居里夫人自传 第四部分-藏文译本(未修改版)

ལེའུ་བཞི་བ། ཨ་རི་ལ་བསྐྱོད་པ།

ཨ་རི་ནས་ང་ལ་བསུ་མ་རྒྱ་ཆེན་པོ་བྱས་བྱུང་། དེ་བས་ངས་ལྷག་བསམ་ཅན་གྱི་གྲོགས་པོ་མང་པོ་ངོ་ཤེས་སོང་། དུས་ད་ལྟ་ཡིན་ནའང་། ངས་ཁོ་ཚོའི་བརྩེ་བ་ཟབ་མོ་དེ་ལ་བཀའ་དྲིན་ཇི་ལྟར་ཞུ་དགོས་བ་མི་ཤེས།

ང་ཐེངས་འདི་ཡི་སྤྲོ་སེམས་འཁོར་བའི་ངང་ཨ་རིའི་ལ་བསྐྱོད་ཐུབ་རྒྱུ་བྱུང་བ་དེ་ནི་ཨ་རི་ན་གཏོང་ཕོད་ཆེ་ཞེས་ཀུན་གྱིས་བསྒྲགས་བཞིན་པའི་ལྕམ་མོ་མཱེ་ལུ་ནེ་ལགས་ཀྱིས་རང་འགུལ་གྱིས་གདན་འདྲེན་ཞུས་པ་ཡིན། ལྕམ་མོ་མཱེ་ལུ་ནེ་ནི་སྐབས་དེར་སྙན་གྲགས་ཕྱོགས་སར་རྒྱས་པའི་དུས་དེབ《སྨྲ་བ་བོ》ཡི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་བཞེས་ཡོད། མོས་ཨ་རིའི་བུད་མེད་ལྷན་ཚོགས་དང་མཉམ་འབྲེལ་བྱས་ནས་སྤྱི་ཚོགས་ལ་ཞལ་འདེབས་བཏང་པ་བརྒྱུད་ནས་ང་ལ་གཞི་རྒྱུ་ལེ་ཁེ་གཅིག་སྦྱིན་པ་གཏོང་རྒྱུའི་འཆར་གཞི་འཐེན་ཡོད་པ་རེད། ཟླ་འགའི་རྗེས་སུ་ཞལ་འདེབས་གྱི་མ་དངུལ་འདང་སོང་བ་ཡིན་ལ་དེ་དུས་ལྕམ་མོ་མཱེ་ལུ་ནེ་ཡིས་ང་ཨ་རི་ལ་ཕེབས་ནས་དངོས་སུ་གཞི་རྒྱུ་ལེ་ཁེ་གཅིག་པོ་འདི་ང་ལ་སྤྲོད་ཕྱིར་གདན་འདྲེན་ཞུས་པ་ཡིན།

ལེགས་སྐྱེས་འདི་ཨ་རིའི་བུད་མེད་རྣམས་ཀྱིས་ཕུལ་བ་ཡིན་པས་དེ་ང་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན། ཐོག་མར་ཁོ་མོ་ཚོས་མ་དངུལ་ཞལ་འདེབས་ལྷན་ཚོགས་ཞིག་བཙུགས་པ་ཡིན་ལ་དེ་ཚོགས་མི་ཐམས་ཅད་སྐབས་དེར་ཨ་རི་ན་སྙན་གྲགས་ཆེ་བའི་ཚན་རིག་པ་དང་བུད་མེད་རྩ་འཛུགས་མགོ་ཁྲིད་ཀྱི་འགན་བཞེས་ཡོད་པའི་མི་སྣ་ཏག་ཏག་རེད། ཁོ་མོ་ཚོས་མ་དངུལ་འབོལ་ཆེན་འགའ་ཞལ་འདེབས་བྱས་ཚད་རྗེས་ཨ་རིའི་བུད་མེད་ལྷན་རྒྱས་ལ་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ། བྱེད་སྒོ་འདི་ལ་བུད་མེད་རྩ་འཛུགས་གང་མང་གི་རྒྱབ་སྐྱོར་ཐོབ་པ་དང་སློབ་ཆེན་ཁག་གི་སློབ་མའི་རྩ་འཛུགས་མང་པོས་ཞལ་འདེབས་བྱེད་སྒོ་འདིལ་ནུས་པ་གལ་ཆེན་བཏོན། ནུས་པ་གལ་ཆེན་འདོན་མཁན་གྱི་མི་དེ་ཚོའི་ནང་དུ་མི་ཁ་ཤས་སྔོན་ཆད་གཞི་རྒྱུའི་གསོ་ཐབས་ལ་བསྟེན་ནས་སྲོག་ཉེན་ལས་ཐར་སོང་བ་ཡང་མང་པོ་མཆིས། བྱེད་སྒོ་ལ་ཞུགས་མཁན་གྱི་མི་སྣ་ཇེ་མང་ཇེ་མང་ཡིན་པས་ངའི་མིང་བཏགས་ནས་བཙུགས་པའི་མཱ་རེ་ཅོ་རེ་མ་དངུལ་ཞེས་པ་དེ་ལེགས་འགྲུབ་ཆེན་པོ་བྱུང་ནས་སྤྱི་སྡོམ་ཊོ་ལི་ཁྲི་བཅུ་ལྷག་འདུས་སོང་། ཁོ་མོ་ཚོས་གྲངས་འབོར་ཆེ་བའི་མ་དངུལ་དེ་བེད་སྤྱད་ནས་གཞི་རྒྱུ་ལེ་ཁེ་གཅིག་ཉོས་རྗེས་ཨ་རིའི་ཕོ་བྲང་དཀར་པོ་ནས་མཛད་སྒོ་སྤེལ་ཏེ་སྲིད་འཛིན་ཧཱ་ཊིན་ལགས་ཀྱིས་དངོས་སུ་ང་ལ་སྤྲད་པ་ཡིན།

ལྷན་ཚོགས་དེས་ང་ཚོ་མ་བུ་གསུམ་པོ་ཟླ་ལྔ་བའི་ཟླ་དཀྱིལ་དུ་ཨ་རི་ལ་ཕེབས་པར་གདན་ཞུ་ཞུས། དེའི་དུས་སུ་སློབ་ཆེན་གུང་གསེང་བྱིན་མེད་ནའང་། ཕཱ་རེ་སློབ་ཆེན་གྱིས་དམིགས་བསལ་བྱིན་ནས་ང་རང་ཨ་རིར་ལེགས་སྐྱེས་ལེན་དུ་བགྲོད་པར་ཆོག་མཆན་གནང་།

ལམ་བར་གྱི་གནས་ཚུལ་ཅི་བྱུང་ཐམས་ཅད་ལ་གདན་ཞུའི་ལས་ཁུངས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་པས་སེམས་ཕྲལ་བྱས་དགོས་ས་ཅི་ཡང་མེད། ལྕམ་མོ་མཱེ་ལུ་ནེ་ལགས་ཧྥ་རན་སུ་ནས་ཨ་རིའི་བར་གྱི་ལམ་ཐག་ཧྲིལ་བོར་གྲུ་ལ་བསྡད་ནས་ང་དང་མཉམ་དུ་བསྐྱོད་པ་ཡིན། དེ་དུས་ཧྥ་རན་སུའི་《ཀུན་གསལ》དུས་དེབ་ཁང་གིས་ཕཱ་རེ་གྲོང་ཁྱེར་གྱི་གཞི་རྒྱུ་ལེ་ཞིབ་འཇུག་ཁང་གི་མི་སྣ་ཡོངས་ལ་རྟེན་འབྲེལ་ཞུ་བས་མཛད་སྒོ་ཞིག་འཚོགས་པ་དེ་ལའང་ལྕམ་མོ་མཱེ་ལུ་ནེ་གདན་ཞུ་བྱས། མཛད་སྒོའི་སྟེང་དུ་འགོ་འཛིན་པས་ཨ་རིའི་བུད་མེད་ལྷན་རྒྱས་ཀྱི་བརྩེ་བ་ཟབ་མོ་དང་རྒྱབ་སྐྱོར་མི་དམན་པ་དེ་ལ་བཀའ་དྲིན་ཚད་མེད་ཞུས།

ཟླ་ལྔ་བའི་ཚེས་བཞི་ཉིན། ང་ཚོ་ཚང་མ་གྲུ་ཁ་སེ་ཊིན་པཱོ་ནས་“ཨོ་ལེམ་ཕཱེ་ཁི”རྟགས་ཅན་གྱི་གྲུ་གཟེངས་ལ་བསྡད་ནས་གྲོང་ཁྱེར་ནོའུ་ཡོ་ལ་ཐད་བསྐྱོད་བྱས་པ་ཡིན། ལྷན་ཚོགས་ཀྱིས་ང་ལ་སྔོན་དུ་གཞི་རྒྱུ་ལེ་སྤྲོད་རྒྱུའི་མཛད་སྒོ་སོགས་མང་པོ་བཀོད་སྒྲིག་བྱས་ཡོད། དེ་དག་ནི་བྱ་བ་མང་དྲགས་པས་རེ་ཞིག་ང་རང་སྐྲག་སྣང་གི་ཁེངས། ཁོ་མོ་ཚོས་བཤད་རྒྱུར། ང་རང་ཕོ་བྲང་དཀར་པོའི་མཛད་སྒོར་ཞུགས་དགོས་པ་མ་ཟད་དང་གྲོང་ཁྱེར་འགའི་དགའ་བསུ་བྱེད་སྒོ་ལ་ཞུགས་དགོས་པ་དང་སློབ་ཆེན་མང་པོ་ནས་བསྡུས་པའི་མཛད་སྒོ་ལ་ཡང་ཞུགས་དགོས་ཞེས་བཤད་པ་དང། ཁོ་མོ་ཚོས་ཆེད་དུ་བསྒྲུབ་པའི་མཛད་སྒོ་འདི་དག་གི་གྲས་ནས་ང་ལ་གཟེངས་རྟགས་འབུལ་རྒྱུ་ཡིན་ཞེས་ཀྱང་བཤད། སློབ་ཆེན་འདི་དག་དང་སློབ་གླིང་འདི་དག་ཕལ་ཆེར་ཞལ་འདེབས་འབུལ་མཁན་གྱི་བསྟི་གནས་ལྟ་བུ་ཡིན།

ཨ་རིའི་མི་ལ་གསོན་ཤུགས་རྒྱས་ཡོད་པ་དང་བྱ་བ་སྒྲུབ་ན་ལས་ཕྱོད་ཧ་ཅང་མཐོ། སྒྲུབ་བཞིན་པའི་མཛད་སྒོ་ལ་རྣམ་གྲངས་མང་ཞིང་གཞི་ཁྱོན་ཆེ། དེ་མ་ཟད་རྒྱལ་ཁབ་དེ་ཆེ་དྲགས་སོང་བས་མི་རྣམས་ཐག་རིང་པོར་འགྲོ་རྒྱུ་ལ་གོམས་ཡོད། དེ་ཕྱིར་ཁོ་མོ་ཚོས་ང་རང་ལམ་ཐག་འདི་འདྲ་རིང་པོ་ཞིག་ལ་བསྐྱོད་པར་གོམས་མེད་པ་དེ་ཚོར་བཞིན་མེད་པ་འདྲ། འོན་ཀྱང་ལམ་བར་ནས་ཁོ་མོ་ཚོས་ང་ལ་བདག་སྐྱོང་གང་ལེགས་བྱས་བྱུང་བས་ངས་དཀའ་ལས་དང་སུན་སྣང་སོགས་ཅི་ཡང་མྱོང་མ་དགོས། ཨ་རིས་ང་ལ་བསུ་མ་རྒྱ་ཆེན་བྱས་བྱུང་ལ་དེ་བས་ངས་ལྷག་བསམ་ཅན་གྱི་གྲོགས་པོ་མང་པོ་ངོ་ཤེས་བྱུང་། དུས་ད་ལྟ་ཡིན་ནའང་། ངས་ཁོ་ཚོའི་བརྩེ་བ་ཟབ་མོ་དེ་ལ་བཀའ་དྲིན་ཇི་ལྟར་ཞུ་དགོས་བ་ཚོར་མ་བྱུང་།

གྲུ་གཟེངས་གྲོང་ཁྱེར་ནོའུ་ཡོའི་གྲུ་ཁ་ལ་བདེ་ལེགས་ངང་ཐོན་དུས་ངས་བརྗིད་ཆགས་ལྡན་པའི་གྲུ་ཁ་དེ་ན་གྲངས་ཀྱིས་མི་ལོངས་བའི་སློབ་མ་ཆེ་འབྲིང་ཆུང་གསུམ་དང་ཕཱོ་ལན་རྒྱལ་ཁབ་གྱི་འཐུས་ཚབ་ཚོགས་པས་ང་ཚོར་སླེབས་པར་སྒུག་བསྡད་ཡོད་པ་མཐོང་སོང་། མེ་ཏོག་མང་པོ་ངའི་ལག་ཏུ་འབྱོར་སོང་བ་ཡིན་ལ་གྲོང་ཁྱེར་ནང་དུ་ཐོན་རྗེས་ང་སྡོད་ཁང་ལྷིང་འཇགས་ཅན་ཞིག་བཀོད་སྒྲིག་བྱས་འདུག་པ་དང་ས་དེ་ནས་ངལ་གསོ་བྱས་པ་ཡིན།

ཉིན་གཉིས་པར་་ལྕམ་མོ་ཁཱ་ནེར་ཁེ་ལགས་ཀྱིས་ང་རང་ཁོང་གིབརྗིད་ཉམས་ཀྱིས་ཕྱུག་པའི་ཁང་པའི་ནང་ནས་ང་ལ་གསོལ་སྟོན་བཤམས། གསོལ་སྟོན་དེའི་སྟེང་ནས་ངས་ཞལ་འདེབས་འབུལ་མཁན་གྱི་མི་མང་པོ་ངོ་ཤེས་སོང་། ལྕམ་མོ་ཁཱ་ནེ་ཁེ་ཚང་གི་ཁང་པ་འགའ་ཞིག་གི་ནང་དུ་ཁོའི་ཁྱོ་ག་སྐུ་ཞབས་ཨན་ཊོ་ཁཱ་ནེ་ཁེ་ལགས་ཀྱིས་ཤུལ་བཞག་དངོས་པོ་མང་པོ་ཉར་ཚགས་བྱས་ཡོད། སྐུ་ཞབས་ཁཱ་ནེར་ཁེ་ལགས་ཀྱིས་ཀུན་ཕན་བྱ་བཞག་གང་མང་ཧྥ་རན་སུ་ནའང་སྙན་གྲགས་ཆེན་པོ་རྒྱས། ཉིན་གསུམ་པ་ནས་བཟུང་། ང་ཚོར་སུ་མེ་སུ་བུད་མེད་སློབ་གྲྭ་དང་ཝ་ས་བུད་མེད་སློབ་གླིང་དུ་ཉིན་འགར་འཚམས་འདྲི་བྱས། སློབ་གྲྭ་དེ་རིགས་གྲོང་ཁྱེར་ནུའུ་ཡོ་ནས་མེ་འཁོར་ལ་བསྡད་ན་ཆུ་ཚོད་འགའི་ལམ་ཐག་ཡོད། རྗེས་སུ་ང་ཚོས་པུ་རེ་ཨིན་བུད་མེད་སློབ་གླིང་དང་ཝེར་སུ་ལེ་བུད་མེད་སློབ་གླིང་སོགས་སུ་བྱིན། ལམ་བར་ནས་ཡང་སློབ་གྲྭ་གཞན་པ་འགའ་ལ་འཚམས་འདྲི་རུ་བྱིན།

བུད་མེད་སློབ་གླིང་དང་སློབ་ཆེན་འདི་ཚོས་ཨ་རིའི་མི་ཡི་འཚོ་བ་དང་རིག་གནས་བླ་ལྷག་ཏུ་མཚོན་ཐུབ། འཚམས་འདྲིའི་དུས་ཚོད་ཡུན་ཐུང་བའི་དབང་གིས་རགས་རིམ་མ་གཏོགས་མཐོང་མ་ཐུབ་པས་ཨ་རིའི་སློབ་གསོ་སོགས་ལ་བློ་གཟུ་བའི་དཔྱད་བརྗོད་བྱས་མི་ནུས། འོན་ཀྱང་ཡུན་ཐུང་གི་འཚམས་འདྲི་བྱས་པ་བརྒྱུད་ནས་ངས་ཧྥ་རན་སུ་དང་ཨ་རི་གཉིས་ཀྱིས་བུ་ཕྲུག་སྐྱོང་ཐབས་དང་སློབ་གསོ་གཏོང་སྟངས་ལ་ཁྱད་པར་དང་ཧེ་བག་ཆེ་བ་དེ་ཚོར་བྱུང་། དེའི་ནང་ནས་ཡང་ཟུར་གཉིས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག། གཅིག་ནི་ཨ་རིའི་སློབ་གསོས་སློབ་མའི་ལུས་རྩལ་སྦྱོང་བརྡར་ལ་དོ་སྣང་ཆེན་པོ་བྱས་ཀྱིན་ཡོད་པ་དང་བདེ་ཐང་དང་ལུས་སྦྱོང་སོགས་གཙིགས་ཆེན་དུ་བཟུང་ཡོད། གཉིས་ནི་ཨ་རིའི་སློབ་མ་ལ་རང་ཉིད་ཀྱི་སྒེར་ཚུགས་མངོན་གྱུར་བྱས་རྒྱུ་དང་རང་ཉིད་ཀྱིས་བསམ་གཞིག་གཏོང་བའི་གོ་སྐབས་དང་རང་དབང་མང་པོ་ཡོད། སློབ་མ་རྩ་འཛུགས་གང་མང་བཙུགས་ནས་དེ་ལ་རམ་འདེགས་བྱས་ཀྱིན་ཡོད།

སློབ་ཆེན་སོ་སོའི་བཟོ་བཀོད་ལ་ཁྱད་ཆོས་ལྡན་པ་དང་ཆགས་སྟངས་ལ་བརྗིད་ཆགས་དང་འཆམ་མཐུན་གྱི་སྣང་བ་སྟེར། སློབ་གྲྭ་དེ་དག་ཕལ་ཆེར་ས་སྟོང་ལུང་སྟོང་ཞིག་ཏུ་བཙུགས་ཡོད་པ་དང་སློབ་ཁྲིད་ཐོག་ཁང་གི་བར་ཐག་ཅུང་རིང། ཐོག་ཁང་སོ་སོའི་ནུས་པ་མི་འདྲ་བ་དང་བར་གསེབ་ན་ཤིང་སྡོང་གི་ནགས་ཚལ་སྐྱེས་ཡོད་པ་དང་ཁོད་ཡངས་ཀྱི་རྩྭ་ཐང་བསྐྲུན་ཡོད། དཔེར་ན་སུ་མེ་སུ་བུད་མེད་སློབ་གླིང་དེ་ལྷིང་འཇགས་ཀྱི་གཙང་བོ་ཞིག་གི་འགྲམ་རྒྱུད་ན་ཆགས་ཡོད། སློབ་གྲྭའི་སྒྲིག་ཆས་ཡོད་དོ་ཅོག་སྟབས་བདེ་ཞིང་དྲི་མས་མ་གོས། ཁྲུས་ཆས་ཆ་ཚང་ཞིང་དྲོ་གྲང་སྙོམས་པར་བཅོས་ཆོག ཉལ་ཁང་གཙང་ཞིང་གྲ་འགྲིག་ལ་གསལ་ཆ་ཆེ། ད་དུང་ཆེད་དུ་མཉམ་མཛོམས་བྱས་སའི་ཚོམས་ཆེན་ཞིག་བསྐྲུན་ཡོད། ལུས་རྩལ་སྒྲིག་ཆས་ཀྱི་ཕྱོགས་ལ་དེ་བས་ཀྱང་འཐུས་ཚང་ཞིང་སྤུས་ཀ་དག སློབ་མ་རང་གི་འདོད་བློ་ལྟར་ལུས་རྩལ་རྣམ་གྲངས་སྦྱང་ཆོག་པ་དང་སྒྲིག་ཆས་དེ་དག་བེད་སྤྱོད་བཏང་ཆོག གྲུག་ལྒང། དྲྭ་ལྒང། དབྱུག་ལྒང་། ཆུ་རྐྱལ་རྣམ་གྲངས། རྟ་བཞོན་པའི་རྣམ་གྲངས་སོགས་རང་དབང་གིས་བདམས་ཆོག སློབ་གྲྭ་ན་ཆེད་དུ་སྨན་ཁང་བཀོད་སྒྲིག་བྱས་ཡོད་པ་དང་སློབ་མའི་བདེ་ཐང་ལ་དོ་སྣང་བྱས་པ་ཧ་ཅང་བཟང་། ཨ་རིའི་ཁྱིམ་བདག་མང་པོས་གྲོང་ཁྱེར་ཆེན་པོའི་མིག་སྔར་འཚོ་བའི་ཁོར་ཡུག་ནང་སློབ་གསོ་ལེགས་པོ་ཐོབ་རྒྱུར་འོས་འཚམ་མིན་པར་འདོད། ཞིང་གྲོང་དུ་བཙུགས་ཡོད་པའི་སློབ་གྲྭའི་ནང་ནས་སློབ་སྦྱོང་བྱས་ན་ཁ་དབུགས་དྭངས་མོ་ཁོ་རང་ཚོའི་ལུས་ཕུང་ལ་ཕན་པ་ཡོད་པ་མ་ཟད། ལྷིང་འཇགས་ཅན་གྱི་ཁོར་ཡུག་གིས་ཁོ་རང་ཚོས་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་བྱས་པར་རམ་འདེགས་བྱས་ཐུབ།

སློབ་གླིང་སོ་སོར་ན་གཞོན་བུད་མེད་འགའ་རེ་སློབ་གླིང་སྤྱིའི་སློབ་མའི་གྲས་ནས་འདེམ་ཤོག་འཕངས་ནས་སློབ་མའི་དོ་དམ་ཚོགས་པ་བཙུགས་ཡོད་པ་དང། ཚོགས་པ་དེས་སློབ་མ་ཚོའི་སློབ་རྭའི་སྒྲིག་ལམ་གཏན་ཁེལ་བྱས་ཆོག་པ་དང་གསར་བྱུང་གི་གནས་ཚུལ་སོགས་ལ་སྒྲིག་ལམ་ཐག་གཅོད་དང་གཏན་ཁེལ་བྱས་ཆོག དེ་མ་ཟད་སློབ་མ་དང་དང་སློབ་གྲྭ་སྣེ་གཉིས་ལ་འབྲེལ་བ་བྱས་ནས་ཞབས་ཞུ་སྣ་ཚོགས་སྒྲུབ་བཞིན་ཡོད། དཔེར་ན་རང་རེའི་སློབ་གླིང་གི་དུས་དེབ་བཀོད་སྒྲིག་བྱེད་པ་དང་སློབ་གླིང་ནང་ཁུལ་ལ་ཟློས་གར་དང་འཁྲབ་གཐུང་གཏན་ཁེལ་བྱེད་པ་སོགས་ཀྱི་རིག་གནས་འཚོ་བ་དང་འབྲེལ་བའི་བྱ་བ་མང་པོ་སྒྲུབ་བཞིན་ཡོད། ང་ཁོ་མོ་ཚོའི་ཟློས་གར་གྱི་བརྗོད་བྱ་ལ་སྤྲོ་བ་ཆེན་པོ་ལྡན། སློབ་མ་ཚོའི་ཁྱིམ་ཚང་གི་རྒྱབ་ལྗོངས་མི་གཅིག་ཁ་ཁ་ཡིན་ནའང་། སློབ་མ་ཚོགས་པ་དང་ཐོག་གི་འོས་མི་བདམ་གསེས་བྱ་རྒྱུ་དང་རྗེས་སུ་བྱ་བ་སྒྲུབ་རྒྱུའི་སྟེང་ལ་ནན་ཏན་གྱིས་རྒྱུ་འབྲས་བརྩི་སྲུང་བྱ་བཞིན་ཡོད། དེ་བས་ཁྱིམ་ཚང་ཕྱུག་པོ་ཅན་ཡིན་ནའང་འདྲ། ཁྱིམ་ཚང་དབུལ་པོ་ཡིན་པས་བྱ་དགའི་མ་དངུལ་ལ་བརྟེན་པས་ད་གཟོད་སློབ་གཉེར་བྱས་ཐུབ་པའི་སློབ་མ་ཡིན་ནའང་འདྲ། སློབ་མའི་ཚོགས་པའི་བྱ་བ་སྒྲུབ་དུས་ཧ་ཅང་འདྲ་མཉམ་དང་དམངས་གཙོ་ཡིན། སློབ་གླིང་གི་ནང་དུ་ད་དུང་རྒྱལ་ཁབ་གཞན་པའི་སློབ་མ་ཡང་ཧ་ཅང་མང། ང་ཧྥ་རན་སུའི་སློབ་མ་འགའ་ལ་ཕྲད་སོང་ལ་ཁོ་མོ་ཚོས་ང་ལ་སློབ་གྲྭའི་འཚོ་བ་དང་སློབ་གསོའི་ཕྱོགས་ལ་ཤིན་ཏུ་ཡིད་ཚིམས་ཡོད་ཅེས་བཤད།

སློབ་གླིང་གི་སློབ་ལོ་ལོ་བཞི་ལ་གཏན་ཁེལ་བྱས་ཡོད། སློབ་གཉེར་བྱས་སྐབས་ལ་རྒྱུགས་སྣ་ཆེ་མ་ཆུང་གསུམ་ཧ་ཅང་མང། སློབ་མ་འགའ་ཤས་ལོ་བཞིའི་སློབ་གཉེར་རྫོགས་ན་ད་དུང་སློབ་ཆེན་དེ་ནས་མུ་མཐུད་དུ་འབུམ་རམས་པའི་བསླབ་གནས་བླངས་ཆོག ཨ་རིའི་འབུམ་རམས་པའི་བསླབ་གནས་དང་ཧྥ་རན་སུའི་འབུམ་རམས་པའི་བསླབ་གནས་གཉིས་ཀ་ལ་མི་འདྲ་ས་ཅུང་ཟད་ཡོད། སློབ་གླིང་རེ་རེ་ལ་རང་གི་དངོས་དཔྱད་ཁང་ཡོད་ལ་སྒྲིག་ཆས་ཐམས་ཅད་འཐུས་ཚང་ཡིན།

སློབ་གླིང་ནང་གི་བུད་མེད་ཐམས་ཅད་ལ་གསོན་ཤུགས་ཀྱིས་རྫོགས། དེ་ཡིས་ང་ལ་ཐེངས་འདིའི་སློབ་ར་འཚམས་འདྲིའི་སྐབས་སུ་བཞག་པའི་བག་ཆགས་ཆེས་ཟབ་མོའི་བྱེ་བྲག་ཅིག་ཡིན། གལ་སྲིད་སློབ་གླིང་ནང་དུ་བསུ་མའི་མཛད་སྒོ་དང་བྱེད་སྒོ་གང་རུང་སྤེལ་ན་སློབ་མ་ལྷན་རྒྱས་སྤྲོ་སེམས་ཁེམས་ནས་དེར་ཞུགས་པ་རེད། ང་རང་ཁོ་མོ་ཚོའི་སློབ་གྲྭར་འཚམ་འདྲི་ལ་སོང་བ་ཁོ་མོ་ཚོས་དགའ་བསུ་ཚད་མེད་བྱས་བྱུང་། ང་ལ་ཆེད་དུ་བསྒྲིག་པའི་བྱེད་སྒོ་དེ་དག་དམག་དོན་རང་བཞིན་ཅན་གྱི་སྒྲིག་ལམ་འོག་ཏུ་ཚུད་ཡོད་ནའང་། ཁོ་ཚོས་ང་རང་ཕེབས་པར་དགའ་བའི་བཟོ་ལྟ་དེ་དག་དང་། དགའ་སྟོན་སྟེང་དུ་རང་གིས་བརྩམས་པའི་གཞས་དེ་དག་བླངས་པའི་སྐད་ངག དེ་མ་ཟད་ང་རང་ས་གང་སར་ཕྱིན་ན་ཁོ་མོ་ཚོ་ཕྱོགས་སར་རྒྱུག་འོང་བའི་རྣམ་པ་དེ་དག་ང་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག དེ་བས་ངས་ནམ་ཡིན་ཡང་དེ་དག་བརྗེད་ཐབས་མེད།

གྲོང་ཁྱེར་ནོའུ་ཡོ་དང་ཝ་ཧྲིན་ཐོན་ལ་ཕྱིར་མ་ལོག་སྔོན་དུ་ང་ད་དུང་དགའ་སྟོན་མཛད་སྒོ་ཁ་ཤས་ལ་ཞུགས་དགོས། རྫས་འགྱུར་སློབ་ཚོགས་ཀྱི་གུང་ཚིགས་དང་རང་བྱུང་ལོ་རྒྱུས་དངོས་རྫས་བཤམས་སྟོན་ཁང་དང་གཏེར་རྡོ་སློབ་ཚོགས་ཀྱི་བསུ་མའི་བྱེད་སྒོ སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་གྲ་སྒྲིག་བྱས་ཡོད་པའི་དགོང་ཇ། ཁཱ་ནེ་ཁེ་ཚོགས་ཁང་ཆེན་མོའི་ནང་དུ་བུད་མེད་སློབ་གླིང་སོ་སོའི་སློབ་མའི་འཐུས་ཚབ་དང་སློབ་ཆེན་དགེ་རྒན་རྣམས་ཀྱིས་བསྡུས་པའི་བསུ་མའི་ཚོགས་ཆེན་ལ་ཞུགས་པ་ཡིན།

གོང་གི་བྱ་འགུལ་གྱི་ཁྲོད་དུ་བུད་མེད་ལྷན་ཚོགས་ཀྱི་འགོ་ཁྲོད་དང་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་གྲགས་ཅན་སོགས་ཚོགས་ཐོག་ཏུ་ཞུགས་པ་དང་སྤྲོ་སེམས་འཁོལ་བའི་ངང་ནས་གཏམ་བཤད་སྤེལ། དེ་མ་ཟད་ང་ལ་ཞོར་དུ་གཟེངས་རྟགས་དང་མཚན་སྙན་སྣ་ཚོགས་གནང་། གཟེངས་རྟགས་དང་མཚན་སྙན་འདི་དག་ལ་བརྩེ་སེམས་མི་དམན་པ་འཁོར་འདུག་པས་ངས་དེ་ལ་བརྩི་འཇོག་དང་རྩིས་མཐོང་ཆེན་པོ་བྱེད་ཀྱིན་ཡོད། རྒྱལ་ཁབ་དང་མི་རིགས་སོ་སོའི་མཛའ་བརྩེ་ནི་མི་རྣམས་ཀྱིས་དུས་རྒྱུན་དུ་གླེང་པར་སྤྲོ་བའི་བརྗོས་གཞིར་འགྱུར་འགྲོ ཨ་རིའི་སྲིད་འཛིན་གཞོན་པ་ཁཱུ་ལེ་ཏྲི་ལགས་ཀྱི་གཏམ་བཤད་ཁྲོད། ཧྥ་རན་སུ་མི་དམངས་དང་ཕཱོ་ལན་མི་དམངས་ཀྱིས་ཨ་རིའི་རྒྱལ་ཁབ་འཛུགས་པའི་སྟེང་ལ་རོགས་རམ་རྣམ་པ་སྣ་ཚོགས་མི་དམན་པ་བྱས་སོང་བ་དེ་ལ་ལྷག་བསམ་ཟོལ་མེད་ངང་བཀའ་དྲིན་ཞུ་བཞིན་ཡོད། དེ་མ་ཟད་རྒྱལ་ཁབ་བར་གྱི་མཛའ་བརྩེ་དེ་འཁྲུག་ཆེན་ཁྲོད་དུ་ཇེ་ཟབ་དུ་སོང་ཞེས་བཤད།

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། ཤེས་ཡོན་བརྗེ་རེས་དང་སྤྱི་ཚོགས་དང་ལེན་གཉིས་ཀྱི་མཁའ་དབུགས་སྟུག་པོའི་ཁྲོད་དུ་ཨ་རིའི་སྲིད་གཞུང་གིས་ང་ལ་ཕོ་བྲང་དཀར་པོ་ནས་གཟབ་ནན་གྱི་རྟེན་འབྲེལ་དགའ་སྟོན་ཞིག་འཚོགས། མཛད་སྒོ་སྟབས་བདེ་ཞིང་ཡུན་ཐུང་ཡིན་མོད་འོན་ཀྱང་ང་ལ་སེམས་འགུལ་ཐེབས་སུ་བཅུག མཛད་སྒོ་ཧྲིལ་བོར་ཨ་རིའི་རང་བཞིན་ཅན་གྱི་དམངས་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས་ཀྱིས་ཁེངས་འདུག སྲིད་འཛིན་ཧ་ཊིན་དང་ཁོའི་ལྕམ་མོ་གཉིས་ཀ་མཛད་སྒོར་ཕེབས་ཡོད་པ་དང་། དེ་མ་ཟད་མཛད་སྒོ་ལ་བཞུགས་མཁན་གྱི་མི་སྣའི་གྲས་སུ་ཨ་རིའི་རྒྱལ་སྲིད་ཁང་གི་བློན་ཆེན་དང་ཁྲིམས་ཁང་ཆེན་མོའི་ཁྲོམས་དཔོན་ཆེན་མོ། མཁའ་དམག་དང་ཐང་དམག མཚོ་དམག་བཅས་ཀྱི་དམག་དཔོན་ཆེན་མོ་དག་དང་རྒྱལ་ཁབ་སོ་སོའི་ཕོ་ཉ་ལས་སྒྲུབ་ཁང་གི་འཐུས་མི། ད་དུང་གྲོང་ཁྱེར་ཝ་ཧྲིན་ཏོན་དང་ས་ཕྱོགས་གཞན་པའི་སྤྱི་ཚོགས་སྟེང་གི་མི་སྣ་སྙན་གྲགས་ཅན་བཅས་ཚོགས་ཆེན་སྟེང་དུ་ཞུགས་ཡོད།

མཛད་སྒོ་དངོས་སུ་མགོ་བརྩམས་དུས་ཧྥ་རན་སུའི་ཕོ་ཉ་སྐུ་ཞབས་ཅོབ་སཱ་ཨང་ལགས་ཀྱིས་ཤིས་ཚིག་སྟབས་བདེ་ཞིག་གནང་ཞིང་། རྗེས་སུ་ལྕམ་མོ་མེ་ལུ་ནེ་ལགས་ཀྱིས་ཨ་རིའི་བུད་མེད་ལྷན་ཚོགས་དང་བུད་མེད་སྤྱི་བྱིངས་ཀྱི་ཚབ་བྱས་ནས་གཏམ་བཤད་སྤེལ། དེའི་གཞུག་ནས་ཨ་རིའི་སྲིད་འཛིན་ཧ་ཊིན་ལགས་ཀྱིས་གཏམ་བཤད་སྤེལ། སྲིད་འཛིན་ལགས་ཀྱིས་བཤད་ཚར་བ་ན་ངས་སྟབས་བདེ་ཡི་ཚིག་འགའ་བཤད་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། དེ་ནས་སྐུ་མགྲོན་ཐམས་ཅད་མཉམ་དུ་བསྒྲིགས་ནས་ང་ལ་གཅིག་གཅིག་གཉིས་གཉིས་ཀྱིས་ཕྱག་འཇུ་གནང་། ཆེས་ཐ་མར་ང་ཚོས་མཉམ་དུ་པར་བླངས་ནས་ཡུན་རིང་གི་དྲན་རྟེན་དུ་བཞག་པ་ཡིན། གོང་གི་བྱ་འགུལ་འདི་ཐམས་ཅད་མཛེས་སྡུག་ལྡན་ཞིང་བརྗིད་ཉམས་ཀྱིས་ཕྱུག་པའི་ཕོ་བྲང་དཀར་པོ་ནས་འཚོགས་པ་ཡིན་ལ་དེ་དུས་སུ་ཟླ་ལྔ་བའི་ཉི་འོད་རབ་ཏུ་འཇམ་པའི་ཕྱི་དྲོ་ཞིག་ལ་ཡིན། བརྗིད་ཆགས་ཅན་གྱི་ཕོ་བྲང་དཀར་པོ་ཁོད་ཡངས་པའི་སྤང་ཐང་དུ་ཆགས་ཡོད་ལ་འགྲམ་གྱི་བརྗིད་ཆགས་ཀྱི་བཟོ་བཀོད་གྲས་ནས་ཕོ་བྲང་དཀར་པོ་ལྷག་ཏུ་འོད་མདངས་ལྡན་ལ་མཛེས་སྡུག་གིས་ཕྱུག ཐེངས་འདིའི་མཛད་སྒོའི་ཁྲོད་དུ་ཨ་རིའི་སྲིད་འཛིན་གྱིས་རླབས་ཆེ་བའི་ཨ་རིའི་རྒྱལ་ཡོངས་ཀྱི་ཚབ་བྱས་ནས་ང་ལ་གཟེངས་བསྟོད་མཛད་པ་དེ་ང་ལ་མཚོན་ན་རིན་ཐང་གཞལ་དུ་མེད་པའི་གཟི་བརྗིད་ཡིན་པས་ངས་དུས་གཏན་དུ་བརྗེད་ཐབས་བྲལ།

གཏམ་བཤད་ཁྲོད་དུ་ཨ་རིའི་སྲིད་འཛིན་གྱིས་ཡང་བསྐྱར་ཨ་རིའི་མི་དམངས་ཀྱིས་ཧྥ་རན་སུ་མི་དམངས་དང་ཕཱོ་ལན་མི་དམངས་ལ་བཀའ་དྲིན་ཞུས་པ་ཡིན། ནང་དོན་ཕལ་ཆེར་སྲིད་འཛིན་གཞོན་པའི་བཤད་པ་དང་མཚུངས་ལ། མི་གཅིག་ས་ནི་སྲིད་འཛིན་གྱིས་ཐད་ཀར་བཀའ་དྲིན་ཞུས་པ་དང་སྒོས་སུ་དེ་སྐབས་སུ་གཞི་རྒྱུ་ལེ་སྦྱིན་རྒྱུའི་བྱ་འགུལ་ཁྱད་པར་ཅན་གྱི་མཛའ་བརྩེ་འདི་ལ་ནང་དོན་གསར་བ་ཞིག་བསྣན་སོང་བ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་མངོན་སོང་།

ཨ་རིའི་མི་རིགས་འདི་གཏོང་ཕོད་ཆེ་ལ་མི་དམངས་སྤྱིའི་བདེ་ཐང་དང་ཁེ་ཕན་ལ་ཕན་པའི་དོན་ཞིག་གི་སྟེང་ལ་དུས་རྒྱུན་དུ་གཟེངས་སྟོད་དང་གདེང་འཇོག་མི་དམན་པ་བྱས་པ་རེད། གཞི་རྒྱུ་ལེ་གསར་རྙེད་བྱུང་སོང་བ་དེ་ཨ་རི་རྒྱལ་ཁབ་ནས་འདི་འདྲའི་ཕྱོགས་ཆེ་ས་ནས་རྒྱབ་སྐྱོབ་དང་སྙིང་རྗེ་ཐོབ་སོང་བའང་གཞི་རྒྱུ་གསར་རྙེད་བྱུང་མཁན་གྱི་མི་དེས་རང་ཉིད་ཀྱི་ཁེ་དབང་སོགས་ཅི་ཡང་མ་བསམ་པར་འགྲོ་བ་མིའི་རིགས་ཀྱི་སྤྱིའི་ཁེ་ཕན་གྱི་ཆེད་དུ་སྤྱི་ཚོགས་སྟེང་དུ་བཀྲམ་སྤེལ་བྱས་པའི་སྙིང་སྟོབས་དེ་ཡིན་ལ། དེ་ལ་ཚན་རིག་ཞིབ་འཇུག་གི་རིན་ཐང་ལྡན་པ་དང་གསོ་རིག་ནད་དཔྱད་སྟེང་དུ་བེད་སྤྱོད་གཏོང་ཐུབ་པ་ཙམ་ག་ལ་ཡིན། རང་ཉིད་ཀྱི་ཁེ་ཕན་ཆུང་ངུ་དེ་བསྐྱུར་ནས་སྤྱི་ལ་ཕན་པའི་དངོས་རྫས་འདི་བསྡུ་ལེན་བྱས་ཐབས་དེ་མ་གསང་མ་སྦས་པར་སྤྱི་ཚོགས་སྟེང་དུ་བཀྲམ་པ་དེའི་དོན་དུ་ཨ་རིའི་མི་དམངས་ཡོངས་ཀྱིས་ཐེངས་འདིའི་ཞལ་འདེབས་བྱ་འགུལ་འདི་ལ་རྒྱབ་སྐྱོར་མི་དམན་པ་ཐོབ། ཨ་རིའི་ཚན་རིག་པའི་སྡེ་ཡིས་ཧྥ་རན་སུའི་ཚན་རིག་པའི་རླབས་ཆེན་སྤྱོད་བཟང་དང་ཞུམ་མེད་སྙིང་སྟོབས་འདི་ལ་ཁོ་ཚོས་ལྷག་བསམ་རྣམ་དག་གིས་ཡི་རངས་བྱས་ཡོད་པ་མཚོན།

ང་ལ་གནང་བའི་གཞི་རྒྱུ་ལེ་དེ་བདེ་འཇགས་ལ་དམིགས་ནས་ཉིན་དེར་དགའ་སྟོན་སྟེང་དུ་འཁྱེར་ཡོང་མེད། ཨ་རིའི་སྲིད་འཛིན་གྱིས་ང་ལ་གསེར་གྱི་ལྡེ་མིག་ཆུང་ཆུང་ཞིག་སྤྲད་པ་ཡིན་ལ། དེ་ནི་གཞི་རྒྱུ་ལེ་འཇོག་བྱས་གྱི་སྒམ་ཆུང་དེའི་ལྡེ་མིག་རེད།

གྲོང་ཁྱེར་ཝ་ཧྲིན་ཏོན་ནས་མཛད་སྒོ་གཙོ་བོ་དག་ལ་ཞུགས་ཚར་རྗེས། ད་དུང་གྲོང་ཁྱེར་འདི་ནས་ཉིན་འགར་བསྡད་པ་ཡིན། ཧྥ་རན་སུའི་ཕོ་ཉའི་ལས་སྒྲུབ་ཁང་དང་ཕཱོ་ལན་གྱི་ཕོ་ཉ་ལས་སྒྲུབ་ཁང་གི་བསུ་མའི་དགའ་སྟོན་ལ་ཕེབས་པ་དང་། རྒྱལ་གཉེར་དངོས་རྫས་བཤམས་སྟོན་ཁང་གི་བསུ་མའི་དགའ་སྟོན་ལ་ཞུགས། དེ་མ་ཟད་ཁོམ་སྐབས་དང་བསྟུན་ནས་ངས་ད་དུང་ཚོད་ལྟ་ཁང་འགའ་ལ་ལྟ་ཞིབ་བྱས་པ་ཡིན།

གྲོང་ཁྱེར་ཝ་ཧྲིན་ཏོན་ལ་ཁ་བྲལ་རྗེས་སྔ་གཞུག་ཏུ་ཧྥེ་གྲོང་དང་། གྲོང་ཁྱེར་ཕེ་ཙི་པོ། གྲོང་ཁྱེར་ཕྲེ་ཁཱ་གོ གྲོང་ཁྱེར་པུ་ཧྥ་རོ། གྲོང་ཁྱེར་པོ་སི་ཊོན། གྲོང་ཁྱེར་ནུའུ་ཧེ་བུའུ་བཅས་ལ་འཚམས་འདྲི་རུ་ཕྱིན་པ་ཡིན་ལ། ཞོར་དུ་ང་རང་ཨ་རིའི་སྐད་གྲགས་ཅན་གྱི་གྲོག་རོང་ཆེན་མོ་དང་ནེ་ཡ་ཅ་ལ་རྦབ་ཆུ་གཉིས་ལ་ལྗོངས་རྒྱུ་རུ་སོང་བ་ཡིན། ཐེངས་འདིའི་ལམ་བར་ནས་ང་ལ་སློབ་ཆེན་མང་པོ་ཞིག་གི་གདན་ཞུ་ཐོབ། དེ་མ་ཟད་ངས་དེ་དག་གིས་ང་ལ་གནང་བའི་གཟེངས་རྟགས་དང་མཚན་སྙན་དང་ལེན་བྱས་པ་ཡིན། སློབ་ཆེན་དེ་དག་ནི་པེན་ཤུའུ་ཧྥ་ནེ་ཡ་སློབ་ཆེན། ཕེ་ཛེ་པུའུ་སློབ་ཆེན། ཕྲེ་ཁཱ་གོ་སློབ་ཆེན། ནུབ་བྱང་སློབ་ཆེན། ཁུ་ལོམ་བྷ་ཡ་སློབ་ཆེན། ཡཱི་ལོ་སློབ་ཆེན། པེན་ཤུའུ་ཧྥ་ནེ་ཡ་བུད་མེད་གསོ་རིག་སློབ་གླིང་། སེ་མེ་ཟཱེ་བུད་མེད་སློབ་གླིང་། ཝེར་ཟུ་ལེ་བུད་མེད་སློབ་གླིང་སོགས་རེད། ངས་སློབ་གྲྭ་དེ་དག་གི་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས་བ་ལ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་མ་ཟད། ཧཱ་ཧྥོ་སློབ་ཆེན་གྱིས་ཀྱང་ང་ལ་ཚོགས་འདུ་བསྡུས་ནས་ང་ལ་དགའ་བསུ་བྱས་པ་དེར་ངས་རྩ་འཛུགས་པ་དེ་ཚོར་བཀའ་དྲིན་ཞུ་དགོས་ཡོད།

ཨ་རིའི་སློབ་ཆེན་རྣམས་ནས་གོ་མིང་བསླབ་གནས་སྟེར་པ་དང་གཟེངས་རྟགས་འབུལ་བའི་མཛད་སྒོ་དག་ཧ་ཅང་རྒྱ་ཆེ་བ་རེད། སྤྱིའི་ཆ་ནས་བཤད་ན། མཚད་སྒོ་འདི་དག་ལོ་རེ་ཡི་མཐར་ཕྱིན་སློབ་མའི་མཇར་ཕྱིན་མཛད་སྒོ་དང་དུས་མཉམ་དུ་འཚོགས་པ་ཡིན་ལ། བསླབ་གནས་ཐོབ་མཁན་ཚོ་ངེས་པར་དུ་ཞུགས་དགོས་པ་ཡིན་མོད། འོན་ཀྱང་མཐར་ཕྱིན་མཛད་སྒོའི་དུས་ལ་མ་ཐོན་རུང་སློབ་ཆེན་མང་པོ་ཞིག་གི་སྔོན་གྱི་སྒྲིག་སྲོལ་གཏོར་ནས་ང་ལ་ཆེད་དུ་གོ་མིང་བསླབ་གནས་གནང་བའི་མཛད་སྒོ་སྤེལ།

ཨ་རིའི་སློབ་ཆེན་ནང་དུ་འདི་ལྟ་བའི་བྱེད་སྒོ་དང་མཛད་སྒོ་ཧྥ་རན་སུ་དང་བསྡུར་ན་ཧ་ཅང་མང་པོ་གདའ། བྱེད་སྒོ་དེ་དག་ནི་སློབ་རའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན། ལོ་གཅིག་ལ་ཐེངས་གཅིག་མ་གཏོགས་མེད་པའི་མཐར་ཕྱིན་མཛད་སྒོ་ནི་དེ་བས་ཀྱང་བརྗིད་ཆགས་དང་གཟབ་ནན་ཡིན། མཐར་ཕྱིན་མཛད་སྒོ་འཚོགས་ཐེངས་རེར། སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་དགེ་རྒན་ཚོ། ད་དུང་མཐར་ཕྱིན་སློབ་མ་ཚོས་བསླབ་གནས་ལྭ་བ་གྱོན་ཞིང་གྲལ་བསྒྲིགས་ནས་སློབ་ཆེན་ལ་སྐོར་བ་བྱས་ཅིང་རྗེས་སུ་སློབ་ཆེན་གྱི་ཚོགས་ར་ཆེན་མོ་རུ་འདུས་ནས་སློབ་གཙོ་ལགས་ཀྱིས་དངོས་གཞི་མཐར་ཕྱིན་དང་ཤེས་རམས་པ། འབུམ་རམས་པའི་བསླབ་གནས་ཐོབ་པའི་སློབ་མ་རྣམས་ཀྱི་མིང་བྱང་ཀློག་པ་དང་ཞོར་དུ་རོལ་ཚོགས་ཀྱི་རོལ་མོའི་རམ་འདེགས་བྱས་པ་ཡིན། བྱ་རིམ་འདི་མཇུག་བསྒྲིལ་རྗེས། དུས་རྒྱུན་དུ་སློབ་གླིང་ཁག་གི་མི་སྣ་གྲགས་ཅན་དང་སྤྱི་ཚོགས་སྟེང་གི་མི་སྣ་མཚན་སྙན་ཅན་བོས་ཡོང་ནས་གཏམ་བཤད་སྤེལ་དུ་བཅུག གཏམ་བཤད་ཀྱི་ནང་དོན་གཙོ་བོ་ནི་སློབ་གསོའི་ཕུགས་བསམ་དང་མིའི་རིགས་ལ་ཕན་འདོགས་པའི་ལྷག་བསམ་བཅས་ལ་བསྟོད་བསྔགས་བྱས་པ་དེ་ཡིན། མཚམས་མཚམས་སུ་དེའི་གསེང་ལ་ཨ་རིའི་ཁྱད་ཆོས་ཅན་གྱི་ཁ་མཚར་སོགས་བསྣན་ཡོད་པས་མཛད་སྒོ་འདི་དག་ལ་ཞུགས་ཙ་ན་མི་ལ་སེམས་འགུལ་ཐེབས་དུ་བཅུག སློབ་གྲོགས་གསར་རྙིང་བར་ལ་འབྲེལ་བ་འཛུགས་རྒྱུ་དང་མཐར་ཕྱིན་སློབ་མ་བར་གྱི་བརྩེ་བ་ཇེ་ཟབ་དུ་གཏོང་བྱས་ལ་མཛད་སྒོ་འདི་དག་གིས་ནུས་པ་གལ་ཆེན་འདོན་ཐུབ། ཨ་རིའི་སློབ་ཆེན་ཁག་གི་མཛད་སྒོ་འདི་ལ་ཧ་ཅང་གཞལ་དཀའ་བའི་རིན་ཐང་ལྡན། རྒྱུ་མཚན་ནི་རྒྱལ་ཁབ་འདིའི་སློབ་ཆེན་ཕལ་ཆེར་མི་སྒེར་གྱིས་མ་དངུལ་བཏང་བ་དང་རོགས་རམ་བྱས་ནས་བཙུགས་པ་རེད། འོན་ཀྱང་ཉི་བའི་ལོ་འགའི་རིང་ད་གཟོད་ཁུལ་སོ་སོའི་རང་རང་གི་ཁུལ་གྱིས་གཉེར་བའི་སློབ་ཆེན་བཙུགས་བྱུང་།

ཡཱེ་ལོ་སློབ་ཆེན་ནས་ང་ལ་ཕཱ་རེ་སློབ་ཆེན་གྱི་སྐུ་ཚབ་བྱས་ནས་སློབ་གྲྭ་དེའི་སྐབས་བཅུ་བཞི་བའི་སློབ་གཙོ་ཨན་གོར་ལགས་ཀྱི་འགན་བཞེས་མཛད་སྒོ་ལ་ཞུགས་པའི་སྐལ་བ་ཐོབ། ཧྥེ་སེ་ཧྲིན་སུ་སློབ་ཆེན་(The College Of Physicians)ནས་ང་རང་ཨ་རིའི་མཚན་ཉིད་རིག་པའི་སློབ་ཚོགས་དང་གསོ་རིག་སློབ་ཚོགས་ཀྱི་ཚོགས་འདུ་ལ་ཞུགས་པ་ཡིན། ཕྲེ་ཁཱ་གོ་སློབ་ཆེན་ནས་ང་ཨ་རིའི་རྫས་འགྱུར་ལྷན་ཚོགས་ཀྱི་ལོ་གཅིག་ལ་རེབ་གཅིག་རེ་འཚོག་པའི་ཚོགས་ཆེན་ལ་བཞུགས་པ་ཡིན། དེ་མ་ཟད་ཚོགས་སྟེང་ནས་རྫས་འགྱུར་རིག་པ་བ་ཡོངས་ལ་གཞི་རྒྱུ་ལེ་ཡི་སྐོར་གྱི་སྙན་ཞུ་ཕུལ་བ་དང་གཏམ་བཤད་སྤེལ་བ་ཡིན། ཚོགས་ཆེན་འདི་དག་ལ་ཕེབས་སྐབས་ཁོ་ཚོས་ང་ལ་གཟེངས་རྟགས་རིན་ཐང་གཞལ་དུ་མེད་པ་གསུམ་གནང་བྱུང་། དེ་དག་ནི་ཅོ་ཧན*སུ་ཁོ་ཐུ་བྱ་དགའ་དང་། པིན་ཅར་མེན*ཧྥི་རན་ཁུ་ལེན་བྱ་དགའ། ད་དུང་ཝེར་ཊི•ཅི་པུའུ་སུ་བྱ་དགའ་སོགས་གནང་པ་རེད།

ཨ་རིའི་བུད་མེད་ལྷན་ཚོགས་ཀྱིས་ད་དུང་ང་ལ་ཆེད་དུ་བསུ་མའི་བྱེད་སྒོ་རྒྱ་ཆེན་ཞིག་ཚོགས་པ་དེ་ལ་ཨ་རིའི་སྤྱི་ཚོགས་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ། ངས་སྔོན་ནས་བཤད་པ་ཇི་བཞིན། གྲོང་ཁྱེར་ནུའུ་ཡོ་ནས་སློབ་ཆེན་ཁག་གི་བུད་མེད་ཡོངས་ཀྱིས་ཁཱ་ནེ་ཁེ་ཚོགས་ཆེན་ནས་ང་ལ་བསུ་མའི་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་ཁྲེ་ཁཱ་གོ་ནས་ཕཱོ་ལན་བུད་མེད་ལྷན་ཚོགས་ཀྱིས་ང་ལ་དེ་དང་ཆ་འདྲ་བའི་བསུ་མའི་བྱེད་སྒོ་སྤེལ་མྱོང་། གྲོང་ཁྱེར་ཕེ་ཙཱི་པོ་ནས་སྤྱི་ཚོགས་ལས་རིགས་སོ་སོའི་བུད་མེད་རྣམས་ཀྱིས་ང་ལ་ཁཱ་ནེ་ཁེ་ཞིབ་འཇུག་གླིང་ནས་ཚོགས་འདུའི་རྣམ་པ་ལྟར་དུ་དགའ་བསུ་བྱས་མྱོང་། གྲོང་ཁྱེར་པོ་ཧྥ་རོ་ནས་ཁཱ་ན་ཊ་སློབ་ཆེན་གྱི་བུད་མེད་རྣམས་ཀྱིས་ང་ལ་སྣེ་ལེན་བྱས་པར་རྩ་འཛུགས་བྱས་པ་ཡིན་པ་བཅས་སོགས་ལས་ཀ་མང་པོ་གཉེར། གོང་གི་བཤད་ཟིན་པའི་བྱེད་སྒོ་དང་ཚོགས་ཆེན་སྤེལ་ཐེངས་རེར་ངས་སེམས་ཀྱི་ཟབ་ས་ནས་ཁོ་མོ་ཚོས་ང་ལ་བཅིངས་བའི་ཟོལ་མེད་ཀྱི་ལྷག་བསམ་དེ་མཐོང་ཐུབ། ཁོ་མོ་ཚོས་མ་འོངས་པར་བུད་མེད་རྣམས་ཀྱིས་ལས་རིགས་སོ་སོ་དང་སྒོས་སུ་ཚན་རིག་ཞིབ་འཇུག་གི་གོ་རིམ་ཁྲོད་ནས་ལག་རྗེས་མི་དམན་པ་འཇོག་ཐུབ་པ་དང་འགྲོ་བ་མིའི་སྤྱིའི་ཁེ་ཕན་ལ་ནུས་པ་གལ་ཆེན་འདོན་ཐུབ་པར་ཡིད་ཆེས་དམ་པོ་བཅིངས་ཡོད།

དེ་བས་ཀྱང་ང་ལ་བློ་སྐྱེད་ཆེན་པོ་ཞིག་བྱིན་པ་ནི་ཨ་རིའི་རྒྱལ་ཁབ་ནས་བུད་མེད་ཚོས་རང་རང་གི་ཕུགས་འདུན་ལ་བརྩོན་ལེན་བྱས་འདོད་པའི་རེ་འདུན་དང་ངེས་པར་དུ་འཛོམས་དགོས་པའི་ཆ་རྐྱེན་དེ་ཚོ་ལ་སྐྱེས་པ་རྣམས་ཀྱིས་ཁ་གཏད་དུ་གཏན་ནས་ལངས་མེད། ངའི་མཐོང་ཐོས་མྱོང་ནས་ཀྱང་གསལ་བོ་མཐོང་འོས་ཏེ། སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི་རེ་འདུན་འདི་ལྟ་བུ་ལ་འོས་ཤིང་འཚམ་པའི་རྒྱབ་སྐྱོར་དང་རམ་འདེགས་བྱས་བཞིན་ཡོད།

ཨ་རིའི་བུད་མེད་ལྷན་ཚོགས་ཀྱིས་ལྟ་རྟོག་དང་ཐེར་འདོན་བྱེད་པའི་སྤྱི་ཚོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་ལ། སློབ་གསོའི་བྱ་གཞག་དང་འཕྲོད་བསྟེན་གྱི་བྱ་གཞག ད་དུང་ལས་ཀ་བ་རྣམས་ཀྱིས་གླ་ཕོགས་དང་ཐོབ་ཐང་སོགས་ཀྱི་ཕྱོགས་སོ་སོ་ལ་ལྷག་པར་དུ་གཙིགས་ཆེན་དུ་བཟུང་ཡོད། དེ་མ་ཟད་སྤྱི་ཚོགས་ཀྱི་ལས་དོན་སྤེལ་བའི་བྱ་གཞག་དེ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་མ་ཟད། ཀུན་ཕན་རོགས་སྐྱོར་སོགས་ཀྱི་ལས་དོན་ལ་ཡང་བུད་མེད་རྣམས་ཀྱིས་ཐུགས་ཁུར་ཆེན་པོ་གནང་ཡོད་ལ་དེ་ལ་མ་དངུལ་གྱི་རོགས་རམ་ཆེན་པོ་བྱས་བཞིན་གདའ། ལྕ་མོ་མེ་ལི་ནེ་ལགས་ཀྱིས་ད་དུང་སྤྱི་ཚོགས་སྟེང་ནས་མ་དངུལ་ཞལ་འདེབས་བྱས་ནས་གཞི་རྒྱུ་ལེ་ཉོ་ཐུབ་སོང་བ་དེ་ཡང་ཨ་རིའི་བུ་མེད་ལྷན་ཚོགས་ཀྱིས་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་རེད། གྲལ་རིམ་སོ་སོའི་བུད་མེད་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས་མཐར་གཞི་རྒྱུ་ལེ་ཉོ་བྱས་ཀྱི་མ་དངུལ་འདང་སོང་བ་རེད།

ཐེངས་འདིའི་ཨ་རི་ལ་བསྐྱོད་པའི་ཁྲོད་ང་རང་ཆེས་ཡིད་ཕངས་བ་ཞིག་ནི་ཚན་རིག་ཚོད་ལྟ་ཁང་དང་ཞིབ་འཇུག་གླིང་སོ་སོར་ལྟ་སྐོར་དུ་འགྲོ་རྒྱུའི་དུས་ཚོས་ངེས་ཅན་ཞིག་བེད་སྤྱོད་མ་བཏང་བ་དེ་ཡིན། ཐེངས་འགར་ཚོད་ལྟ་ཁང་སོ་སོར་ལྟ་སྐོར་དུ་ཕྱིན་པ་དེ་ང་ལ་མཚོན་ན་ཧ་ཅང་བརྗེད་དཀའ། ཚོད་ལྟ་ཁང་དེ་དག་གི་སྒྲིག་ཆས་སྤུས་ཀ་བཟང་ཞིང་འཐུས་ཚང་ཡིན་པ་དེ་ལས་ཨ་རིའི་མི་དམངས་ཀྱིས་ཚན་རིག་ལ་གཙིགས་ཆེན་དུ་བཟུང་ཡོད་པ་དང་ཚན་རིག་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་རེ་བ་ཟབ་མོ་བཅངས་ཡོད་པ་ཤེས་ཐུབ། ས་ཆ་མང་ཤོས་ན་ཞིབ་འཇུག་ཁང་མང་པོ་གསར་བཞེངས་བྱས་ཀྱིན་ཡོད་ལ་སྔར་ཡོད་ཀྱི་ཞིབ་འཇུག་རྙིང་བ་ཅན་དེ་ཚོའི་ནང་ནའང་སྒྲིག་ཆས་གསར་བ་གསར་རྐྱང་ཏག་ཏག་སྒྲིག་ཡོད། ཞིབ་འཇུག་ཁང་གི་ཆགས་གནས་ཐམས་ཅད་ཧ་ཅང་ཁོད་ཡངས་ཡིན་ལ་ཧྥ་རན་སུའི་ཞིབ་འཇུག་ཁང་དང་ཚོད་ལྟ་ཁང་དེ་ལ་གཞི་ནས་བསྡུར་ས་མེད། ཨ་རིའི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་ཞིབ་འཇུག་ཁང་ཕལ་མོ་ཆེ་མི་སྒེར་གྱིས་མ་དངུལ་བཏང་ནས་བསྐྲུན་པ་དང་ཐེབས་རྩ་ཚོགས་པ་རྣམས་ཀྱི་མ་དངུལ་བཏང་ནས་བསྐྲུན་པ་ཅན་ཧ་ཅང་མང་། ཨ་རིའི་རྒྱལ་ཁབ་ན་མི་སྒེར་གྱི་མ་དངུལ་ལ་བརྟེན་ནས་གྲུབ་པའི་རྒྱལ་ཁང་ཞིབ་འཇུག་ལྷན་ཚོགས་ཅིག་ཡོད་ལ། ཚོགས་པ་དེ་བཙུགས་པའི་དམིགས་ཡུལ་ནི་ཚན་རིག་ཞིབ་འཇུག་གི་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་དེ་ལ་མ་དངུལ་མཁོ་སྤྲོད་བྱས་བཞིན་ཡོད། དེ་མ་ཟད་ཚོགས་པ་དེ་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་དང་སྤྱི་ཚོགས་བཟོ་ལས་གཉིས་ཀར་མཉམ་ལས་བྱས་ཐུབ་པའི་འབྲེལ་བ་དམ་པོ་ཆགས་ཡོད།

ང་ད་དུང་ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་ན་བཙུགས་ཡོད་པའི་རྒྱལ་གཉེར་ཚད་གཞི་ཅུའུ་ལ་ལྟ་སྐོར་དུ་ཕྱིན་པ་ཡིན། དེ་ནི་རྒྱལ་ཡོངས་རང་བཞིན་གྱི་ཚན་རིག་ཚད་འཇལ་དང་དེའི་སྐོར་ལ་ཞིབ་འཇུག་བྱས་སའི་ལས་ཁུངས་གལ་ཆེན་ཞིག་ཡིན། ཨ་རིའི་བུད་མེད་ལྷན་ཚོགས་ཀྱིས་ང་ལ་གནང་བའི་གཞི་རྒྱུ་ལེ་དེ་ཡང་ས་དེ་ག་ན་ཤེལ་གྱི་སྦུ་གུ་འགའི་ནང་དུ་བཅུས་ནས་ཉར་ཚགས་དམ་པོ་བྱས་ཡོད། ལས་ཁུངས་དེས་ནང་གི་ལས་བྱས་མི་སྣས་ང་ལ་རོགས་རམ་བྱས་ནས་གཞི་རྒྱུ་ལེ་དེ་ལ་ཚད་འཇལ་བྱས་པ་དང་སྣོད་ཆས་སྤུས་ཀ་ལེགས་ཤོས་སུ་བཅུས་ནས་ང་ལ་སྤྲད་པ་མ་ཟད། གཞི་རྒྱུ་དེ་བདེ་ལེགས་ངང་གྲུ་གཟེངས་སུ་སྐྱེལ་འདྲེན་བྱེད་རོགས་བྱས།

གྲོང་ཁྱེར་ཝ་ཧྲིན་ཏོན་ནས་ང་ད་དུང་གསར་དུ་བཞེངས་པའི་ཚོད་ལྟ་ཁང་ཞིག་ལ་ལྟ་སྐོར་དུ་ཕྱིན་པ་ཡིན། ཚོད་ལྟ་ཁང་དེ་ཡིས་བཤེར་འགྱུར་དབུགས་གཟུགས་ཆཱེན་དང་བཤེར་འགྱུར་དབུགས་གཟུགས་ཧེ་གཉིས་བེད་སྤྱད་ནས་འཁྱག་ཚད་སྐོར་གྱི་ཚོད་ལྟ་བྱས་ཀྱིན་ཡོད། ང་རང་ཚོད་ལྟ་ཁང་དེ་དབུ་བརྙེས་མཛད་པ་དང་བེད་སྤྱོད་ཐོག་མར་གཏོང་དུས་ཀྱི་དཔང་མི་བྱས་པ་ལ་ང་རྒྱལ་གྱིས་ཁེངས་ཡོད།

ཚོད་ལྟ་ཁང་ཁ་ཤས་ལ་ལྟ་སྐོར་བྱས་དུས་ང་རང་མཚམས་ལན་རེརར་སྙན་གྲགས་ཕྱོགས་ཁྱབ་ཡོད་པ་དང་ཞིབ་འཇུག་བྱ་བའི་ཐད་ལ་གྲུབ་འབྲས་མི་དམན་པ་བཞག་ཡོད་པའི་ཨ་རིའི་ཚན་རིག་པ་འགའ་ལ་ངོ་ཐུག དེ་བས་ང་རང་སེམས་རབ་ཏུ་སྤྲོ། ཁོ་ཚོར་འགྲོགས་ནས་མཉམ་དུ་ཆུ་ཚོད་འགར་ཁ་བརྡ་བྱས་པ་དང་བསམ་བློ་བརྗེ་རེས་བྱས་པ་དེ་ནི་ང་ལམཚོན་ན་ཐེངས་འདིར་ཨ་རི་ལ་བསྐྱོད་པའོ་གོ་རིམ་ཁྲོད་ཆེས་དགའ་འོས་པའི་འདས་དོན་ཡིན།

ཨ་རི་ན་གཞི་རྒྱུ་ལེ་བེད་སྤྱད་ནས་ནད་དཔྱད་བྱས་པའི་སྨན་ཁང་མི་ཉུངང་བ་ཞིག་གདའ། སྨན་ཁང་འདི་རིགས་ལ་ཕལ་ཆེར་ཚོད་ལྟ་ཁང་ཟུར་དུ་བསྐྲུན་ཡོད་ལ་ཆེད་དུ་གཞི་རྒྱུ་ལེ་ཡི་འགྱེད་འཕྲོ་དབུགས་གཟུགས་བསྡུ་ལེན་བྱེད་ནས་ཤེལ་གྱི་སྦུ་གུའི་ནང་དུ་དམ་པོར་བཅུག་ནས་དགོས་མཁོ་བྱུང་ན་དེར་བེད་སྤྱོད་གཏོང་བ་ཡིན། སྨན་ཁང་འདི་རིགས་ན་གཞི་རྒྱུ་ལེ་མི་ཉུང་བ་ཞིག་ཉར་ཚགས་བྱས་ཡོད་ལ་སྨན་ཁང་གི་སྒྲིག་ཆས་ཡང་ཧ་ཅང་འཐུས་ཚང་ཡིན་པས་ནད་བཅོས་བྱས་མཁན་ཡང་ཧ་ཅང་མང་།

ཨ་རི་ནས་སྨན་ཁང་འདི་རིགས་ལ་ལྟ་སྐོར་ཕྱིན་སྐབས་ངས་རང་དབང་མེད་པར་ཧྥ་རན་སུའི་སྨན་ཁང་གི་གནས་བབ་ཡིད་ལ་ཤར་ཡོང་། མིག་སྔར་ཧྥ་རན་སུ་ན་ད་དུང་འདི་འདྲ་བའི་སྒྲིག་ཆས་འཐུས་ཚང་ཞིང་གཞི་རྒྱུ་ལེ་འདི་འདྲ་མང་པོ་ཉར་ཚགས་བྱས་ཡོད་པའི་རྒྱལ་གཉེར་སྨན་ཁང་གཅིག་ཀྱང་མེད། དེ་བས་གཞི་རྒྱུ་ལེ་བེད་སྤྱད་ནས་ནད་བཅོས་བྱས་པའི་ལག་རྩལ་དེ་དག་ཧྥ་རན་སུ་རྒྱལ་ཁབ་ཨ་རི་ལ་བསྡུར་ཐབས་བྲལ། གནས་ཚུལ་དེ་ལ་ང་རང་ཡིད་ཕངས་བ་དང་མིག་སྔར་གྱི་གནས་བབ་འདི་མི་འགྱངས་པར་མི་འདང་ས་འདི་ཡར་རྒྱས་ཡོང་བར་ངས་སྨོན་ལམ་ཡང་ཡང་བརྒྱབ།

གཞི་རྒྱུ་ལེ་ཡི་བཟོ་ལས་དང་ཐོག་ཧྥ་རན་སུ་ནས་མགོ་བརྩམས་ན་ཡང་ཨ་རི་ནས་མུ་མཐུད་དུ་འཕེལ་རྒྱས་ཆེན་པོ་བྱུང་བ་ཡིན། དེའི་རྒྱུ་མཚན་ནི་ཨ་རི་ན་གཞི་རྒྱུ་ཡུའུ་མང་པོ་ལྡན་པའི་གཏེར་ཁ་མང་པོ་ཡོད་པ་དང་དེ་དག་རང་བྱུང་ཁམས་ནས་ལེན་རྒྱུ་འང་དེ་འདྲ་ཁག་པོ་མ་ཡིན། གཏེར་ཁ་དེ་དག་གི་གྲངས་ཚད་ཧ་ཅང་ཆེ་ཕྱིར་དགོས་མཁོ་མང་པོ་བསྐོང་ཐུབ། ཐེངས་འདིའི་ཨ་རི་ནས་གང་སར་ལྟ་སྐོར་ཕྱིན་པའི་སྐབས་སུ་ང་རང་གཏེར་ཁ་ལེན་སའི་བཟོ་གྲྭའི་ནང་དུ་ལྟ་སྐོར་དུ་ཕྱིན་ཡིན། ང་ཨ་རིའི་གཞི་རྒྱུ་ལེ་བསྡུ་ལེན་བྱས་སའི་བཟོ་གྲྭ་ཆེས་ཆེ་ཤོས་དེ་ལ་ལྟ་སྐོར་དུ་ཕྱིན་པ་དང་ང་ལ་བག་ཆགས་ཟབ་མོ་བཞག གཞི་རྒྱ་ལེ་བསྡུ་ལེན་བྱས་པའི་བྱ་བཞག་འདིའི་སྟེང་ནས་གསར་གཏོད་ཀྱི་སྙིང་སྟོབས་ཚོར་བྱུང་ལ་བཟོ་བ་དེ་དག་གི་བློ་གྲོས་ཀྱི་རྩལ་མངོན་སུམ་དུ་མཐོང་ཐུབ་སོང་། བཟོ་གྲྭ་དེ་དག་གི་ནང་དུ་བརྙན་ཕབ་ཡོད་པའི་སྤྱིན་ཤོག་མང་པོ་ཉར་ཚགས་བྱས་ཡོད་ལ་དེ་དག་གི་ནང་དུ་ཁོད་ཡངས་ཀྱི་ཁུ་རོ་རཱ་ཏོ་ཁུལ་གྱི་བཟོ་གྲྭའི་ལས་བཟོ་བ་རྣམས་ཀྱི་དང་ཐོག་གཏེར་ཁ་སྔོག་འདོན་བྱས་ཚུལ་དང་ལས་སྣོན་བྱས་ཚུལ་སོགས་ཕབ་ཡོད། འོན་ཀྱང་གཞི་རྒྱུ་ལེ་བསྡུ་ལེན་བྱ་ཐབས་དེ་དང་ཐོག་ངེད་བཟའ་ཟླ་གཉིས་ཀྱིས་ཚོད་ལྟ་ཁང་ནས་བསྡུ་ལེན་བྱས་དུས་ཀྱི་ལག་རྩལ་དང་ཐབས་ལམ། ད་དུང་བྱ་རིམ་བཅས་སོགས་ཇི་མ་ཇི་བཞིན་བེད་སྤྱོད་གཏོང་བཞིན་ཡོད་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད།

ང་རང་གཞི་རྒྱུ་བསྡུ་ལེན་བྱས་པའི་བཟོ་གྲྭ་འདི་དག་དང་བཟོ་གྲྭ་དེའི་ཟུར་བཀོད་ཀྱི་ཚོད་ལྟ་ཁང་དུ་ལྟ་སྐོར་དུ་ཕྱིན་སྐབས་ཁོ་ཚོས་ང་ལ་དགའ་བསུ་ཆེན་པོ་བྱས་པ་དང་སྣེ་ལེན་གང་ལེགས་བྱས། གཞི་རྒྱུ་དུའུ་གསར་མ་བསྡུ་ལེན་བྱས་སའི་བཟོ་གྲྭར་ལྟ་སྐོར་དུ་ཕྱིན་སྐབས་ཁོ་ཚོས་ང་ལ་གཞི་རྒྱུ་དུའུ་ཉུང་ཤས་ཞིག་ལེགས་སྐྱེས་སུ་ཕྱིན་པ་དང་བཟོ་གྲྭའི་སྦྱིན་བདག་གིས་ང་ལ་ད་དུང་རྗེས་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་སྐོར་ལ་རོགས་རམ་བྱས་རྒྱུའི་ཁས་བླངས།

ཐེངས་འདིའི་ཨ་རི་ལ་བསྐྱོད་པའི་བག་ཆགས་དང་མཐོང་ཐོས་ཡོངས་རྫོགས་ཡིག་ཐོག་ཏུ་འགོད་དགོས་ན་ངེས་པར་དུ་ཨ་རིའི་ཡུལ་སྲོལ་གོམས་གཤིས་སོགས་བརྗོད་དགོས་མོད། འོན་ཀྱང་ཨ་རི་རྒྱལ་ཁབ་གྱི་མངའ་ཁོངས་ཆེ་དྲེགས་ཞིང་ཡུལ་སྲོལ་གོམས་གཤིས་སྣ་མང་ཅན་ཡིན་པས་མཐོང་ཐོས་ཡོངས་རྫོགས་བཤད་རྒྱུ་ནི་དཔེ་མི་སྲིད། གཅིག་གཅིག་གཉིས་གཉིས་སུ་བྲི་རྒྱུ་ནི་རང་རྣམ་འདིའི་བོངས་ཚད་ཀྱིས་མི་ཤོང་ཁོ་ཐག་ཡིན། གལ་སྲིད་ང་ལ་སྤྱི་ཁྱབ་ཀྱི་བག་ཆགས་ཞིག་ཤོད་དང་ཞེ་ན། ང་ལ་བཤད་རྒྱུའི་ཚིག་གཅིག་ཡོད་པ་ནི་ཨ་རི་ལ་གཞལ་ཐབས་མེད་པའི་མ་འོངས་བའི་གོ་སྐབས་དང་རེ་བ་ལྡན། བརྗིད་ཆགས་ཀྱི་ནེ་ཡཱ་ཇ་ལ་རྦབ་ཆུ་དང་ཁྱད་མཚར་གྱིས་ཕྱུག་པའི་ཁུ་རོ་རཱ་ཏོ་གྲོག་རུང་ཆེན་མོ་སོགས་ཀྱིས་ང་ལ་བརྗེད་ཐབས་བྲལ་བའི་བག་ཆགས་ཟབ་མོ་བཞག

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། ང་རང་གྲོང་ཁྱེར་ནུའུ་ཡོ་ནས་ཟླ་གཉིས་སྔོན་ལ་ཡོང་སྤྱད་བྱས་པའི་གྲུ་གཟེངས་དེ་ལ་ཡང་བསྐྱར་བསྡད་ནས་ཕྱིར་ཧྥ་རན་སུ་ལ་ལོག་པ་ཡིན། ང་རང་ཨ་རི་ནས་དུས་ཡུན་རིང་པོར་མ་བསྡད་པས་ཨ་རི་དང་ཨ་རིའི་མི་དམངས་ལ་དཔྱད་བརྗོད་བྱས་པའི་ཐོབ་ཐང་མི་འདུག འོན་ཀྱང་ངའི་མ་བུ་གསུམ་པོར་གར་སོང་ས་དེ་ནས་དཔེ་མེད་ཀྱི་དགའ་བསུ་བྱས་པ་དང་སྣེ་ལེན་གང་བཟང་གང་ལེགས་བྱས་པ་དེ་ལ་ང་རང་སེམས་འགུལ་ཐེབས་སུ་བཅུག ཟོལ་མེད་ཀྱི་ལྷག་བསམ་དཀར་པོ་འདི་ངས་ཡིག་ཐོག་ཏུ་འཁོད་པར་མི་ནུས། ང་ཚོར་སྣེ་ལེན་བྱས་མཁན་གྱི་སྦྱིན་བདག་ཚོས་ང་ཚོར་རང་ནུས་ཅི་ཡོད་ཀྱིས་ཁྱིམ་ཚང་དང་བཟའ་མི་ལྟ་བུའི་བརྩེ་འདང་ཐོན། ཧྥ་རན་སུ་ལ་བསྐྱོད་མྱོང་བའི་ཨ་རིའི་མི་དེ་དག་གིས་ཀྱང་ཧྥ་རན་སུ་མི་དམངས་ཀྱི་བརྩེ་སེམས་ལ་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ། ང་རང་དུས་ཡུན་རིང་པོར་འདི་ལྟ་བའི་བརྩེ་སེམས་དང་བྱམས་སྐྱོང་ཀྱི་འོག་ནས་འཚོས་ཡོད།

ཕྱིར་ཧྥ་རན་སུ་ལ་ཐོན་པ་ན། ཨ་རིའི་བུད་མེད་རྣམས་ཀྱི་ང་ལ་གནང་བའི་རིན་ཐང་གཞལ་དུ་མེད་པའི་ལེགས་སྐྱེས་དེར་སེམས་གཏིང་ནས་བཀའ་དྲིན་ཞུ་བ་མ་གཏོགས། ད་དུང་རླབས་ཆེན་གྱི་རྒྱལ་ཁབ་འདི་གཉིས་ཀའི་བར་ན་ཆགས་ཡོད་པའི་བརྩེ་བ་རང་གྲུབ་དེ་ལ་ལྷག་པར་དུ་དུང་བ་སྐྱེས། ཧྥ་རན་སུ་དང་ཨ་རི་གཉིས་ཀྱི་མི་དམངས་ཡོངས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་མཛའ་འབྲེལ་དེ་ལ་འབད་འབུངས་ངང་བརྟན་སྲུང་བྱས་ན་འགྲོ་བ་མིའི་རིགས་ཀྱི་ཞི་བདེའི་བྱ་གཞག་འགངས་ཆེན་དེ་ལ་རེ་བ་ཚད་མེད་སྐྱེ་ཐུབ་པ་ནི་ཁོ་ཐག་ཡིན།

Post Views: 43

All posts

Other pages