དབྱིན་སྐད་དུ། collectivism

རྒྱ་ནག་སྐད་དུ། 集体主义

བོད་སྐད་དུ་ཐུན་མོང་རིང་ལུགས་བྱ་བ།

 

ཐུན་མོང་རིང་ལུགས་ཀྱི་གོ་དོན།

ཐུན་མོང་རིང་ལུགས་ཞེས་པ་ནི་མི་སྒེར་སྤྱི་ཚོགས་ལ་བསྟུན་དགོས་པ་དང་། མི་སྒེར་གྱི་ཁེ་དབང་ལ་ཐུན་མོང་ཁེ་དབང་གིས་ཚོད་འཛིན་ཕོག་འོས་པ། མི་སྒེར་གྱི་ཁེ་ཕན་གྱིས་ཚོགས་པ་དང་། མི་རིགས་དང་། གྲལ་རིམ་དང་། རྒྱལ་ཁབ་བཅས་ཀྱི་ཁེ་ཕན་ལ་བསྟུན་དགོས་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཤིག་རེད། ལོ་རྒྱུས་ཀྱི་ཉམས་མྱོང་ལ་གཞི་ན། དབང་སྡེམ་རྒྱལ་ཁབ་ཀྱི་ཀུན་སྤྱོད་ནི་རྟག་པར་ཐུན་མོང་རིང་ལུགས་ཀྱི་ལྟ་གྲུབ་རྨང་གཞི་བྱེད་ནས་བཙུགས་ཡོད། དམག་དོན་སྒེར་གཅོད་སྲིད་དབང་ཁ་ཤས་ཀྱིས་ཀྱང་ཐུན་མོང་རང་སྲུང་དབང་ཆའི་ལྟ་གྲུབ་སྤྱད་ནས་སྲིད་དབང་འཁོར་སྐྱོད་བྱེད་བཞིན་ཡོད་པ་རེད།

 

ཐུན་མོང་རིང་ལུགས་ཀྱི་ལྟ་བ་བཏོན་མཁན།

ཐུན་མོང་རིང་ལུགས་ཀྱི་ལྟ་བ་ནི་མར་ཁེ་སི་དང་། ཨེན་ཀེ་སི། ལེ་ཉིན་བཅས་ལ་འབྲེལ་བ་མེད་པར། དེ་ནི་སུའུ་ཝེར་མཉམ་འབྲེལ་རྒྱལ་ཁབ་ཀྱི་གཞུང་ཚབ་པསི་ཏཱ་ལིན(Joseph · Stalin)གྱི་ལྟ་བ་ཡིན། ཐུན་མོང་རིང་ལུགས་ཀྱི་ལྟ་བ་ནི༡༩༣༤ལོའི་ཟླ་བདུན་པར། སི་ཏཱ་ལིན་གྱིས་དབྱིན་ཇིའི་རྩོམ་པ་པོ་ཝེར་སི་དང་མཉམ་དུ་ཁ་བརྡ་བྱེད་སྐབས་བཏོན་པ་རེད། ལོ་རྒྱུས་དོན་དག་དེ་ནི༼དབྱིན་ཇིའི་རྩོམ་པ་པོ་ཧོ་པོ་ཐེ་ཆའོ་ཀྲི་·ཝེར་སི་དང་གླེང་མོལ་བྱས་པ༽ཞེས་པ་དེ་ཡིན།

སི་ཏ་ལིན་གྱིས་ཐུན་མོང་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱིས་མི་སྒེར་གྱི་ཁེ་ཕན་ཁས་ལེན་ཀྱིན་ཡོད་མོད། འོན་ཀྱང་སྒེར་གྱི་ཁེ་ཕན་དང་ཐུན་མོང་གི་ཁེ་ཕན་ཟུང་འབྲེལ་བྱེད་ཀྱི་ཡོད་ཅེས་བཤད་ཡོད། ཁོང་གིསཤོད་རྒྱུར། མི་སྒེར་དང་ཐུན་མོང་བར་དང་། མི་སྒེར་གྱི་ཁེ་ཕན་དང་ཐུན་མོང་གི་ཁེ་ཕན་བར་ལ་མཐུན་ཐབས་མེད་པའི་འགལ་ཟླ་མེད་ལ་ཡོད་ཀྱང་མི་རུང་། ཐུན་མོང་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱིས་སྒེར་གྱི་ཁེ་ཕན་ཁས་ལེན་པ་ཡིན་ལ། སྒེར་གྱི་ཁེ་ཕན་དང་ཐུན་མོང་གི་ཁེ་ཕན་གཉིས་ཟུང་དུ་སྦྲེལ་བར་འབད་པ་བྱེད་ཀྱིན་ཡོད་ཟེར། གཞན་ཡང་ཁོང་གིས་བཤད་པར། སྤྱི་ཚོགས་རིང་ལུགས་ཀྱིས་སྒེར་གྱི་ཁེ་ཕན་ནམ་ཡིན་རུང་དོར་ཀྱིན་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནི་མི་སྒེར་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་བློ་གཏད་ཆོག་པའི་ལམ་ལུགས་ཉག་གཅིག་ཡིན་པར་གསུང་།

 

སྤྱི་ཚོགས་ལས་བགོས་སྨྲ་བ།

ཨེར་མི་ལེ · དུར་གེམ(Émile Durkheim)གྱིས་སྤྱི་ཚོགས་ལས་བགོས་སྨྲ་བ་ཞེས་པའི་དེབ་ནང་ཐུན་མོང་གི་འདུ་ཤེས་སྐོར་ལ་ཞིབ་དཔྱོད་བྱེད་ཡོད། ཐུན་མོང་རིང་ལུགས་ཀྱི་ལྟ་གྲུབ་གཞི་འཛིན་སའི་རིག་གཞུང་ནི་སྤྱི་ཚོགས་ལས་བགོད་སྨྲ་བ་ཡིན་པར་ཀུན་གྱིས་འདོད། ཨེར་མི་ལེ · དུར་གེམ་གྱིས། ཐུན་མོང་་གི་སྤྱི་ཚོགས་ནི་ཕན་ཚུན་བྲལ་ཐབས་མེད་པའི་འགྲོ་བ་མིའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། སོ་སྐྱེས་ཞོར་འབྲེལ་ནི་རིག་གཞུང་འདིའི་རྐང་ཚུགས་ས་ཡིན་པ་དང་། ཁོས་བཟོས་པའི་སོ་སྐྱེས་ཞོར་འབྲེལ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ནི་ངོ་བོ་གཅིག་མཚུངས་རང་བཞིན་མཐོ་བ་དང་། རིན་ཐང་དང་འདུ་ཤེས་གཅིག་མཐུན་ཡིན་པའི་སྤྱི་ཚོགས་ལ་ཟེར།

ཐུན་མོང་རིང་ལུགས་ཀྱི་གཞི་འཛིན་ས་ནི་ཐུན་མོང་གི་འདུ་ཤེས་ཡིན་པར་འདོད་ལ། ཐུན་མོང་གི་འདུ་ཤེས་ནི་མིའི་རིགས་རང་ཉིད་ཀྱི་སེམས་ཁམས་ནུས་ཤུགས་བརྒྱུད་དེ་གྲུབ་པའི་སྤྱི་ཚོགས་ཀྱི་ཐུན་མོང་འདུ་ཤེས་དེ་ལ་གོ མི་རྣམས་ཀྱི་རང་རྒྱུད་ཀྱི་འདུ་ཤེས་ན་ཐུན་མོང་དང་བསྟུན་འདོད་པའི་སེམས་ཁམས་ཡོད་པས། ཐུན་མོང་གི་འདུ་ཤེས་ཞེས་པའི་ཐ་སྙད་ཡང་འདི་ནས་བྱུང་བ་རེད།

སྤྱི་ཚོགས་ལས་བགོས་སྨྲ་བ་བྱ་བའི་དཔེ་དེབ་ཀྱི་ནང་དུ། ཐུའུ་ཨེར་ཀན་གྱིས་བཤད་པར། སོ་སྐྱེས་ཞོར་འབྲེལ་གྱི་སྤྱི་ཚོགས་ནང་དུ། ཀུན་ལ་བསྟུན་པ་ནི་ཐུན་མོང་གི་འདུ་ཤེས་མཐོ་དྲགས་པའི་གནས་ཚུལ་ཡིན་པར་འདོད་ལ། ཀུན་ལ་བསྟུན་པའི་སྣང་ཚུལ་ནི་ལས་བགོས་ཆུ་ཚད་མཐོ་བའི་སྤྱི་ཚོགས་ཁྲོད་དུ། གཞོལ་ཐབས་མེད་པའི་གནས་ཚུལ་ཞིག་ཡིན་པར་བརྟེན། ཕྱི་རོལ་གྱི་འདྲ་མཉམ་མིན་པ་དེ་སེལ་དགོས་པར་མ་ཟད། འགོ་ཁྲོད་རིམ་པའི་བློ་གྲོས་ལ་བརྟེན་ནས་ཐུན་མོང་ཁྲོད་ཀྱི་བྱེ་བྲག་མི་སྒེར་ལ་དབྱེ་བ་བགར་སྟེ། རང་རང་འོས་ཤིང་འཚམ་པའི་ལས་གནས་ཁྲོད་དུ་བཞག་ན། ད་གཟོད་སོ་སྐྱེས་ཞོར་འབྲེལ་སྤྱི་ཚོགས་(ཐུན་མོང་རིང་ལུགས་ཀྱི་དོན་སྙིང)ཆ་ཚང་བ་ཞིག་ཏུ་སླེབས་ཐུབ་པའི་ངོས་འཛིན་བྱས་ཡོད།

 

ཐུན་མོང་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན།

ཐུན་མོང་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ནི། ཚོགས་པའི་སྔོན་དཔག་རང་བཞིན་གྱི་ཐབས་ཇུས་གང་བྱུང་མངོན་འགྱུར་བྱེད་ཐུབ་པ་དེ་ཡིན་ནོ།། ཐུན་མོང་རིང་ལུགས་ཀྱི་ལེགས་ཆ་ནི་གནོད་འཚེ་བྱུང་བའི་གནས་བབ་འོག་ནས་ལྷག་པར་མངོན་སུམ་ཡིན། ཐུན་མོང་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཅིག་པུ་ལ་དབང་བ་ཞིག་མིན། དཔེར་ན། གྲུ་གཟེངས་ཆེན་པོ་དོན་རྐྱེན་བྱུང་ཚེ་སྤྱིའི་ལུགས་ལྟར་ན་རྒན་རྒོན་དང་། བུད་མེད། ཕྲུ་གུ་བཅས་སྔོན་ལ་སྲོག་སྐྱོབ་གྲུ་གཟིངས་སྟེང་དུ་སྐྱེལ་བ(འདི་ནི་ཐུན་མོང་གི་ཁེ་ཕན་དང་མཐུན་ཤས་ཆེ)དང་། ཉི་ཧོང་གིས་ཐུན་མོང་གི་ཆེད་དུ་རང་ཉིད་བློས་གཏོང་བའི་དཔའ་རྟུལ་གྱི་བསམ་བློ་ལ་ཡི་རེངས་བྱེད་པ་སོགས་ཡང་ཐུན་མོང་རིང་ལུགས་ཀྱི་འདུ་ཤེས་ལ་འབྲེལ་བ་དམ་པོར་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཁ་ཤས་ཁྲོད་དུ། ཐུན་མོང་རིང་ལུགས་ཀྱི་གོང་དུ་བཙུགས་པའི་དཔལ་འབྱོར་སྒྲིག་སྲོལ་ལག་བསྟར་བྱེད་བཞིན་ཡོད་དེ། ཐོན་སྐྱེད་རྒྱུ་ཆ་ཡོད་ཚད་སྲིད་གཞུང་གིས་ཚོད་འཛིན་བྱེད་པ་དང་། སྲིད་གཞུང་གིས་འཆར་གཞི་ལྟར་མི་རེ་རེའི་ལས་ཀ་དང་ཐོན་ཚད་བཀོད་སྒྲིག་བྱེད་པ། མི་ཚང་མའི་འཚོ་བའི་མཁོ་ཆས་བགོ་བཤའ་རྒྱག་པ། བྱེ་བྲག་མི་སྒེར་ནི་ཐུན་མོང་གི་ཆེད་དུ་ལས་ཀ་བྱེད་པ་བཅས་ཡིན་པས། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་ལུགས་དང་མི་མཐུན་པའི་དབུལ་ཕྱུག་ཧེ་བག་དང་གྲལ་རིམ་བར་གྱི་ཧེ་བག་བྱུང་མེད་དོ།།

 

ཐུན་མོང་རིང་ལུགས་ཀྱི་གཞོལ་ཐབས་མེད་པའི་སྐྱོན་ཆ།

ཐུན་མོང་རིང་ལུགས་ཀྱི་ནུས་པ་ཐོན་མིན་སྤྱིར་བཤད་ན་འགོ་ཁྲིད་རིམ་པ་དང་བྱེ་བྲག་གི་མི་སྒེར་ཐམས་ཅད་ལ་ཐུན་མོང་གི་སྙིང་སྟོབས་ཡོད་མེད་དང་། མི་སྒེར་རེ་རེ་ལ་སྒེར་སེམས་ཡོད་མེད། ཀུན་བྱམས་ཀྱི་འདུ་ཤེས་ཡོད་མེད་ལ་ཐད་ཀར་རག་ལས་པ་ཡིན། འདི་ནི་ཐུན་མོང་རིང་ལུགས་ཀྱི་སྐྱོན་ཆ་ཡིན་ནོ།། རྒྱུ་མཚན་ནི་མི་སུ་ཡིན་རུང་སྒེར་སེམས་ཡོད་སྲིད་ལ། ལས་ཀ་དངོས་སུ་ཞུགས་ནས་ལས་གནས་གདམ་གསེས་བྱེད་པ་དང་བགོ་བྱ་རྒྱག་སྐབས་སྒེར་སེམས་མངོན་སླ་བ་རེད།

ཐུན་མོང་རིང་ལུགས་འཛིན་མཁན་དག་གིས་མི་སྒེར་གྱིས་ཐུན་མོང་ལ་བརྩི་བཀུར་བྱེད་དགོས་པ་དང་། ཐུན་མོང་གི་ཁེ་ཕན་ནི་མི་སྒེར་གྱི་ཁེ་ཕན་ལས་གལ་ཆེ་བའི་འདོད་ཚུལ་འཛིན་གྱི་ཡོད། ཡིན་ནའང་ཐུན་མོང་གི་ཚོགས་སྤྱི་ཞིག་ཆགས་ན་ངེས་པར་དུ་ཐུན་མོང་ནང་ཁུལ་ལ་འགོ་ཁྲིད་རིམ་པ་དང་འགོ་ཁྲིད་མ་ཡིན་པའི་རིམ་པ་ཆགས་སྲིད་ལ། ཐུན་མོང་ནང་ཁུལ་གྱི་མི་སྒེར་སོ་སོ་བར་ལ་འདྲ་མཉམ་མིན་པའི་གནས་ཚུལ་བྱུང་སྲིད། འདྲ་མཉམ་མིན་པའི་གནས་ཚུལ་དེ་འདྲའི་འོག ཐུན་མོང་རིང་ལུགས་ནི་སྟོང་བསམ་གྱི་ཕུགས་འདུན་ཞིག་ཡིན་པ་རེད། རྒྱུ་མཚན་ནི་གཤམ་ལྟར།

ཐུན་མོང་རིང་ལུགས་ཀྱི་གཏན་ཚིགས་རིག་པའི་སྐྱོན་ཆ་ནི། “ཐུན་མོང་གི་ཁེ་ཕན་བླ་ན་མེད་པ”ཡིན་པའི་བླང་བྱ་བཏོན་པས་ན། ངེས་པར་དུ“ཐུན་མོང”གི་ཁྱབ་ཁོངས་གཏན་འཁེལ་བྱ་དགོས་ཤིང་། “ཐུན་མོང”གི་དམིགས་ཡུལ་དེ་དང་མི་མཐུན་པའི་རིགས་ནི་དགྲ་བོར་ངོས་འཛིན་ཀྱིན་ཡོད། དེ་བས་ཐུན་མོང་ནང་ཁུལ་གྱི་མི་སྒེར་རྣམས་མཆོག་དམན་དུ་བགོས་པར་མ་ཟད། མཆོག་དམན་གྱི་དབྱེ་རིམ་བྱུང་བ་དེ་ཐུན་མོང་གི་མཐུན་སྒྲིལ་ལ་གནོད་པའི་རྐྱེན་དུ་གྱུར་ཡོད། དེར་བརྟེན་ཐུན་མོང་རིང་ལུགས་པར་རྒྱལ་སྤྱིའི་རིང་ལུགས་ཀྱི་མིག་རྒྱང་ངོ་མ་ཡོད་མི་སྲིད་ལ། མི་ཆོས་རིང་ལུགས་ཀྱི་བྱམས་སེམས་ངོ་མ་ཡང་ཡོད་མི་སྲིད། ཀུན་སྤྱོད་ནིརང་ཉིད་ཀྱི་སྒེར་ཚུགས་ཐུབ་པའི་བསམ་པ་ལ་འགན་འཁུར་བ་ལས་བྱུང་བ་ཡིན་པས། ཐུན་མོང་རིང་ལུགས་ཀྱི་ཁྲོད་དུ་མི་སྒེར་གྱི་རང་དབང་འདེམས་གསེས་ཀྱི་དབང་ཆ་ཤོར་བས་ན། རང་གིས་རང་ཉིད་ཀྱི་བསམ་པ་ལ་འགན་ཁུར་བའི་ནུས་པ་ཤོར་ཟིན། དེ་བས་མི་སྒེར་རིང་ལུགས་མེད་ན་སྤྱི་ཚོགས་ཐོག་རང་ཚུགས་ཐུབ་པའི་མི་བུ་གཏན་ནས་ཡོད་མི་སྲིད།

 

ཟུར་ལྟའི་དཔྱད་གཞི།

དབྱིན་ཇིའི་རྩོམ་པ་པོ་ཧོ་པོ་ཐེ་ཆའོ་ཀྲི་·ཝེར་སི་དང་གླེང་མོལ་བྱས་པ། Joseph · Stalin

སྤྱི་ཚོགས་ལས་བགོས་སྨྲ་བ།(De la Division du travail social,1893)

དབུས་མཛེས་མི་སེར་རྒྱལ་ཁབ་གྱི་ཝེ་ཁེ་རིག་མཛོད་ཁྲོད་ཀྱི་ཐུན་མོང་རིང་ལུགས་ཀྱི་དྲ་ངོས། {繁体中文维基百科|集体主义}