Spread the love

ལུག་ཚང་དཔལ་ཡོན་ནི་ངས་ན་ནིང་གི་དབྱར་གཞུང་ནས་བཟུང་དེ་དུས་ཡུན་ལོ་གཅིག་གི་རིང་ལ་གཉེར་བའི་བོད་ཡིག་གི་འཕྲིན་སྟེགས་ཆེ་ཤོས་ཡིན།  སྔོན་ལ་སྐད་འཕྲིན་སྤྱི་སྟེགས་སོགས་གཉེར་བའི་ཉམས་མྱོང་གང་ཡང་མེད་པས།  གོམ་པ་དང་པོ་དེ་སྤོས་བ་ནས་བཟུང་།  ང་བསམ་པར་སྤྱི་ཕྱོགས་སྨྱན་གཟུགས་དོན་གཉེར་བྱ་བའི་གོ་བསྐལ་ཡག་པོ་ཞིག་དང་འཕྲད་སོང་།  སྤྱིར་བོད་ཡིག་ལ་ཆ་བཞག་ན།  དྲ་རྒྱ་དང་ཆ་འཕྲིན་བརྒྱུད་ལམ་ནས་བོད་ཡིག་གི་ཚད་ལྡན་ནང་དོན་མཐོང་རྒྱུ་ཁག་པོ་ཡིན་པས་མ་ཟད།  ལྷག་པར་ནང་དོན་བཟང་ལ་དུས་ཆད་མེད་པར་སྤེལ་བཞིན་པའི་སྟེགས་བུ་ནི་དེ་བས་ཀྱང་ཉུང་བས།  དུས་སྐབས་འདིའི་ལུག་ཚང་དཔལ་ཡོན་ནི་བོད་རང་གི་ཆ་འཕྲིན་རབ་གསལ་ལྟ་བུར་གྱུར་འདུག  ང་ལ་མཚོན་ན།  སྤྱིར་རང་ཉིད་ཀྱི་བོད་ཡིག་གི་ཆུ་ཚད་དེ་འདྲ་བཟང་རྒྱུ་མེད་ན་ཡང་།   འཕྲིན་སྟེགས་འདི་གལ་ཆེན་གྱི་ཚུལ་བཟུང་ནས་ཕྱོགས་ཡོངས་སུ་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཙལ་ནི་ཡིན།

 

འོན་ཀྱང་དེང་གི་དུས་འདི་ནི་བརྙན་གཟུགས་དུས་སྐབས་ཡིན་པ་དང་། མི་རབ་འབྲིང་ཐ་གསུམ་གང་ཡང་རུང་ཐད་གཏོང་ལ་སོགས་ཀྱི་འདུ་འཛི་ལ་ཞུགས་ནས་ཡི་གེའི་རྣམ་པའི་བརྡ་འཕྲིན་ལ་དོ་སྣང་བྱེད་མཁན་ཤིན་ཏུ་དཀོན་པོར་འགྱུར། དེ་བས། ཉིན་རེར་བལྟས་ཚོད་ཀྱིས་རྩོམ་ཡིག་མང་པོ་ཡག་ཐོག་རྒྱན་བརྩེགས་དང་རྩོམ་མཁན་གང་ལེགས་ཀྱི་ཕྱག་ནས་བརྒྱུད་ན་ཡང་།  དེ་ལ་དོ་སྣང་དང་གཙིགས་སུ་འཛིན་མཁན་ནི་ཉིན་རེར་དཀོན་པོར་འགྱུར་བཞིན་པ་རེད། འདི་ལྟ་བུའི་མཐུན་རྐྱེན་མི་འཛོམས་པའི་ཁོར་ཡུག་ཁྲོད་དུ།   རྩོམ་སྒྲིག་པ་ཡིན་པས་ཆ་ནས།  ཁོ་བོར་ཁ་བ་བུ་གཡུག་གི་ཁྲོད་ན་སྤང་རི་འཕྲེད་ཀྱིས་གཅོད་བཞིན་པའི་བུ་ཉམས་ཆུང་ཅིག་གི་སྣང་བ་ཞིག་དབང་མེད་དུ་སྐྱེས་འོང་།  ད་དུང་དེ་ལས་ཀྱང་ཐལ་སྡུག་ཡིན་པ་ནི།  ད་ལྟ་སྲིད་ཀྱི་སྒྲིག་ལམ་སྔར་དང་མི་མཚུངས་བར་གཤེད་ཤུགས་མངོན་འདུག་པས་རྒྱུན་པར་རྩོམ་ཡིག་ཡག་བཙོག་གང་ཡིན་རུང་ཆབ་སྲིད་ཀྱི་འདོད་བློ་དང་མ་འཚམ་ན་གཞུང་ཕྱོགས་ནས་དོར་གསུབ་བཏང་འགྲོ།   དེ་བས་བོད་ཡིག་གི་སྤྱོད་སྒོ་ལ་ཕན་པའི་ལས་ཀ་ཆུ་ཐིགས་ལྟ་བུ་ཙམ་རེ་སྒྲུབ་བསམ་ན་ཡང་རྟག་དུ་བསམ་དོན་ཡིད་བཞིན་འགྲུབ་དཀའ་ཚོད་འདུག  འོན་ཀྱང་འདི་ག་མངོན་ནས་བཤད་རྒྱུའི་སྐད་ཆ་མིན་པ་འདྲ།  ༼ཁེར་དགོད༽

 

དེ་ཡང་ལུག་ཚང་དཔལ་ཡོན་འཕྲིན་སྟེགས་དང་ཐོག་ནས་ལག་བརྒྱུད་སྐབས།  འཕྲིན་སྟེགས་ཀྱི་བདག་པོ་གཅེན་པོ་ཡེ་ཤེས་བསྟན་འཛིན་ལགས་གྱི་རྩ་དོན་འགའ་བཤད་པ་ནི།  ཆབ་སྲིད་བདེ་སྲུང་ལ་དོ་སྣང་བྱེད་དགོས་ཚུལ་དང་གཅིག   རྩོམ་ཡིག་གིས་བདག་དབང་ལ་དོ་སྣང་བྱེད་དགོས་ཚུལ་དང་གཉིས།  ད་དུང་དུ་ལྟར་དུ་དུས་འགྱངས་མ་བྱེད་པར་ནང་དོན་སྤེལ་དགོས་པའི་སྒྲིག་ལམ་དང་གསུམ་བཤད་ཡོད།   དེ་དག་ནི་ང་ལ་མཚོན་ཉིན་གཅིག་ལ་ཡང་དོར་མེད་པའི་ལས་གཉེར་གྱི་རྩ་དོན་གསུམ་ཡིན།  རྩོམ་སྒྲིག་པ་ཞིག་ལ་མཚོན་ན་ཆབ་སྲིད་ཀྱི་རྩ་ཐིག་ལས་འགོངས་མི་རུང་བ་དེ་ནི་ངས་སྔ་མོ་ནས་ཤེས་ཡོད། ད་དུང་ཁོ་བོ་མཚོན་ན་པེ་ཅིང་ནས་རྩོམ་སྒྲིག་པའི་ལས་ཀ་གཉེར་མྱོང་བའི་རྐྱེན་གྱིས།   ཆབ་སྲིད་དང་པར་དབང་སོགས་ལ་ངེས་ཤེས་ཟབ་མོ་ཡོད།  དེ་ལས་ཀྱང་ཆེས་ཁག་མོ་འདུག་པ་ནི་ཉིན་རེར་ཆད་ལྷག་མེད་པར་ཕྱིའི་དྲོའི་དུས་སྐབས་སུ་ནང་དོན་སྤེལ་དགོས་པ་འདི། རྩོམ་ཡིག་གི་ཁུངས་ཉུང་ལ།   ཀུན་གྱིས་རྩོམ་འབྲི་བྱ་བ་གཟབ་ནན་དུ་བཟུང་མེད་པའི་བོད་ཀྱི་སྤྱི་ཚོགས་འདི་ལ་མཚོན་ན་དཀའ་ལས་གང་མང་རྒྱག་དགོས་འདུག   དེ་བས་ངས་ནམ་རྒྱུན་སྔར་ཡོད་ཀྱི་རྩོམ་པ་པོ་ལ་འབྲེལ་ལམ་བརྒྱུད་པ་དང་ཆབས་གཅིག ཚད་དུ་མི་ལོངས་བའི་རྩོམ་པ་པོ་སྐོར་གཅིག་དཔུང་སྡེ་ནས་གྲོལ་བ་དང་། ད་དུང་གསར་བྱུང་གི་སློབ་མ་དང་སློབ་ཆེན་པའི་ཤེས་ཡོན་སྡེ་ལ་རྩོམ་ཡིག་སྣ་ཚོགས་སློང་བའི་ལས་ཀ་སྣ་ཚོགས་བྱེད།  གཞན་དུ་རང་ཉིད་ཀྱིས་དྲ་རྒྱའི་ལས་རིགས་གཉེར་བཞིན་པའི་རྐྱེན་བྱེད་ནས།  བོད་ཡིག་གི་དྲ་རྒྱ་(སྒོས་སུ་མཆོད་མེ་ལ་སོགས་རྩོམ་རིག་དྲ་རྒྱ་ནས་)ལེགས་རྩོམ་འགའ་ཤས་རེ་ཆོག་མཆན་ཡོད་མེད་གཉིས་ཀྱིས་སྒོ་ནས་དྲངས་པ་ཡིན།  དེ་བས་དུས་ཡུན་ཅུང་ཟད་སོང་རྗེས་ངས་འཕྲིན་སྟེགས་ཇི་ལྟར་སྤེལ་སྐྱོང་བྱེད་པའི་སྐོར་ལ་ཉམས་མྱོང་དང་ཁུངས་སྣེ་མང་པོ་འཚོལ་རྒྱུ་བྱུང་།     ང་ལ་མཚོན་ན་འདི་ནི་བོད་ཀྱི་དྲ་རྒྱའི་ཁོར་ཡུག་དང་བསམ་བློའི་ལུང་ཁུངས་སྣ་ཚོགས་ལ་རྒྱུས་ལོན་བྱུང་བའི་མཚར་ལོངས་ཀྱི་གོ་རིམ་གལ་ཆེན་ཞིག་ཅི་ལ་མིན།

 

འོན་ཀྱང་ངས་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད་དུ་ཡང་ནོར་འཁྲུལ་ཆེན་པོ་འགའ་སློང་ཡོད་དེ། དེ་དག་ནི་དོན་དངོས་སུ་བཤད་ན་རང་ཉིད་ཀྱི་མཐོང་རྒྱ་ཐོས་རྒྱ་ཆུང་ཁད།   བོད་རིགས་སྤྱི་ཚོགས་ཀྱི་རྙོག་འཛིང་རང་བཞིན་ལ་གོ་རྟོགས་མེད་པས་རྐྱེན་གྱིས་ཡིན་ནོ།  ནོར་འཁྲུལ་དེ་དག་གི་ཁྲོད་ནས་སྤྱི་ཚོགས་སུ་ཤུགས་རྐྱེན་འཐོར་རླུང་ལྟར་ཆེ་བ་ནི་ཀརྨ་པ་གཉིས་ཀའི་འཁྲུག་རྩོད་སློང་པ་དང་།  བཙན་པོ་དྲ་བའི་རྩོམ་ཡིག་གི་བདག་དབང་ལ་འགལ་འདུ་བྱུང་བ། བཙན་རལ་འཕྲིན་སྟེགས་ཀྱི་འཕྲིན་བདག་དང་མི་མཐུན་པའི་ལངས་ཕྱོགས་བཟོས་པ། ཆོས་ཉིས་དབང་མོ་ཟེར་བའི་པར་དང་མིང་རྫུན་མ་གཡར་མཁན་གྱི་རྩོམ་པ་པོ་དེའི་གདོང་འབག་བཤུས་པ་དེ་དག་ཡིན།  ད་དུང་ཡང་གཅིག་བགྲང་རུང་བ་ནི།  མགོ་ལོག་ཡུལ་གྱི་བོད་ཡིག་གི་སློབ་གསོ་ཁོར་ཡུག་འཕྲོག་པ་དེར་སྐྱོན་འཚང་འདོན་པའི་དགག་ཡིག་བྲིས་པ་བཅས་ཡིན། དང་ཐོག་ང་ནི་བོད་རང་གི་དྲ་རྒྱའི་འཁྲུག་རྩོད་དང་སྤྱི་ཚོགས་སྟེང་གི་གླེང་ཕྱོགས་སྣ་ཚོགས་ལ་ངེས་ཤེས་ཅི་ཡང་མེད་པའི་ནུབ་བྱང་གི་སློབ་ཆེན་སློབ་མ་ཞིག་ཡིན་སྟབས། ཁོ་བོའི་སྣང་ངོར་གནད་དོན་གང་བྱུང་ཐོ་མ་སི་ཕན་ཨིན་托马斯·潘恩ལགས་ཀྱི་༼རྒྱུན་ཤེས༽ནང་དུ་འཁོད་པའི་ཡིག་ཚོགས་ཀྱིས་ཐག་གཅོད་ཐུབ་སྙམ་པས། རྒྱུན་པར་སྐུ་ཞབས་ཞོགས་དུང་དང་སྐུ་ཞབས་མེ་ལྕེ། ད་དུང་བོད་ནང་གི་བུད་མེད་བསམ་ཤེས་ཅན་དང་དགེ་རྒན་གུར་མགོན་སྐྱབས་སོགས་ཡང་ཡང་དུ་སྤེལ་མོད།  འོན་ཀྱང་ཀློག་པ་པོའི་གཏམ་ཡིན་ན་འདྲ། ཡང་ན་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཀུན་ནི་བླ་སྤྲུལ་དང་ཆོས་འཕྲིན། གྲུབ་མཐའ་དང་གསུང་བཤད་སྣ་ཚོགས་ལ་ཕྱོགས་ཆེ་བས། ནང་དོན་དེ་རིགས་སྤེལ་ན་ལྟ་ཀློག་མཁན་གྱི་གྲངས་ཀ་ཡང་ལྡབ་འགྱུར་གྱིས་མང་པོར་གྱུར་འགྲོ་བས་རེ་ཞིག་ཡིད་སེམས་ཕམ་པར་བཟོས།  ཡིན་ན་ཡང་ངས་དུས་རྒྱུན་དུ་ཆོས་ལུགས་ཀྱི་ནང་དོན་སྤེལ་ན་ཡང་དེའི་ཁྲོད་ཀྱི་བདེན་པའི་རང་བཞིན་དང་དུས་བབ་དང་བསྟུན་ཐུབ་བའི་རང་བཞིན་སོགས་ལ་དོ་སྣང་ཆེན་པོ་བྱེད་ཡོད། དེ་བས་སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་དང་རྫོང་ས་མཁྱེན་བརྩེ་རིན་པོ་ཆེ། མཁས་དབང་རྫ་ཆེ་བཀྲ། བོད་ཡིག་གི་ལམ་ནས་ངེས་དོན་གྱི་རྩོམ་སྣ་ཚོགས་འཁོད་པའི་དགེ་རྒན་ཁ་སྒང་སྟག་འབུམ་རྒྱལ་སོགས་ཀྱི་རྩོམ་ཡིག་ལ་ཡང་ཡང་རྒྱབ་སྐྱོབ་བཏང་བ་ཡིན། ད་དུང་བོད་ཡིག་གི་སྤྱོད་སྒོ་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བས་ཕྱིར།  ཀླུ་ཆུ་རྫོང་གི་དགེ་རྒན་སྒྲོལ་མ་ཚེ་རིང་ལགས་ཀྱི་སློབ་གསོ་ཟིན་བྲིས་འཁོད་པ་དང་། བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་དགེ་རྒན་ཕུན་དབང་ལགས་ཀྱི་དཔྱད་རྩོམ་བསྟུད་མེ་འཕྲིན་སྟེགས་སུ་བཀོད་པ་ཡིན། སྤྱིར་བཤད་ན། ངེས་དོན་ལྡན་པའི་ནང་དོན་སྲོག་ཤིང་དུ་འཛིན་པ་ནི་ངས་ལུག་ཚང་ལ་བདག་གཉེར་བཟུང་བའི་རྗེས་ནས་འགྱུར་ལྡོག་བྱུང་བ་ཆེས་ཆེ་བ་དེ་ཡིན།

 

སྔོན་མར་རྒྱ་གྲོང་ཁྲིན་ཏུའུ་ནས་གྲོགས་པོ་འགའ་དང་འཕྲད་སྐབས། ཁོང་ཚོས་བཤད་པ་ལ་ངས་ལུག་ཚང་ལ་བདག་གཉེར་བྱེད་པ་བརྒྱུད།  འགྱུར་བ་ཆེས་ཆེ་བ་ནི་ནང་དོན་གྱི་སྣ་མང་ཅན་དེ་ཡིན་པར་འདོད་ཞེས་མ་གྲོས་གཅིག་མཐུན་གྱིས་ཚིག་གྲོལ་བྱུང་།  དེ་ཡང་བདེན་པར་བཟུང་ཆོག་སྟེ། ནང་དོན་གྱི་སྣ་མང་རང་བཞིན་ནི་སྔར་ལུག་ཚང་དུ་བླ་མ་དང་ཆོས་སྒྲ་རྐྱང་རྐྱང་འདོན་པ་དང་གཞི་ནས་མི་འདྲ་སྟེ།    སྣ་མང་རང་བཞིན་ནི་ང་ལ་མཚོན་ན། འཕྲིན་སྟེགས་ཀྱི་ཤན་ཤུགས་ལ་བསྟུན་ནས་བོད་སྤྱི་ལ་ཕྱོགས་པ་དང་དང་བོད་མི་རེ་རེ་ལ་ཕྱོགས་པའི་ནུས་པ་འདི་བཏོན་འདོད་པས་ཡིན། དེ་བས་མི་མང་པོ་ཞིག་གིས་ནམ་རྒྱུན་ཁ་ནས་ལུག་ཚང་ཇེ་རྒུད་དུ་འགྲོ་བཞིན་ཡོད་ཟེར་ངན་སྐད་སྒྲོག་ན་ཡང་།  དོན་དངོས་སུ་སྔོན་གྱི་ནང་དོན་སྤེལ་སྟངས་དང་བསྡུར་ལ་ཐོད་བརྒལ་ཅུང་ཟད་བྱུང་ཡོད་པ་འདི་ལ་ཐུགས་སྤྲོ་བོ་འདུག འདི་ནི་ལུག་ཚང་འཕྲིན་སྟེགས་ལ་མཚོན་ན་ཤིན་ཏུ་དམ་འཛིན་བྱ་འོས་པའི་ཐབས་ལམ་བཟམ་ཤོས་ཤིག་ཅི་ལ་མིན།

 

འཕྲིན་སྟེགས་འདི་གཉེར་བའི་སྐབས་སུ། ཤིན་ཏུ་ཕངས་བ་ནི་བོད་རང་གི་ཤེས་ཡོན་པའི་སྡེ་ཡི་ང་རྒྱལ་དང་ཕྱོགས་སུ་ལྷུང་བ། ད་དུང་མཐོང་རྒྱ་དང་བསམ་རྒྱ་ཆུང་བའི་སྣང་ཚུལ་དག་ནམ་རྒྱུན་དུ་མཐོང་རྒྱུ་ཡོད་པ་དེ་ཡིན། དེ་བས་མ་ཟད་མི་ཁ་ཤས་གཅིག་ནི་དུག་གསུམ་གྱིས་དབང་དུ་ཕྱིན་ནས་གཞན་ལ་བརྩི་འཇོག་མེད་པ་དང་མཐའ་གཅིག་ཏུ་སྒེར་གྱི་སྙན་གྲགས་ལ་དམིགས་པ། ཀུན་ཕན་གྱི་འདུ་ཤེས་མེད་པ་སོགས་ཡོད་ཏན་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཞི་ནས་མི་འཛོམས་པའི་གནས་སུ་ལྷུང་འདུག  སྤྱིར་སྤྱི་ཚོགས་ཤིག་གི་རྣམ་པ་ག་འདྲ་ཡིན་པ་ཤེས་ཡོད་པའི་རྣམ་པ་ལ་ཐད་ཀར་རེག་ལས་ཡོད་པས།   བོད་ཀྱི་ཤེས་ཡོན་པའི་སྡེ་འདིའི་ཨོལ་ཆུང་གི་རང་བཞིན་མཐོང་ན་ཅུང་ཟད་མི་སྤྲོ་བོ།།   ལུག་ཚང་དཔལ་ཡོན་ནི་བོད་ཀྱི་ཤེས་ཡོན་པ་རྣམས་དང་མཇལ་བའི་གར་སྟེགས་ཆེ་ཤོས་ཤིག་ཏུ་བརྩིས་ཆོག་པས།  འདི་ལས་མཐོང་ཐོས་རྣམས་ང་ལ་མཚོན་ན་ངེས་པར་གང་ཟག་ལ་མི་རྟོན་བའི་རྩ་དོན་འཛིན་དགོས་བསམ།  དེ་མིན་ན་ཀུན་སྤྱོད་དམན་ཞིང་ཤེས་ཡོད་དབུལ་བའི་སྐྱེ་བོ་འགའ་རེ་མཐོང་ན་དངོས་ནས་ཅི་མི་སྙམ་པའི་སྣང་བ་སྦྱིན་འོང་། ཧ་ཧ་ཧ།  སྐྱོན་འཚང་འདོན་རྒྱུ་མང་ན་མི་དགའ། དེ་བས་འདི་ནས་འཇོག

 

ད་དུང་ངེས་པར་བཤད་དགོས་རྒྱུ་ཞིག་ནི། ངས་ལུག་ཚང་འཕྲིན་སྟེགས་གཉེར་བ་ནི་རིན་མེད་པར་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་རྐྱང་རྐྱང་ཡིན་ནོ།། འདི་ནི་སྤྱིར་ཀུན་ལ་བཤད་དགོས་རྒྱུའི་སྐད་ཆ་ཞིག་མིན་ན་ཡང་།  སྐབས་འགར་གཅེན་པོ་ཡེ་ཤེས་བསྟན་འཛིན་ལགས་ཀྱི་ང་ལ་དངུལ་ལོ་བཞི་བརྒྱ་ལྔ་བརྒྱ་རེ་ཡི་རམ་འདེགས་ཞུས་ན་ཡང་། དོན་དངོས་སུ་ལུག་ཚང་འཕྲིན་སྟེགས་ཀྱི་རྩོམ་སྒྲིག་ལས་ཀ་ནི་མི་ཅོལ་ཆུང་འགའ་ཡིས་བཤད་པ་ནང་བཞིན་གླ་ཆ་བླངས་ཡོད་པ་ཞིག་གཏན་ནས་མ་ཡིན།   འཕྲིན་སྟེགས་འདི་གཉེར་བ་ནི་ང་ལ་མཚོན་ན་བོད་རང་གི་སྐད་ཡིག་རིན་པོ་ཆེ་འདི་དྲ་རྒྱའི་ལམ་ནས་ཁྱབ་བརྡལ་དུ་གཏོང་བའི་ཐབས་ལམ་ཉག་ཕྲ་བ་ཙམ་ཡིན་ཕྱིན།   དངུལ་ལོ་དང་ཁ་ངོ་ཙམ་གྱི་རིན་ཐང་ཚད་འཇལ་ཐུབ་པ་ཞིག་གང་ནས་ཡིན།

 

ཁོ་བོ་མཚོན་ན་ནམ་རྒྱུན་བོད་ཡིག་གིས་ལམ་ནས་རྩོམ་རིང་པོ་འབྲི་བའི་སྲོལ་ཆགས་མེད་པས། དོ་དགོང་འདི་ལྟར་བྲིས་ཚེ་ཅུང་ཟད་དོགས་མི་བདེ་བའི་སྣང་བ་མཚར་པོ་ཞིག་སྐྱེས་ཡོང་། ཡིན་ན་ཡང་ལུག་ཚང་དཔལ་ཡོན་ནི་ངའི་གཞོན་སྐྱེས་ཀྱི་སྐབས་སུ་གཉེར་བའི་དོན་དང་ལྡན་པའི་ལས་ཀ་གལ་ཆེན་ཡིན་ཕྱིན།   ཡིག་ནོར་དང་ཚིག་སྦྱོར་མི་བདེ་བ་སོགས་གང་ཅི་ཐད་ལ་མ་འཛེམ་པར་རྩོམ་རྙོག་འདི་ལྟ་བུ་ཞིག་རང་སེམས་རང་གསོ་ཡིས་ཚུལ་དུ་བྲིས་པ་ལགས།།  དེ་བས་གལ་སྲིད་རྩོམ་ཡིག་འདི་ཡི་སྟེང་གི་ནོར་འཁྲུལ་དང་དགོངས་འགལ་སོགས་ལ་འཁྲུལ་སེལ་གཏོང་དགོས་ས་ཡོད་ན་དཔྱོད་ལྡན་ཀུན་གྱི་སློབ་སྟོན་ཡོད་པར་ཞུ།།

 

ཞེས་ཁྱུང་གངས་རྒྱན་གྱིས་ཕྱི་ལོ་༢༠༡༩ལོའི་ས་ག་ཟླ་བའི་སངས་རྒྱས་སྨན་བླའི་དུས་ཆེན་གྱི་དགོན་མོར་སྦྱར།