དབྱིན་སྐད་དུ། Liberalism 

རྒྱ་ནག་སྐད་དུ།个人主义 

བོད་སྐད་དུ་མི་སྒེར་རིང་ལུགས།

 

མི་སྒེར་རིང་ལུགས(ལོ་ཙཱ་གཅིག་གྱུར་མ་ཡིན་པས་རྐྱེན་གྱིས་མིང་འདི་ལ་རང་དོན་རིང་ལུགས་དང་སྒེར་ཕྱོགས་རིང་ལུགས་སོགས་ཀྱི་ཐ་སྙད་ཡང་བྱུང་ཡོད།འདིར་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཅིག་གྱུར་ལས་གཞི་ལ་བསྟུན་ཡོད་པས་མི་སྒེར་རིང་ལུགས་ལྟར་བསྒྱུར་བ་ཡིན།)བྱ་བ་ནི་ཀུན་སྤྱོད་དང་། ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་མཚན་ཉིད་རིག་པ་ཞིག་ཡིན་ཞིང་། མི་སྒེར་གྱི་ཁེ་ཕན་ནི་བྱ་སྤྱོད་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། མ་ཟད་མི་སྒེར་གྱི་རང་དབང་དང་ཁེ་དབང་གི་གལ་ཆེའི་རང་བཞིན་བརྩོན་ལེན་བྱེད་ཞིང་། དེ་བཞིན་རང་མགོ་རང་ཐོན་གྱི་སྤྱོད་བཟང་། མི་སྒེར་རང་བཙན་བཅས་ལ་ཕྱོགས་ཡོད། མི་སྒེར་རིང་ལུགས་ཀྱིས་བཙན་ཤུགས་ལ་འགོག་རྒོལ་བྱེད་པ་དང་། དེ་བཞིན་མི་སྒེར་ལ་འཆིང་སྡོམ་བྱེད་རྩིས་ཀྱི་བྱ་སྤྱོད་ཡོད་ཚད་དང་། ལྷག་པར་དུ་རྒྱལ་ཁབ་བམ་སྤྱི་ཚོགས་ཀྱིས་བཙན་ཤེད་ཀྱི་སྟོབས་ཤུགས་ལ་རྒོལ་ལན་གཏོང་བཞིན་ཡོད་པ་ཡིན། མི་སྒེར་རིང་ལུགས་དེ་རྟག་ཏུ་རང་ཕན་རིང་ལུགས་དང་མཉམ་བསྲེས་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་མི་སྒེར་རིང་ལུགས་དང་རང་ཕན་རིང་ལུགས་གཉིས་མི་འདྲ། མི་སྒེར་རིང་ལུགས་ནི་གནའ་གཞུང་རང་མོས་རིང་ལུགས་ཀྱི་གྲུབ་རྐྱེན་གཙོ་བོ་ཞིག་ཡིན།

 

ཆབ་སྲིད་ཁྲོད་ཀྱི་མི་སྒེར་རིང་ལུགས།

ཆབ་སྲིད་མཚན་ཉིད་རིག་པའི་ཐད་ལ། མི་སྒེར་རིང་ལུགས་ཀྱིས་རྒྱལ་ཁབ་ནི་གཙོ་བོ་མི་སྒེར་གྱི་རང་དབང་སྲུང་སྐྱོབ་བྱེད་པའི་ལག་ཆ་བྱས་ཏེ། མི་གཞན་གྱི་རང་དབང་འདྲ་མཚུངས་ལ་གནོད་འཚེ་མི་གཏོང་བའི་གནས་ཚུལ་འོག་མི་སྒེར་གྱིས་རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་བ་གང་ཡང་བསྒྲུབ་པར་སྲུང་སྐྱོབ་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། དེ་ནི་ཐུན་མོང་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཕྱིན་ཅི་ལོག་པ་སྟེ། ཐུན་མོང་རིང་ལུགས་ཀྱིས་རྒྱལ་ཁབ་ཀྱིས་ངེས་པར་དུ་མི་སྒེར་ལ་བཙན་ཤེད་ཀྱིས་སྤྱི་ཚོགས་ཧྲིལ་པོའི་ཁེ་ཕན་ལ་ཞབས་འདེགས་ཞུ་རུ་འཇུག་དགོས། ཐུན་མོང་རིང་ལུགས་དེ་གུང་ཁྲན་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས་གཉིས་དང་མཚུངས་པས། གུང་ཁྲན་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས་གཉིས་ཀྱིས་མི་སྒེར་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་ཡོད། མི་སྒེར་རིང་ལུགས་ཞེས་པའི་ཐ་སྙད་དེ་ཡང་མི་སྒེར་གྱི་ཡར་ཐོན་རང་བཞིན་དང་མི་སྒེར་གྱི་རང་དབང་སྐོར་བརྗོད་ཀྱི་ཡོད་པ་དང་། དེ་བས་ཀྱང་གསལ་པོར་བཤད་ན་ཧྥ་རན་སིའི་སྐད་ནང་གི་རང་མོས་ངང་རང་དགར་འཇོག་པ་དེ་རེད།

ལག་ལེན་ངོས་ཐད་ནས་བཤད་ན།མི་སྒེར་རིང་ལུགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་ནི་མི་སྒེར་ལ་རྒྱལ་ཁབ་ཀྱི་གནོད་འཚེ་མི་ཕོག་པར་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། དཔེར་ན། མི་སྒེར་རིང་ལུགས་ཀྱིས་སྤྱིར་བཏང་དུ་འཐུས་སྒོ་མི་ཚང་བའི་དམངས་གཙོའི་ལམ་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། སྤྱི་དམངས་དང་དཔལ་འབྱོར་གྱི་སྤྱི་དམངས་རང་དབང་ནི་མི་སྒེར་རིང་ལུགས་ཀྱིས་གནད་བཏོན་ས་གཙོ་བོར་བཟུང་ཡོད། མི་སྒེར་རིང་ལུགས་ཀྱིས་གཡོལ་གང་ཐུབ་བྱེད་པ་ནི་ཚོང་ལས་དང་ཐོན་ལས་ཀྱི་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་ལག་ཏུ་བསྡུས་དྲགས་པ་དེ་རེད། གང་ལགས་ཤེ་ན། དེས་ན་དམངས་ཀྱིས་བདམས་པའི་དམངས་འདོད་མཚོན་བྱེད་མི་སྣ་ལ་ཀུང་སི་འདི་འདྲ་མང་པོ་ཞིག་ཐག་གཅོད་བྱེད་པའི་ནུས་པ་དང་འགན་འཁྲི་འཁུར་སེམས་མེད་པ་དང་། དུས་མཚུངས་སུ་སྤྱི་པའི་སྲིད་འཛིན་དེ་མ་དངུལ་འབོར་ཆེན་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་རེད། མི་སྒེར་རིང་ལུགས་པས་བལྟས་ན། རྒྱལ་ཁབ་ཀྱི་བདེ་ཐང་ནི་རང་ཉིད་ཀྱི་ཁེ་ཕན་དོན་གཉེར་བྱེད་པའི་འབད་བརྩོན་ལ་རག་ལས་ཡོད། མི་སྒེར་རིང་ལུགས་ཀྱིས་ཀྱང་བྱེད་སྟངས་ཕྱོགས་གཅིག་ཏུ་ལྷུང་དྲགས་ན་དཔེར་ན་སྒེར་གྱི་སྲིད་གཞུང་མེད་པའི་རིང་ལུགས་ཀྱི་རྣམ་པ་ལྟ་བུ་རེད་འདུག

མི་སྒེར་རིང་ལུགས་པས་སྤྱི་ཚོགས་ནི་མི་མང་བོས་མཉམ་དུ་འཁོར་སྐྱོད་བྱས་ནས་ཁོ་ཚོ་རང་རང་གི་བདེ་སྐྱིད་ཀྱི་སྒྲོམ་གཞི་ལེགས་བཅོས་བྱེད་པར་འདོད། རང་མགོན་ཅན་གྱི་མི་སྒེར་ནི་བཙན་ཤེད་ཀྱིས་གཅིག་གྱུར་གྱི་ཚོགས་པའི་ནང་གི་ཆ་ཤས་སུ་བརྩི་མི་རུང་། དོན་དངོས་ཐོག མི་རེ་རེ་ནི་རང་མགོན་ཅན་གྱི་བྱེ་བྲག་ཅིག་ཡིན་ལ། སྤྱི་ཚོགས་ནི་དངོས་པོའི་བྱེ་བྲག་འདི་དག་གིས་གྲུབ་པའི་སྒྲོམ་གཞི་ཞིག་ཡིན། རྒྱལ་ཁབ་ནི་རྩ་འཛུགས་ཅན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཡིན་ཞིང་། བཅའ་ཁྲིམས་ལ་བརྟེན་ནས་མི་སྒེར་གྱི་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད། དེར་བརྟེན། མི་སྒེར་རིང་ལུགས་ཀྱི་ཆབ་སྲིད་འདུ་ཤེས་དེ་རྒྱུན་དུ་མི་སྒེར་གྱི་རང་དབང་ལ་སྲུང་སྐྱོབ་དང་འགན་སྲུང་བྱེད་པའི་བཅའ་ཁྲིམས་དར་སྤེལ་གཏོང་བར་ཕྱོགས་པ་མ་ཟད། མི་སྒེར་དེ་མི་ཚོགས་ཀྱི་ཁྲོད་དུ་གནས་པའི་བཅའ་ཁྲིམས་སྣ་ཚོགས་ལ་ངོ་རྒོལ་བྱེད་ཀྱི་ཡོད།

 

སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་རིང་ལུགས།

ཤང – རཱཁཱེ· རོའུ་སྶེའུ(Jean-Jacques Rousseau )ཡི་སྤྱི་ཚོགས་ཀྱི་གན་རྒྱའི་རིགས་པའི་གཞུང་ལུགས་ཀྱི་འདོད་ཚུལ་ལྟར་ན། མི་སྒེར་གྱི་འདོད་བློ་དེ་ངེས་པར་དུ་སྤྱི་དོན་ཟེར་བ་དང་ལེན་བྱ་དགོས་ངེས་རེད། མི་སྒེར་གྱི་གོ་གནས་དེ་མི་ཚོགས་ཀྱི་འོག་ཏུ་འཇོག་པའི་རིགས་པའི་གཞུང་ལུགས་དེ། རྩ་བའི་ཐོག་ནས་བཤད་ན་མི་སྒེར་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཕྱིན་ཅི་ལོག་པ་ཞིག་ཡིན་ཞིང་། མི་སྒེར་རིང་ལུགས་པས་རང་ཉིད་སྤྱི་ཚོགས་སུ་ཞུགས་པའི་དམིགས་ཡུལ་ནི་རང་ཉིད་ཀྱི་ཁེ་ཕན་དོན་གཉེར་བྱེད་པའམ་མ་མཐར་ཡང་རང་ཉིད་ལ་རང་ཉིད་ཀྱི་ཁེ་ཕན་གྱི་དོན་དུ་བསམ་བློ་གཏོང་བའི་ཆེད་དུ་ཡིན་པ་ལས། སྤྱི་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་དགོས་དོན་མེད། (འོན་ཀྱང་མི་སྒེར་རིང་ལུགས་་ནི་རང་ཕན་རིང་ལུགས་ལ་བརྩི་མི་རུང་། ) མི་སྒེར་རིང་ལུགས་ཀྱིས་མི་སྒེར་གྱི་ཁེ་ཕན་བློས་བཏང་ནས་སྤྱི་ཚོགས་ཀྱི་དམིགས་འབེན་སྔར་ལས་མཐོ་བའི་འདུ་ཤེས་འཛིན་སྟངས་ལ་ངོ་རྒོལ་བྱེད་ཀྱིན་ཡོད།

སྤྱི་ཚོགས་དང་ཚོགས་པ་ནི་མི་འདྲ་བ་ཞིག་ཡིན་སྲིད་དེ། དེ་དག་ནི་རང་ཕན་ཅན་བྱ་བ་མི་སྒེར་རིང་ལུགས་སམ་ཡང་ན་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་པ་ཡིན་ནམ་ཡང་ན་གཞན་ཕན་ཞེས་པའི་ཚོགས་སྤྱི་དང་སྤྱི་ཚོགས་ཁ་ཕྱོགས་སུ་འཛིན་པའི་ཕྱོགས་ལྷུང་ཡིན་པར་རག་ལས་ཡོད། དུས་མཚུངས་སུ་མི་སྒེར་གྱི་གོ་གནས་ལ་དམའ་འབེབས་བྱེད་པའི་སྤྱི་ཚོགས་དེ་ཡང་ཉེས་ཆད་ཀྱི་བྱེད་ཐབས་(དཔེར་ན་དུས་རབས་བར་མའི་ཡོ་རོབ་གླིང་ལྟ་བུ་)སུ་བརྩིས་པའམ་ཡང་ན་ངོ་ཚ་ཁྲེལ་མེད་ཀྱི་བྱེད་ཐབས་སུ་བརྩིས་ནས་(དཔེར་ན་ཉི་ཧོང་གི་མི་ཚོགས་ཀྱི་ཚད་གཞི་དང་འགལ་བའི་མི་སྒེར་ནི་ངོ་ཚ་རུ་བརྩི་པ་ལྟ་བུ་)སྤྱི་ཚོགས་སུ་དབྱེ་ཆོག་ཅིང་། རྗེས་མའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་ངེས་པར་དུ་རྒྱུན་ཆད་མེད་པར་རང་ཉིད་ཀྱི་གཏམ་སྤྱོད་ལ་ཕྱིར་མིག་བལྟས་ཏེ། བྱ་སྤྱོད་དེ་རིགས་ནི་དང་ལེན་བྱེད་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས། སྣང་ཚུལ་དེ་རིགས་ལ་ཐུན་མོང་གི་རྨོངས་བསམ་ཡང་ཟེར། སྤྱི་ཚོགས་ཤིག་མི་སྒེར་རིང་ལུགས་ཡིན་མིན་གྱི་ཚད་གཞི་ནི་དུས་ཚོད་དང་རྒྱལ་ཁབ་དང་བསྟུན་ནས་འགྱུར་ལྡོག་ཡོང་གི་རེད། དཔེ་བཞག་ནས་བཤད་ན། ཉི་ཧོང་གི་སྤྱི་ཚོགས་ནི་ཚོགས་སྤྱི་ཁ་ཕྱོགས་སུ་འཛིན་པ(དཔེར་ན་ཐག་གཅོད་ནི་རྟག་ཏུ་ཚོགས་པའི་ཐུན་མོང་གི་ངོས་འཛིན་ལས་བྱུང་བ་ཞིག་ཡིན་པ་ལས་མི་སྒེར་མིན་པ་ལྟ་བུ)ཡིན་པ་མ་ཟད། ད་དུང་མི་གཤིས་འཕེལ་རྒྱས་ཅུང་དལ་བའི་སྤྱི་ཚོགས་(ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་ན)ཞེས་ཀྱང་བརྗོད་ཀྱི་ཡོད། འོན་ཀྱང་ཨ་རི་ནི་དུས་རྒྱུན་དུ་མི་སྒེར་རིང་ལུགས་ཀྱི་སྤྱི་ཚོགས་སུ་གཏོགས་པར་སོ་སྐྱེས་མང་པོའི་འདོད་གིན་ཡོད་རུང་། མི་སྒེར་རིང་ལུགས་དང་འགལ་བའི་དོན་རྐྱེན་བྱུང་པ་ནི་ཤིན་ཏུ་མང་། དཔེར་ན་དམག་འཁྲུག་གི་སྐབས་སུ་རོ་སི་ཧྥུའི་སྲིད་ཇུས་གསར་པ་དེ་དང་ད་ལྟའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ཏུ་སླེབས་སྐབས། ཨ་རིས་སྤྱི་པའི་ཁེ་ཕན་གྱི་ཆེད་དུ་མི་སྒེར་གྱི་ཁེ་དབང་བློས་གཏོང་བའི་ཟློས་ཕྱོད་དེ། ཏེན་མག་སོགས་ཐུན་མོང་རིང་ལུགས་ཀྱི་ཚབ་བྱེད་རྒྱལ་ཁབ་དང་བསྡུར་ན་ཡང་མང་པོ་ཡོད་རེད། ཡོ་རོབ་གླིང་གི་རྒྱལ་ཁབ་དག་ནི་དུས་ཡུན་རིང་པོའི་ནང་སྤྱི་པའི་སྙིང་སྟོབས་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཇུས་ཅན། དེ་བཞིན་སྤྱི་པའི་འདུ་ཤེས་ཀྱི་འཐུས་ཚབ་བཅས་སུ་བརྩི་བ་རེད།

ཅོ་ཧན· གཱལ་པརཱ་ཚི ( John Galbraith)ཡིས་རང་ཉིད་ཕྱུག་པོར་གྱུར་ཅིང་སྤྱི་ཚོགས་དབུལ་ཞིང་ཕོངས་པའི་ཨ་རི་དང་། སྤྱི་དམངས་དབུལ་ཞིང་ཕོངས་པར་གྱུར་ཅིང་སྤྱི་ཚོགས་ཕྱུག་པོར་གྱུར་པའི་རྒྱལ་ཁབ་དཔེར་ན་ཡོ་རོབ་གླིང་གཉིས་ལ་ཞིབ་བསྡུར་ཞིག་བཏོན་མྱོང་། ཞིབ་འཇུག་ལྟར་ན་མི་སྒེར་རིང་ལུགས་ཀྱི་ཚད་དང་སྤྱི་པའི་ཁྱབ་ཁོངས་ཀྱིས་མི་སྒེར་ལ་ཐེ་གཏོགས་བྱེད་པ་དང་དཔྱ་ཁྲལ་བསྡུ་ཚད་དང་གཅིག་མཐུན་ཡིན་པ་རེད།

མི་སྒེར་རིང་ལུགས་དེ་དབང་སྡེམ་རིང་ལུགས་དང་ཐུན་མོང་རིང་ལུགས་གཉིས་བསྡུར་རེས་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་ཆབ་སྲིད་ཀྱི་རིགས་ལ་ཁྱབ་རྒྱ་ཆེ་ལ་རྒྱུ་མང་པོ་ཡོད་པ་རེད། དེའི་ཁྲོད་དུ་མི་སྒེར་རིང་ལུགས་ཚད་མཐོ་བའི་སྤྱི་ཚོགས(དཔེར་ན་དེང་གི་ཨ་མེ་རི་ཀ་ལྟ་བུ)དང་མཉམ་བསྲེས་ཀྱི་སྤྱི་ཚོགས་རྣམ་པ་(དཔེར་ན་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་དབྱིན་ཇི་ལྟ་བུ)དང་། རྩ་བ་རང་བཞིན་ཅན་གྱི་ཐུན་མོང་རིང་ལུགས་ཀྱི་སྤྱི་ཚོགས་བཅས་ཚང་མར་གནས་ཡོད་པ་རེད། ཐུན་མོང་རིང་ལུགས་པ(ལྷག་པར་དུ་སྲིད་གཞུང་མེད་པའི་གུང་ཁྲན་རིང་ལུགས་སམ་རང་མོས་སྤྱི་ཚོགས་རིང་ལུགས་པ)ཁ་ཤས་ཀྱིས་དཔལ་འབྱོར་གྱི་རང་དབང་མེད་པར་བཟོ་རྒྱུའི་འདོད་ཚུལ་འཛིན་པ་དང་ཆབས་ཅིག རང་དབང་གི་བསམ་བློ་དང་སྒེར་གྱི་རང་དབང་སྲུང་སྐྱོང་བྱ་རྒྱུའི་འདོད་ཚུལ་ཡང་འཛིན་གྱི་ཡོད་པ་དང་། དབང་སྡེམ་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཡིན་ནའང་དཔལ་འབྱོར་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་མི་སྒེར་རིང་ལུགས་པ་དཔེར་ན་ཧྥུ་ལི་ཏེ་ལི་ཁེ་·ཧ་ཡེ་ཁེ་ཡིས་དཔལ་འབྱོར་ཐད་ཀྱི་རང་དབང་ནི་སྤྱི་དམངས་དང་ཆབ་སྲིད་ཀྱི་རང་དབང་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པས། དཔལ་འབྱོར་རང་དབང་ལ་ཚོད་འཛིན་བྱེད་པའི་རྒྱལ་ཁབ་ཀྱིས་མཇུག་མཐར་སྤྱི་དམངས་དང་ཆབ་སྲིད་ཀྱི་རང་དབང་ལ་ཚོད་འཛིན་བྱེད་ངེས་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། མི་སྒེར་རིང་ལུགས་དེ་སྐབས་འགར་འདུ་ཤེས་འཛིན་སྟངས་ཁ་ཤས་ལ་ངོས་འཛིན་སླ་བར་གྱུར་བ་རེད། དཔེར་ན་སྒེར་གྱི་སྲིད་གཞུང་མེད་པའི་རིང་ལུགས་དང་། རང་དབང་འདོད་བློའི་རིང་ལུགས། ཡང་ན་སྲོལ་རྒྱུན་རང་མོས་རིང་ལུགས་བཅས་དང་འབྲེལ་བ་བྱེད་སྲིད། སྲོལ་རྒྱུན་མི་སྒེར་རིང་ལུགས་ཀྱི་ཡང་སྙིང་ནི་མི་སྒེར་གྱི་བྱ་སྤྱོད་དེ་རང་ཉིད་ཀྱིས་ཐག་གཅོད་དགོས་པ་ལས། རྒྱལ་ཁབ་བམ་སྤྱི་ཚོགས་ལ་མི་ཞིག་གིས་ཇུས་ཐག་གཅོད་པའི་གོ་རིམ་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་འདོད་པ་རེད། གཞུང་ལུགས་འདི་ནི་ཐོན་ལས་དོ་དམ་སྲིད་ཇུས་ཀྱི་རྩོད་གླེང་ཁྲོད་ན་རྒྱུན་ཏུ་མཐོང་རྒྱུ་ཡོད།

 

དཔལ་འབྱོར་དང་འབྲེལ་བའི་མི་སྒེར་རིང་ལུགས།

དཔལ་འབྱོར་གྱི་ངོས་ཐད་ནས། མི་སྒེར་རིང་ལུགས་ཀྱི་འདོད་ཚུལ་འཛིན་མཁན་ཚང་མས་རང་ཉིད་ཀྱིས་རང་ལ་དབང་བའི་དཔལ་འབྱོར་དབང་ཆ་ཐག་གཅོད་དགོས་པ་ལས། རྒྱལ་ཁབ་བམ་སྤྱི་ཚོགས་ཀྱི་ཐུན་མོང་ཚོགས་པ་ནས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། དུས་མཚུངས་སུ་མི་སྒེར་རིང་ལུགས་ཀྱིས་ཀྱང་སྒེར་ལ་དབང་བའི་རྒྱུ་ནོར་གྱི་རང་དབང་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་བམ་མི་ཚོགས་ཀྱིས་སྤྱི་བྱིངས་ཅན་གྱི་བཀོད་སྒྲིག་ལ་ངོ་རྒོལ་བྱེད་ཀྱི་ཡོད། འདི་ལྟ་བུའི་དཔལ་འབྱོར་ལམ་ལུགས་ལ་རྒྱུན་པར་རང་དབང་ཁྲོམ་རའམ་མ་རྩ་རིང་ལུགས་ཟེར། མ་རྩ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ལས་གཞན། མི་སྒེར་རིང་ལུགས་ཀྱིས་ཕན་ཚུན་གཉིས་ཕན་རིང་ལུགས་ཀྱི་གཡོན་རུ་པའི་དཔལ་འབྱོར་ལྟ་གྲུབ་འཛིན་མཁན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། འོན་ཀྱང་དེང་རབས་མ་རྩ་རིང་ལུགས་ལ་སྐྱོན་བརྗོད་བྱེད་མཁན་གྱིས་མ་རྩ་རིང་ལུགས་དེ་མི་སྒེར་གྱི་སྟེང་དུ་གཞི་རྩ་མིན་པར། མཐུན་གཉེར་ཁང་དང་ལམ་ལུགས་ཀྱི་སྟེང་དུ་གཞི་རྩ་ཡིན་ཞིང་། མི་སྒེར་ནི་ལམ་ལུགས་འདི་དག་གིས་ཐག་བཅད་པ་ཡིན་པར་འདོད། ཡིན་ནའང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཆབ་སྲིད་ཐུན་མོང་རིང་ལུགས་དང་བསྡུར་ན། མ་རྩའི་རིང་ལུགས་དེ་རྟག་ཏུ་མི་སྒེར་རིང་ལུགས་ཀྱི་ལམ་ལུགས་སུ་བརྩི་གི་ཡོད། གང་ཡིན་ཤེ་ན། མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཛིན་ཕྱོགས་ནི་མི་སྒེར་གྱི་རང་འདོད་ལྟར་གདམ་ཀ་བྱེད་པས་རེད། འོན་ཀྱང་མ་རྩའི་རིང་ལུགས་ཀྱང་ཐུན་མོང་རིང་ལུགས་ཅན་གྱི་སྤྱི་ཚོགས་སུ་ལག་ལེན་བྱེད་ཐུབ། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་དཔལ་འབྱོར་འཛིན་ཕྱོགས་ཀྱི་ཁྱད་པར་ཉག་གཅིག་ནི་མི་སྒེར་གྱི་དགོས་མཁོ་ཡིན་ནམ་ཡང་ན་ཚོགས་པའི་དགོས་མཁོ་ཡིན་པ་དེ་ལ་རག་ལས་པ་ཡིན་ནོ།།

 

མི་སྒེར་རིང་ལུགས་སྐོར་གྱི་རྩོད་པ་ཐན་ཐུན།

མི་སྒེར་རིང་ལུགས་ནི་སྤྱི་ཚོགས་དང་ཁོར་ཡུག་ཁ་ཤས་སུ་ཟུར་ཟའི་དོན་ལྡན་པ་རེད། སྤྱི་ཚོགས་དེ་དག་གིས་མི་སྒེར་རིང་ལུགས་ནི་སྒེར་སེམས་དང་འབྲེལ་བ་ཡོད་པར་འདོད། དཔེར་ན། ཉི་ཧོང་མི་སྒེར་རིང་ལུགས་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་མེད། གང་ཡིན་ཤེ་ན། ཉི་ཧོང་སྤྱི་ཚོགས་ཀྱིས་སྒེར་ཕན་གྱི་བྱ་སྤྱོད་ནི་ཐུན་མོང་གི་ཁེ་ཕན་གནོད་པ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། ཨ་རིའི་སྤྱི་ཚོགས་སུ་མི་སྒེར་རིང་ལུགས་ནི་རྟག་ཏུ་མི་སྒེར་གྱི་འགན་འཁྲི་དང་ནུས་པ་ལས་ཁེ་ཕན་དང་འབྲེལ་བ་མེད་པར་འདོད་ཀྱིན་ཡོད། ཨ་རི་ན་དམངས་ཡོངས་ལ་ཁེབས་པའི་བདེ་ཐང་སྲུང་སྐྱོབ་ལམ་ལུགས་ཆ་ཚང་བ་ཞིག་མེད་ཅིང་། དེ་ནི་མི་སྒེར་གྱིས་རང་ཉིད་ཀྱི་དོན་དུ་འགན་འཁུར་དགོས་པ་ཞིག་ཡིན་པར་འདོད་པས་རེད། འོན་ཀྱང་ཨ་རིའི་ལམ་ལུགས་ལ་ཡོ་རོབ་དང་དམངས་ཡོངས་ལ་ཁེབས་པའི་བདེ་ཐང་སྲུང་སྐྱོབ་ལམ་ལུགས་ཡོད་པའི་རྒྱལ་ཁབ་གཞན་དག་གིས་སྐྱོན་འཚང་འདོན་བཞིན་ཡོད་ལ། ཁོང་ཚོས་རྒྱལ་ཁབ་ཀྱིས་མི་སྒེར་ལ་བསམ་ཡུལ་ལས་འདས་པའི་བདེ་ཐང་གནོད་འཚེ་མི་ཕོག་པར་ཁེག་ཐག་བྱེད་དགོས་ཞེས་ངོས་འཛིན་བྱེད་ཀྱིན་ཡོད། ཨ་རི་ནས་བདེ་ཐང་ཉེན་འགོག་འགན་ལེན་ནི་མི་སྒེར་གྱི་ཚོང་ལས་གན་རྒྱ་བརྒྱུད་ནས་འདོན་སྤྲོད་བྱས་པ་ཡིན་ཞིང་། ཉེན་འགོག་འགན་ལེན་གྱི་གྲོན་དངུལ་འཁུར་ནུས་མེད་པའི་མི་དེ་དག་ལ། སྲིད་གཞུང་གིས་སྨན་ཡོན་མི་དགོས་པའི་སྨན་བཅོས་འགན་བཅོལ་(Medicare)མཁོ་འདོན་བྱས་ཏེ་ཁོ་ཚོར་གཞི་རྩ་ཅན་གྱི་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་ཀྱིན་ཡོད།

 

ཟུར་ལྟའི་དཔྱད་གཞི།

  • ཨ་ཏམ · ཟི་མཱི། ༼རྒྱབ་ཁབ་འབྱོར་ཕྱུག་གི་མན་ངག༽

  • ཁཱ་ཨེར · ཁཱ་ཕོ། :The Open Society and Its Enemies

  • Alan Waterman:The Psychology of Individualism

  • Lawrence Kohlberg:Six Stages of Moral Development