམིགས་འབེན་ལ་བར་ཆད་བྱས་ཀྱིན་འདུག ང་ཚོར་དཔལ་འབྱོར་གྱི་དཀའ་ངལ་རེ་རེ་ཕྲད་ནས་ཞུབ་འཇུག་གི་ལས་ཀ་མཚམས་མི་འཇོག་དཀའ་མེད་བྱུང་དུས། ངས་རྟག་པར་དྲི་བ་ཟབ་མོ་ཞིག་ལ་འདང་རྒྱག་པ་ཡིན་ཏེ། ཚན་རིག་པ་ཞིག་གིས་རང་གི་གསར་རྟོགས་ཀྱི་འབྲས་བུ་ལ་ཇི་ལྟ་བའི་འདུ་ཤེས་བཟུང་ན་འགྲིག་གམ་བསམས།

ང་དང་ངའི་ཁྱོ་ག་གཉིས་ཀྱིས་ནམ་ཡིན་རུང་ངེད་གཉིས་ཀྱིས་ཚན་རིག་ཞིབ་འཇུག་གི་འབྲས་བུ་ལས་ཁེ་ཕན་གཞན་ཞིག་ལེན་པར་མི་འདོད། དེ་བས་དང་ཐོག་ནས་བཟུང་ངེད་གཉིས་ཀྱིས་སྦ་གསང་མེད་པར་གཞི་རྒྱུ་ལེ་བསྡུ་ལེན་དང་གསོག་འཇོག་བྱས་ཐབས་ཚང་མ་སྤྱི་ཚོགས་སྟེང་དུ་བསྒྲགས། ཞིབ་འཇུག་གི་འབྲས་བུ་དེ་ལ་ཚོང་ལས་ཁེ་དབང་རེ་ཞུ་ཞུས་མེད་པ་དང་། གཞི་རྒྱུ་ལེ་དེ་བསྡུ་ལེན་བྱས་ཐབས་དེ་བཟོ་ལས་སྟེང་དུ་སྤྱད་ནས་ཡོང་འབབ་འབོར་ཆེན་བླངས་ཡོད་པའི་ཁེ་ལས་བ་དེ་དག་ལ་གཏུག་བཤེར་ཀྱང་རྒྱབ་མ་མྱོང་། གཞི་རྒྱུ་ལེ་དེ་བསྡུ་ལེན་དང་གསོག་འཇོག་བྱ་ཐབས་དེ་གོ་རིམ་དང་རྙོག་འཛིང་ཆེན་པོ་ལྡན། དེ་འདྲ་ཡིན་རུང་ངེད་གཉིས་ཀྱི་བློ་ཐག་རྦབ་ཆོད་ཀྱིས་སྤྱི་ཚོགས་སྟེང་དུ་གོ་རིམ་དེ་ཚོ་བགྲེམ་སྤེལ་བཏང་། ཡང་ཕྱོགས་གཅིག་ནས་བསམ་ན་ངེད་གཉིས་ཀྱིས་ཞིབ་འཇུག་གི་སྡོམ་ཚིག་ཐོབ་མ་ཐག་གཞི་རྒྱུ་ལེ་བསྡུ་ལེན་དང་གསོག་འཇོག་བྱ་ཐབས་དེ་སྤྱི་ཚོགས་སྟེང་དུ་བསྒྲགས་པའི་རྐྱེན་གྱིས་གཞི་རྒྱུ་ལེའི་བཟོ་ལས་སྟེང་ནས་་མགྱོགས་མྱུར་སྒོས་བཟོ་སྐྲུན་དང་བསྡུ་ལེན་བྱས་ཐུབ་སོང་། ད་ལྟ་ཡིན་ན་འང། གཞི་རྒྱུ་ལེ་བཟོ་ཐབས་ངེང་གཉིས་ཀྱི་དང་ཐོག་གིས་ཚོད་ལྟ་བྱས་ཐབས་དང་བྱ་རིམ་་རྣམས་བེད་སྤྱོད་གཏོང་བཞིན་མཆིས། ད་ལྟ་བསྡུ་ལེན་བྱ་དུས་སུ་གཏེར་རྡོ་ལ་ཐག་གཅོད་བྱ་ཐབས་དང་འཕྲོ་གཏོང་ཅན་གྱི་ཤེལ་གཟུགས་བསྡུ་ལེན་བྱ་ཐབས་དེ་དག་ངེད་གཉིས་ཀྱིས་སྔོན་ལ་དངོས་དཔྱད་ཁང་ནས་བཀོལ་སྤྱོད་བྱས་མྱོང་བའི་ཐབས་ཤེས་དེ་དག་ཡིན། མི་གཅིག་ས་ཞིག་ནི་དེ་ལྟའི་བཟོ་གྲྭ་ནང་གི་བསྡུ་ལེན་དང་གསོག་འཇོག་སྒྲིག་ཆས་ཐམས་ཅད་སྔར་དང་བསྡུར་ན་ལེགས་བསྒྱུར་མང་པོ་བྱས་ཡོད།

ང་དང་ཕཱེ་ཨར་གཉིས་ཀྱིས་སྔོན་ཆད་བསྡུ་ལེན་དང་གསོག་འཇོག་བྱས་པའི་གཞི་རྒྱུ་ལེ་ཧྲིལ་བོ་ང་ཚོས་ཚོད་ལྟ་ཁང་ལ་སྦྱིན་པ་བཏང་། རང་བྱུང་གཏེར་ཁའི་ནང་དུ་གཞི་རྒྱུ་ལེ་ཡི་གྲངས་ཚད་ཧ་ཅང་ཉུང་བས་དེའི་རིན་གོང་ཧ་ཅང་མཐོ། གཞི་རྒྱུ་ལེ་གསོ་རིག་སྟེང་དུ་བཀོལ་ན་ཕན་པ་སྣ་མང་ལྡན་པས་གཞི་རྒྱུ་ལེའི་བཟོ་ལས་ཀྱིས་ཚོང་ཁེ་མང་པོ་བླངས་བྱུང་། ངེད་གཉིས་ཀྱི་ཞིབ་འཇུག་གི་འབྲས་བུ་དེ་ལས་ཐོབ་པའི་ཁེ་ཕན་དང་ལེན་མ་བྱས་པར་གཞི་རྒྱུ་ལེ་ཡི་སྤྱི་ཚོགས་ཡོངས་ནས་བེད་སྤྱོད་གཏོང་ཐུབ་ན་བསམ་ནས་ལག་རྩལ་དང་ཞིབ་འཇུག་གི་སྡོམ་ཚིག་ཐམས་ཅད་སྤྱི་ཚོགས་སྟེང་དུ་སྤེལ། གལ་སྲིད་དུས་སྐབས་དེར་ངེད་གཉིས་ཀྱིས་ལག་རྩལ་དེ་དག་ཁེ་ལས་སྟེང་དུ་བེད་སྤྱོད་བཏང་ཡོད་རྒྱུ་ན་ངེད་གཉིས་ཀ་ཚེ་ལས་འདས་སོང་ནའང་བུ་རབས་ཚ་རྒྱུད་ཀྱི་རྒྱུ་ནོར་ལོངས་སྤྱོད་ཕྱོགས་ལ་འདང་རྒྱག་མེད། རྗེས་སུ་ངའི་གྲོགས་པོ་སྐོར་ཞིག་གིས་ང་ལ་གལ་སྲིད་དེ་དུས་གཞི་རྒྱུ་ལེ་ལ་ཁེ་དབང་རེ་ཞུ་བྱས་ཡོད་རྒྱུ་ན་ད་ལྟ་ཁེ་དབང་དེ་ལ་བརྟེན་ནས་སྒྲིག་ཆས་བཟང་ཞིང་དོ་དམ་ལེགས་པའི་གཞི་རྒྱུ་ལེ་ཆེད་དམིགས་ཞིབ་འཇུག་ཁང་ཞིག་འཛུགས་ཐུབ་ཡོད་རྒྱུ་རེད་ཅེས་བཤད་མྱོང་། དེ་ཡང་དོན་དངོས་ཞིག་རེད། ཞིབ་འཇུག་ཁང་ཆ་ཚང་ཞིག་མེད་པའི་རྐྱེན་གྱིས་ཞིབ་འཇུག་གི་བྱ་བ་ལ་དཀའ་ལས་མི་ཉུང་བ་བཟོས་སོང་། འོན་ཀྱང་དེ་འདྲ་ཡིན་རུང་ངས་ནམ་ཡིན་རུང་དང་ཐོག་ང་དང་ངའི་ཁྱོ་ག་གཉིས་ཀྱི་སྤྱོད་པ་དང་ཐག་གཅོད་བདེན་པ་ཐག་ཆོད་ཡིན་བསམ་ཀྱིན་འདུག

མིའི་རིགས་ལ་རང་ཉིད་ཀྱི་ཁེ་ཕན་དམིགས་ནས་བརྩོན་ལེན་བྱས་མཁན་དགོས་པ་དེ་ནི་གདོན་མི་ཟ་བ་རེད། མི་དེ་ཚོས་བྱ་བ་ལ་འབད་པ་བྱས་ནས་རང་ཉིད་ཀྱི་དགོས་མཁོ་བསྐོང་བ་དེ་མིའི་རིགས་སྤྱིའི་ཁེ་ཕན་ལ་འགལ་མེད། འོན་ཀྱང་མིའི་རིགས་ལ་ཡང་ཕུགས་བསམ་རང་ལུགས་པའི་ལྟ་གྲུབ་འཛིན་མཁན་ཡང་དགོས། མི་དེ་ཚོས་སྒེར་སེམས་མེད་པར་སྤྱི་བྱིངས་ཀྱི་ཁེ་ཕན་བསམ་པ་དང་རང་གི་ཁེ་ཕན་ཙག་ཙིག་དེ་ལ་དོ་སྣང་བྱས་མི་འདོད་པ་དང་བྱས་པའི་ཁོམ་ལོངས་མེད་པ་རེད། ཕུགས་བམས་རང་ལུགས་ཀྱི་ལྟ་གྲུབ་འཛིན་པའི་མི་དེ་ཚོར་དངོས་རྫས་ཀྱི་དགོས་མཁོ་མེད་པས་དངོས་རྫས་ཀྱི་ལོངས་སྤྱོད་ལ་རེག་པའི་གོ་སྐབས་ཉག་ཕྲ་བ་རེད། འོན་ཀྱང་ངས་བསམ་ན་སྤྱི་ཚོགས་འཐུས་ཚང་ཅན་ཞིག་ཡིན་ན་ཕུགས་བསམ་རང་ལུགས་ཀྱི་ལྟ་གྲུབ་བཟུང་ཡོད་པའི་མི་རླབས་ཆེན་འདི་ཚོ་ལ་མེད་དུ་མི་རུང་བའི་ཞིབ་འཇུག་གི་ཆ་རྐྱེན་དང་མ་དངུལ། ད་དུང་མི་སྒེར་གྱི་སྤྱིར་བཏང་གི་འཚོ་བའི་ཟས་གོས་སོགས་ལ་རམ་འདེགས་བྱས་དགོས་སྙམ། དེ་ལྟར་ཡིན་ན་ད་གཟོད་ཁོ་ཚོས་སེམས་ཕྲལ་དང་དོགས་པ་ཅི་ཡང་མེད་པར་རང་གི་ཚན་རིག་ཞིབ་འཇུག་གི་བྱ་བཞག་རླབས་ཆེན་དེ་ལ་བློ་གཅིག་སེམས་གཅིག་ཀྱིས་ཞུགས་ཆོག

Post Views: 49

All posts

Other pages