Spread the love

ཐོག་མའི་ཀུན་སློང་།

ད་ལོ་པེ་ཅིང་ནས་འཚོ་གཞེས་བྱེད་པའི་དུས་སུ། རྒྱ་ནག་གི་སྐད་གྲགས་ཆེ་བའི་དཔེ་ཁང་ཕྱོགས་རྐྱང་བར་སྟོང་单向空间བྱ་བ་ནས་མིང་ལ་༼མིའི་རིགས་ཀྱི་ལོ་རྒྱུས་རགས་བཤད༽བྱ་བའི་དེབ་འདི་འོས་སྦྱོར་བྱེད་བཞིན་ཡོད་པ་མཐོང་། དཔེ་ཀློག་ལ་དགའ་ཞེན་ཆེ་བས་དེབ་འདི་བླུས་ནས་མགོ་འཇུག་བར་གསུམ་དུ་དབུགས་ཐེངས་གཅིག་གི་བལྟས་པ་ཡིན། ད་དུང་ཡང་འདི་འདྲ་བའི་དཔེ་དེབ་ལེགས་པོ་ཞིག་བོད་ཡིག་དུ་བསྒྱུར་ནས་རང་རིགས་ཀྱི་ལོ་རྒྱུས་སྨྲ་མཁན་ཚོས་སྤྱན་སྔར་དྲངས་ན་བསམ་བྱུང་། འོན་ཀྱང་ཁོ་བར་ཤེས་ཡོན་གྱི་གསོག་འཇོག་ཉུང་བས་ཁད་མཐས་ཕྱིན་ཙ་ན་ལས་ཤོར་གྱི་གནས་སུ་ཚུད་པའི་རླབས་ཆེན་གྱི་ལས་ཀ་འདི་ཉིད་རེག་རྒྱུ་དཀའ། དེ་བས་བསམ་ཤིང་བསམ་ན་དཔེ་སློག་ཟིན་བྲིས་ཞིག་བྲིས་ནས་ཀུན་ལ་འབུལ་རྒྱུ་བསམ་བྱུང་། རང་རེ་བོད་པའི་ཤེས་ཡོན་པའི་སྡེ་ལ་ལོ་རྒྱུས་སྨྲ་མཁན་ཤིན་ཏུ་མང་མོད། འོན་ཀྱང་ཀུན་གྱི་རིག་རྫས་དང་བསྟན་བཅོས། ད་དུང་ཕྱི་གླིང་སོགས་ཀྱི་བོད་རིགས་པའི་གྲུབ་འབྲས་ལ་ཕར་སློག་ཚུར་སློག་བྱེད་རྒྱུ་ལས་འཛམ་གླིང་དུ་སྐད་གྲགས་ཆེ་བའི་ལོ་རྒྱུས་ཀྱི་སྡོམ་ཚིག་དང་རིགས་ལམ་ལ་རྒྱུས་ལོན་མེད་པས། ཤེས་རིག་གི་གསོག་འཇོག་ཡོད་ཤྱང་ཞིབ་འཇུག་གི་འབྲས་བུ་ཀུན་ལ་མ་གྲགས་པ་དང། ཞིབ་འཇུག་གི་འབྲས་བུས་ཀུན་ལ་ཤུགས་རྐྱེན་ཆེན་པོ་ཆགས་སུ་བཅུག་ཐུབ་ཤྱིན་མེད་པ་རེད། འོ་ན་བདག་ཅག་གིས་སྔོན་ས་ནས་ཨ་རིའི་ལོ་རྒྱུས་སྨྲ་བ་པོ་ཐང་ཡིན་བྷེ་དང་སི་ཊ་ཧྥོལེ་འ་ནོ་སི་བཅས་ཀྱི་༼ལོ་རྒྱུས་ཞིབ་འཇུག༽བྱ་བ་དང་༼གོ་ལ་ཧྲིལ་བོའི་ལོ་རྒྱུས་རྒྱས་བཤད༽སོགས་ལ་མཉམ་ལེན་བྱེད་ཡོད་རྒྱུ་ན་རང་ཅག་གི་ཁ་བ་གངས་རི་ལོ་རྒྱུས་ཞིབ་འཇུག་གི་ལས་འགེངས་ཆེན་ལ་གསལ་ཞིང་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར་བར་ཤུགས་འདེགས་གཏོང་ཐུབ་སྙམ། ང་རང་ནུབ་བྱང་དུ་སློབ་གཉེར་བྱེད་དུས་རང་གི་སློབ་གྲོགས་ཚོར་འདི་ལྟ་བུའི་བསམ་གཞིག་གི་མཐོང་སྣེ་ཤོད་རྒྱུ་བྱུང་ན་ཀུན་གྱི་འཐད་པར་འདོད་མོད། འོན་ཀྱང་དངོས་སུ་ལག་ལེན་དུ་ཞུགས་དུས། རྒྱ་དབྱིན་སོགས་ཡིག་རིགས་ཀྱི་ེུ་ཚད་མ་ལོན་པ་ཡིན་ནའང་འདྲ། བླ་སྤྲུལ་ཚོས་ལོ་རྒྱུས་སྡོམ་ཚག་ལ་དད་མོས་ཀྱི་ཁེངས་པ་ཡིན་ན་འང་འདྲ། གང་ལྟར་གཞན་གྱི་ལོ་རྒྱུས་རིགས་ལམ་འདི་དག་རིན་པོ་ཆེ་རིན་ཐང་གཞལགཐབས་མེད་པ་ཞིག་ལ་བརྩིས་ནས་མཉམ་ལེན་བྱ་མཁན་ཤིན་དུ་ཉུང་། དེ་བས་ང་རང་གིས་ཀུན་གྱི་མིག་རྒྱ་བསྐྱེད་ནས་གཞན་གྱི་དཔལ་ཡོན་མཐོང་རྒྱུ་བྱུང་བ་དང་། ངའི་ཨ་ཕའི་ཕོར་བ་གཙང་མ་ཡིན་འདོད་པའི་རིགས་ཞེན་ཐ་མ་འདི་ཉིད་སེལ་ཆེད་རྩོམ་འདི་འབྲི་འདོད་སྐྱེས། གཞན་དུ་ཡང་ཁོ་བོས་ཤེས་ཡོན་གྱི་ཆུ་ཚད་སོགས་ཞན་དྲགས་པས་རྩོམ་པ་པོས་རིགས་ལམ་དྭངས་མོ་དང་སྡོམ་རིགས་གཏན་ཚིགས་དང་འབྲེལ་པའི་གནད་ཁ་ཤད་ལ་མོན་ཡུལ་རྡོར་གཅོད་ལྟ་བུའི་འཁྲུལ་ནོར་བྱུང་སྲིད་པས། རབ་ཡིན་ན་བློ་ལྡན་རྣམས་ཀྱི་ཆེས་མཐའ་འཇུག་གི་དཔེ་བྱང་ལྟར་བུ་དཔེ་དེབ་རིན་ཆེན་འདི་ཉིད་རང་ངོས་ནས་ལྟ་ཀློག་བརྒྱུད་བརྡར་ཤ་གཅོད་རྒྱུ་གལ་ཆེ།

 

དཔེ་དེབ་དང་རྩོམ་པ་པོ་ངོ་སྤྲོད།

དཔེ་དེབ་འདི་ནི་༢༠༡༥ལོར་བྱུང་ཅིང་ཚོང་རའི་སྟེང་དུ་བཀྲམ་མ་ཐག་སྐྱ་འགྲོ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ནས་སྐབས་གཅིག་ཉིད་ལ་འཚམ་གླིང་གི་ཡུལ་གྲུ་སོ་སོའི་རང་སྐད་རང་ཡིག་དུ་བསྒྱུར་བའི་ཚ་རླབས་འཕྱུར་བྱུང་། རང་རྒྱལ་དུ་ཡང་སྔ་རྗེས་སུ་རྒྱ་ཡིག་དང་ཡུ་གུར་ཡིག་སོགས་སུ་བསྒྱུར་ནས་ད་སྔ་ཚོང་རའི་སྟེང་དུ་རྒྱུན་མི་ཆད་པར་བརྒྱུན་སྤེལ་བྱ་བཞིན་མཆིས། ཀུན་གྱི་དགའ་བསུ་འདི་འདྲ་ཆེན་པོ་ཐོབ་དོན་ནི་ལོ་རྒྱུས་དཔེ་དེབ་འདིས་རྩོམ་པ་པོའི་མཛད་འཕྲིན་དང་ཁ་བྲལ་ཐབས་མེད་པ་རེད། རྩོམ་པ་པོ་ཡོའུ་ཝེར་ཧི་ལ་ལེ་ནི་༡༩༧༦ལོར་སྐྱེས་ཤིང་༢༠༠༢ལོར་སྐད་གྲགས་ཅན་གྱི་ཨོ་ཁི་སུ་ཧྥོ་ཊི་སློབ་ཆེན་ཡེ་ཤེས་སློབ་གླིང་ནས་འབུམ་རམས་པའི་བླབ་གནས་བླངས་ཤིང་དུས་རབས་བར་མའི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་གཉིས་ལ་སློབ་གཉེར་དང་ཞིབ་འཇུག་མཛད། ཞིབ་ཕྲན་ཅན་གྱི་ལོ་རྒྱུས་ཀྱི་མཐོང་སྣེ་གང་མང་བཟུང་ནས་ཞིབ་འཇུག་བྱས་མཐར་རྗེས་སུ་ཁོང་གི་མཐོང་སྣེ་ཆེན་པོ་བཟུང་ནས་ལོ་རྒྱུས་ཀྱི་ཆོས་ཉིད་ཀྱི་སྡོམ་ཚིག་བཀོད་དུས་འཇོན་ཐང་འགྲན་ཟླ་བྲལ་བ་མངོན་ཡོད་དོ།། ཁོས་རིག་ཚན་སོ་སོས་ནང་ནས་དཔེར་ན་དངོས་ལུགས་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་དང་སྐྱེ་ཁམས་རིག་པ། མིའི་རིགས་རིག་པ། ཆབ་སྲིད་དང་རིག་གནས་རིག་པ། ད་དུང་སེམས་ཁམས་རིག་པ་བཅས་ཀྱི་ཁྲོད་ནས་གཟུར་བོར་གནས་བའི་གནས་ལུགས་འཚོལ་ནས་ལོ་རྒྱུས་ཀྱི་ཆོས་ཉིད་དང་རང་གི་འདོད་པ་ལ་ར་སྤྲོད་བྱས་པ་རེད། ཁོང་གི་ཕྱོགས་ཆེ་ས་དང་མཐོང་སྣེ་མང་ས་ནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནི་སྔོན་དུ་བྱུང་མྱོང་མེད་པའི་ཚོད་ལྟ་ཞིག་ཡིན་པ་དང་། ཁོང་གི་ཤེས་མཛོད་ལྟ་བུའི་ལོ་རྒྱུས་དཔེ་དེབ་ཁྲོད་རྟོག་གེ་རིག་པ་ལྟ་བུའི་འོས་ཤིང་འཚམ་པའི་སྡོམ་ཚིག་བཀོད་ཡོད་པས་ཀློག་པ་པོ་ཡོངས་ལ་ཡིད་ཀྱི་ཟས་སུ་གྱུར་པའི་དཀོན་ནོར་བསྩལ་ཡོད། ད་དུང་ཡང་རྩོམ་པོ་ཁོང་ཉིད་ཇེའུ་རིགས་ཡིན་ནའང་ཆོས་ལུགས་ཀྱི་སྡོམ་ཚིག་དང་དད་མོས་ཕྱོགས་ཞེན་སོགས་དང་རྒྱང་དུ་གྱེས་ནས་དྲང་བཞག་གི་ལངས་ཕྱོགས་བཟུང་ཡོད་པའང་རིགས་ལྡན་ཀུན་གྱི་འདྲ་མཉམ་དང་དཀྱེལ་ཡངས་ཀྱི་བསམ་བློ་བཟུང་ནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མིག་དཔེར་ལྟ་བུར་གྱུར་ཡོད།

དཔེ་ཀློག་ཟིན་བྲིས་དངོས།

ཇེའུ་རིགས་ཀྱི་ལོ་རྒྱུས་སྨྲ་བ་བོ་ཧི་ལ་ལེ་ཡིས་༼མིའི་རིགས་ཀྱི་ལོ་རྒྱུས་རགས་བཤད༽བྱ་བ་རྩོམ་པ་ལ་དོགས་པ་སྐྱེས་དོན་ཅི་ཡང་མེད། ལོ་ངོ་སྟོང་རེར་དུས་ཀྱི་བརྒལ་མཚམས་སུ་འབྱེད་ནས་མིའི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སུ་ཆགས་ཡོད་པའི་རིག་པ་སྣ་ཚོགས་ལ་ལྡོག་འདྲ་བྱེད་པ་བརྒྱུད། ལོ་རྒྱུས་ཀྱི་ཆོས་ཉིད་ཁྲོད་ནས་མི་རྣམས་ལ་རང་ངོ་རང་ཟིན་བྱེད་པར་སྐུལ་མ་གཏོང་བཞིན་ཡོད།

༼མིའི་རིགས་ཀྱི་ལོ་རྒྱུས་རགས་བཤད༽ནི་ལོ་རྒྱུས་ཀྱི་དཔེ་དེབ་ཞིག་ཡིན་ལ། རྩོམ་པ་པོས་མི་ཆོས་རིང་ལུགས་ཀྱི་ལྟ་གྲུབ་བཟུང་ནས་ཤེས་ལྡན་མི་དེ་ཉིད་ཁྱད་ཆོས་གང་ཡང་བརྗོད་རྒྱུ་མེད་པའི་སྐྱེ་འགྲོ་ཞིག་ནས་བཟང་ངན་གྱི་དབྱེ་བ་འབྱེད་ནུས་པ། དེ་ནས་སྐྱེ་འགྲོ་ཀུན་གྱི་མངའ་བདག་ལྟ་བུའི་གོ་ས་ཐོབ་ཡོད་པའི་གོ་རིམ་དེ་ལ་དཔྱད་ཡོད། ལོ་ངོ་ཁྲི་བདུན་སྔོན་དུ་བྱུང་པའི་ངེས་ཤེས་གསར་བརྗེ་ཡིས་ཤེས་ལྡན་མིའི་ལོ་རྒྱུས་དངོས་སུ་བྱུང་བ་དང་། ལོ་ངོ་ཁྲི་གཅིག་དང་གཉིས་སྟོང་སྔོན་གྱི་དུས་སུ་བྱུང་པའི་ཞིང་ལས་གསར་བརྗེ་ཡིས་ལི་རྒྱུས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ད་ལྟའི་དུས་ལས་སྔོན་དུ་བགྲང་ན་ལོ་ངོ་ལྔ་བརྒྱ་ནས་སོང་མེད་པའི་ཚན་རིག་གསར་བརྗེ་ཡིས་མིའི་རིགས་ཀྱི་ལོ་རྒྱུས་ལ་དཀྱོགས་མཚམས་དཔོག་དཀའ་བ་བྱུང་ཡོད་པ་སོགས་དཔྱད་རྩོམ་འདིའི་ཆེས་རྩ་བའི་ལྟ་བ་གྲུབ་ཡོད།

ཆེས་སྔ་མོའི་མི་རིགས་ལོ་ངོ་ས་ཡ་གཉིས་དང་འབུམ་ལྔའི་དུས་སུ་སྤྲ་རིགས་ནས་གྱེས་ནས་ཨ་ཧྥེ་རི་ཀ་ཤར་མའི་རྩྭ་ཐང་ནས་རིམ་འགྱུར་བྱུང་། དང་ཐོག་ནས་ཀྱང་མིའི་རིགས་ལ་ཀླད་བོངས་ཆེ་ཞིང་ལག་ཆ་བཀོལ་ནུས་པ། ད་དུང་སྐྱེ་འགྲོ་གཞན་དང་བསྡུར་ན་འགྲན་ཟླ་བྲལ་པའི་སློབ་སྦྱོང་གི་ནུས་པ་ལྡན་པའི་ཁྱད་ཆོས་ལྡན་མོད། འོན་ཀྱང་ཐོག་མའི་ལོ་ངོ་ས་ཡ་གཉིས་ཀྱི་དུས་ཡུན་རིང་པོར་མིའི་རིགས་ནི་རྟག་དུ་གཉོམ་ཆུང་གི་རིགས་རྒྱུད་ཞིག་ཡིན། ཕལ་ཆེར་ལོ་ངོ་ཁྲི་ཚོ་གཅིག་དང་ཁྲི་ཚོ་གསུམ་གྱི་སྔོན་དུ་ག་ལེར་བསམ་གཞིག་བྱེད་སྟངས་གསར་བ་དང་གོ་བརྡ་སྤྲོད་སྟངས་སོགས་བྱུང་པས་ལོ་རྒྱུས་ལ་དཀྱོག་མཚམས་ཆེན་པོ་བྱུང་། རྩོམ་པ་པོས་བསམ་གཞིག་བྱེད་སྟངས་དང་གོ་བརྡ་སྤྲོད་སྟངས་གསར་བ་བྱུང་པ་འདི་ལ་ངེས་ཤེས་གསར་བརྗེ་ཅེས་གསོལ།

ངེས་ཤེས་གསར་བརྗེ་བྱུང་རྗེས། གནའ་གཏམ་དང་ལྷ་སྒྲུང་། ལྷ་དང་ཆོས་ལུགས་སོགས་རིམ་བཞིན་བྱུང་མགོ་བརྩམས། ཅི་ཕྱིར་ཞེ་ན། ཤེས་ལྡན་མི་རྣམས་ཀྱི་གཏམ་རྒྱུད་ག་གེ་མོ་ཞིག་ལ་ཐུན་མོང་གིས་ཡིད་ཆེས་བྱུང་ནས་མི་ངོ་མི་ཟིན་པའི་སྐྱེ་བོ་ཁྲི་ཁྲི་འབུམ་འབུམ་མཉམ་དུ་འཚོ་གཞེས་བྱེད་པ་དང་མཉམ་ལས་ངལ་རྩོལ་བྱེད་ཐུབ་པར་ཁག་ཐེག་བྱེད་ཡོད།