དབྱིན་སྐད་དུ། liberalism

རྒྱ་ནག་སྐད་དུ། 自由主义

བོད་སྐད་དུ་རང་དབང་རིང་ལུགས་ཞེས་བྱ་བ།

 

རང་དབང་རིང་ལུགས་ཀྱི་ཡངས་དོག་གཉིས་ཀྱི་གོ་དོན།

མཆན། སྤྱིར་རྒྱལ་པང་དུ་ལོ་ཙཱ་ལས་ཁུངས་སོགས་ཀྱིས་མིང་བརྡའི་གོ་དོན་ལ་འགྱུར་བ་གཏོང་ཆེད་དུ། རང་དབང་ལ་རང་མོས་ལྟར་དུ་བསྒྱུར་བ་མང་མོད། འོན་ཀྱང་ཞིབ་མོར་བོད་ཡིག་གི་གོ་དོན་ལ་བསམ་ན་རང་མོས་དང་རང་དབང་གཉིས་ཀ་ཁ་ཁ་སོ་སོ་ཡིན་པས། འདིར་ལོ་ཙཱ་བྱེད་པའི་སྲོག་ཤིང་ཐ་སྙད་ལ་རང་དབང་ལྟར་དུ་བསྒྱུར་བ་དང་། དེ་མཚུངས་སུ་རང་མོས་རང་ལུགས་ཞེས་བའི་མིང་བརྡ་འདི་རང་དབང་རང་ལུགས་ལྟར་དུ་བསྒྱུར་ཡོད།

རང་དབང་རིང་ལུགས་ནི་འགྲོ་བ་མིའི་སྤྱི་ཚོགས་སུ་དར་བའི་འདུ་ཤེས་འཛིན་སྟངས་དང་མཚན་ཉིད་རིག་པའི་རིགས་ཞིག་ཡིན་ཞིང་། རང་དབང་གི་ལྟ་བ་ཆབ་སྲིད་ཀྱི་རིན་ཐང་གཙོ་བོར་འཛིན་པའི་བསམ་བློའི་གྲུབ་མཐའ་རབ་དང་རིམ་པ་འགས་གྲུབ་ཡོད། དེའི་ཁྱད་ཆོས་ནི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། མིའི་རིགས་ཀྱི་རང་གཤིས་བཟང་པོར་ཡིད་ཆེས་པ། མི་སྒེར་གྱི་རང་སྐྱོང་དབང་ཆར་བརྩི་བཀུར་བྱེད་པ་བཅས་ཡིན་ལ། སྲིད་དབང་གིས་མི་སྒེར་ལ་ཚོད་འཛིན་ཉུང་དགོས་པ་དང་ཚོད་འཛིན་མེད་པར་གཏོང་་འདོད་བའི་ལྟ་ཚུལ་འཛིན་གྱི་ཡོད། ཁྱབ་རྒྱ་ཆེ་བའི་སྒོ་ནས་བཤད་ན། རང་དབང་རིང་ལུགས་ཀྱིས་མི་སྒེར་གྱི་བསམ་བློའི་རང་དབང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་དོན་གཉེར་བྱེད་པ་དང་། བཅའ་ཁྲིམས་ལ་བརྟེན་ནས་སྲིད་གཞུང་གིས་དབང་ཆ་ལ་ཚོད་འཛིན་བྱེད་པ། རང་དབང་ཉོ་ཚོང་གི་འདུ་ཤེས་ལ་བརྩི་སྲུང་བྱེད་པ། སྒེར་གྱི་ཁེ་ལས་ཀྱི་ཚོང་རའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ། ཕྱི་གསལ་ནང་གསལ་གྱི་ཆབ་སྲིད་སྒྲིག་སྲོལ་ལ་བརྟེན་ནས་སྤྱི་དམངས་ཚང་མའི་ཁེ་དབང་འགན་སྲུང་བྱེད་པར་འབད་པ་བྱེད་ཀྱིན་ཡོད།

དེང་རབས་ཀྱི་སྤྱི་ཚོགས་སུ། རང་དབང་རིང་ལུགས་པས་དམངས་གཙོ་སྤྱི་མཐུན་ལམ་ལུགས་སམ། ཡང་ན་རྒྱལ་དབང་ཁྲིམས་བསྡམ་གྱི་ལམ་ལུགས་སྒྲོམ་གཞི་བྱས་པའི་རང་དབང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། དམངས་གཙོ་ལམ་ལུགས་དེ་དག་ལ་བསམ་རྒྱ་ཡངས་ཤིང་དྲང་གཞག་ཡིན་པའི་འདེམས་བསྐོའི་ལམ་ལུགས་ཡོད་པས། སྤྱི་དམངས་ཚང་མར་སྲིད་ཞུགས་དབང་ཆ་འདྲ་མཉམ་ཡོད་དོ།། རང་དབང་རིང་ལུགས་པས་སྔ་དུས་ཀྱི་གཙོ་རྒྱུན་ཆབ་སྲིད་ཀྱི་སྒྲོམ་གཞིའམ་གཞུང་ལུགས་མང་པོ་དཔེར་ན་རྒྱལ་དབང་ལྷས་བསྩལ་གཞུང་ལུགས་དང་། རྒྱུད་འཛིན་ལམ་ལུགས། རྒྱལ་ཆོས་ཟུང་འབྲེལ་ལམ་ལུགས་སོགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། ལྟ་གྲུབ་འདིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་འདོད་ཚུལ་ལ་ཚེ་སྲོག་གི་དབང་ཆ་དང་། རང་དབང་གི་དབང་ཆ། རྒྱུ་ནོར་གྱི་དབང་ཆ་སོགས་ལ་སྲུང་སྐྱོབ་བྱེད་པ་སོགས་འདུས་ཡོད། རྒྱལ་ཁབ་མང་པོ་ཞིག་ཏུ། ལྟ་ཚུལ་མི་འདྲ་བ་ཡོད་པའི་རང་དབང་རིང་ལུགས་པས་འདོད་ཚུལ་ལ་སྲིད་གཞུང་ལ་ཁ་གཡར་ནས་འབྱོར་ཕྱུག་རིམ་གྲས་ཀྱི་ཁྲལ་རིགས་སྔར་ལས་མང་བ་འཐེན་ཏེ། འབངས་མི་རྣམས་ཀྱི་སྤྱི་ཚོགས་ཕན་བདེ་སྔར་ལས་མང་བ་མཁོ་འདོན་བྱེད་དགོས་པ་དང་། སྔར་ལས་འདྲ་མཉམ་དང་དྲང་གཞག འབྱོར་ཕྱུག་དང་སྙོམས་ཡིན་པའི་སྤྱི་ཚོགས་གསར་དུ་བསྐྲུན་ན་གཞི་ནས་རང་དབང་ཐོབ་པར་བརྩོན་ལེན་བྱེད་ཀྱིན་ཡོད། དེར་“སྤྱི་ཚོགས་རང་དབང་རིང་ལུགས”ཞེས་ཟེར་ལ། “ཡར་ཐོན་རང་དབང་རིང་ལུགས”དང་། “ཕན་བདེའི་རང་དབང་རིང་ལུགས”སམ་ཡང་ན་“དེང་རབས་ཀྱི་རང་དབང་རིང་ལུགས”ཟེར་ནས་གཡོན་རུ་ཕྱོགས་ཁག་ལ་གྱུར་བ་དང་། དང་ཐོག་གི་དཔལ་འབྱོར་རང་དབང་རིང་ལུགས་དེ་ད་ལྟ་བག་འཁུམས་རིང་ལུགས་དང་གཡས་རུ་ཕྱོགས་ཁག་ཏུ་གྱུར་པ་རེད།

རང་དབང་རིང་ལུགས་དེ་བློ་འབྱེད་དུས་སྐབས་སུ་རྩ་བ་ཚུགས་པ་དང་། ད་ལྟར”རང་དབང་རིང་ལུགས”ཞེས་པའི་ཐ་སྙད་དེར་ཆབ་སྲིད་ཀྱི་བསམ་བློའི་ལྟ་གྲུབ་མི་འདྲ་བ་མང་པོ་འདུས་ཡོད་ཅིང་། ཆེས་དང་ཐོག་གི་དབུ་མའི་ལས་ཕྱོགས་ནས་ད་ལྟ་གཡོན་རུ་ཕྱོགས་ཁག་ནས་གཡས་རུ་ཕྱོགས་ཁག་བར་རིམ་འགྱུར་བྱུང་བ་དང་། རྒྱབ་སྐྱོར་བྱེད་མཁན་གྱི་ཆབ་སྲིད་ལས་ཕྱོགས་ཀྱི་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡོད་ཅིང་། གཙོ་བོ་གཡོན་རུ་ཕྱོགས་ཁག་གི་སྤྱི་ཚོགས་རང་དབང་རིང་ལུགས་དང་གཡས་རུ་ཕྱོགས་ཁག་གི་དཔལ་འབྱོར་རང་དབང་རིང་ལུགས་ཡིན་པ་དང་། ད་དུང་མི་སྒེར་གྱི་རང་དབང་གི་དབང་ཆ་གཙོ་བོར་བཟུང་ཡོད་པའི་རང་དབང་འདོད་བློ་རིང་ལུགས་སུ་གྱུར་པ་རེད།

 

རང་དབང་རིང་ལུགས་ཀྱི་ཐ་སྙད་ལ་དཔྱད་པ།

དབྱིན་ཡིག“རང་དབང་”(liberty)ཞེས་པའི་ཐ་སྙད་ནི་ཆེས་ཐོག་མར་ལ་ཏིང་ཡི་གེའི་liberནས་བྱུང་བ་ཡིན། ཏི་ཐུའོ་·ལི་ཝེ་ཡིས་ཁོའི་བརྩམས་ཆོས་ཆེན་པོ་《རོ་མའི་ལོ་རྒྱུས་》ཞེས་པའི་ནང་དུ་རོ་མའི་མི་སེར་དཀྱུས་མའི་གྲལ་རིམ་གྱིས་སྐུ་དྲག་གྲལ་རིམ་ལ་རང་དབང་བརྩོན་ལེན་བྱེད་པའི་འཐབ་རྩོད་ཀྱི་བྱ་སྤྱོད་ཞིབ་བརྗོད་བྱས་ཡོད། མར་ཁོ་སི་·ཨའོ་ལེ་ལི་ཝུའུ་སིས་ཁོའི་《བསམ་བློའི་སྐོར་བཀོད་པ་》ཞེས་པའི་དེབ་དེའི་ནང་དུ་“……ཆབ་སྲིད་ཐོག་དབང་ཆ་འདྲ་མཉམ་དང་གཏམ་བརྗོད་རང་དབང་གཅིག་འདྲ་ཡོད་དགོས་འདོད་པའི་བསམ་བློ་ཞིག་དང་། དེ་བཞིན་རང་དབང་ཆབ་སྲིད་ལ་བརྩི་འཇོག་བྱེད་པའི་སྲིད་གཞུང་ཞིག”……ཞེས་འཁོད་ཡོད་མོད། འོན་ཀྱང་འཕེལ་རྒྱས་དེ་དུས་ཡུན་རིང་བའི་དུས་རབས་བར་མའི་ནང་ཚང་མར་མཚམས་ཆད་ཅིང་། དབྱི་ཐ་ལི་ནས་རིག་རྩལ་བསྐྱར་དར་གྱིས་རང་དབང་བརྩོན་ལེན་བྱེད་སྐབས་རང་དབང་གི་འཐབ་རྩོད་དེ་སླར་ཡང་འགོ་ཚུགས་པ་དང་། རང་དབང་གྲོང་ཁྱེར་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཆོས་ལུགས་དབང་ཆ་ལ་རྒྱབ་སྐྱོར་བྱེད་མཁན་བར་གདོང་གཏུག་བྱུང་བ་རེད། ཉི་ཁོ་རོ་·མ་ཅི་ཡ་ཝེ་ལི་ཡིས་ཁོའི《ལི་ཝེའི་སྐོར་གླེང་བ་》ཞེས་པའི་དེབ་དེའི་ནང་སྤྱི་མཐུན་ལམ་ལུགས་ཀྱི་སྲིད་གཞུང་གི་རྩ་དོན་རྒྱས་བཤད་བྱས་ཡོད། དབྱིན་ཇིའི་ཡུའེ་ཧན་ལོ་ཁེ་དང་ཧྥ་རན་སིའི་བློ་སྒོ་འབྱེད་པའི་ལས་འགུལ་གྱི་བསམ་བློ་བ་རྣམས་ཀྱི་གསུང་ཆེན་ཁྲོད་དུ་ཡང་རང་དབང་གི་དབང་ཆ་བརྩོན་ལེན་བྱེད་པའི་འཐབ་རྩོད་འདི་ལྟ་བུ་རྒྱས་བཤད་བྱས་ཡོད།

《ཨོ་ཁུ་ཟི་ཧྥོ་ཏྲི་དབྱིན་ཡིག་ཚིག་མཛོད》ནང་“རང་དབང”(liberal)ཞེས་པའི་ཐ་སྙད་དེ་དབྱིན་ཡིག་ཁྲོད་དུ་ཡུན་རིང་གནས་ཡོད་པ་དང་། དེའི་ནང་དོན་ནི་“མཆོག་ཏུ་གྱུར་ཅིང་གཏོང་ཕོད་ཆེ་བའི་རང་དབང་མི་”དང་། དེ་བཞིན་རིག་ཚན་(Liberalarts)ཞེས་པའི་ཐ་སྙད་ཀྱིས་“གཉའ་གནོན་མྱོང་མི་དགོས་པའི་གཏམ་བརྗོད་དང་བྱ་སྤྱོད་རང་དབང་”མཚོན་གྱི་ཡོད། ཐ་སྙད་འདི1776ལོ་ནས1788ལོའི་བར་ཅི་པིན་སོགས་ཀྱི་བཀོལ་སྤྱོད་བྱེད་མཐར་“བཟོད་སྒོམ་དང་མཐོང་ཆུང་མི་བྱེད་པའི་རང་དབང་”བྱེད་པའི་དོན་དུ་གྱུར་ཡོད།

ཨ་རིའི་རང་བཙན་དམག་འཁྲུག་གིས་ཨ་རིའི་རྩ་ཁྲིམས་ཆེས་མགོ་མ་ཆ་ཚང་གཏན་ལ་ཕབ་པ་དང་། ལྷག་པར་དུ་སྲིད་གཞུང་ནི་མི་དམངས་ཀྱིས་རྒྱབ་སྐྱོར་འོག་གཞུང་དོན་དོ་དམ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། ཧྥ་རན་སིའི་གསར་བརྗེ་ཆེན་པོའི་ནང་ཞི་འཇམ་གྱི་འབྱོར་ལྡན་གྲལ་རིམ་པས་ཀྱང་རང་དབང་གི་གོ་དོན་དང་རྩ་བའི་ལྟ་གྲུབ་སྤྱད་ནས་སྲིད་གཞུང་ཞིག་འཛུགས་རྩིས་བྱས་པ་རེད། དཔལ་འབྱོར་རིག་པ་བ་དཔེར་ན་ཨ་ཏམ · སི་སྨིས་རང་གི་རྒྱལ་ཁབ་ཕྱུག་འགྱུར་སྨྲ་བ་(1776)ཞེས་པའི་དེབ་དེའི་ནང་རང་དབང་ཉོ་ཚོང་གི་རྩ་དོན་རྒྱས་བཤད་བྱས་ཡོད། རང་དབང་རིང་ལུགས་ཀྱི་སི་པན་སྐད་“Liberales”ཆེས་ཐོག་མར1812ལོར་བྱུང་བ་དང་། སྐབས་དེར་སི་པན་རང་དབང་ཏང་གིས་ཐ་སྙད་དེ་སྤྱད་ནས་ཁོ་ཚོས་ཁྲིམས་འཛུགས་སྲིད་གཞུང་ལ་སྐུལ་འདེད་གཏོང་བར་འུད་བསྟོད་བྱས་པ་རེད། 1816ལོར་དབྱིན་ཇིའི་ཐུའོ་ལི་ཏང་ཤོག་པས་ཐོག་མར་མཐོང་ཆུང་གི་བཤད་སྟངས་སྤྱད་ནས་“རང་དབང་རིང་ལུགས”ཞེས་པའི་ཐ་སྙད་ལ་དམའ་འབེབས་བྱས་པ་རེད། 1822ལོར་དབྱིན་ཇིའི་རྩོམ་རིག་མཁས་ཅན་དང་སྙན་ངག་པ་པའེ་ལུན་དང་ཞུའེ་ལའེ་སོགས་ཀྱིས་མིང་ལ《རང་དབང་རིང་ལུགས》ཞེས་པའི་དུས་དེབ་གཉེར་མོད། འོན་ཀྱང་ཤུགས་རྐྱེན་ཧ་ཅང་ཆུང་། དུས་རབས་བཅུ་དགུ་པའི་ལོ་རབས་སུམ་བཅུ་བར་“རང་དབང་རིང་ལུགས་”དེ་གཞི་ནས་རྒྱ་ཁྱབ་ཏུ་སྤྱོད་ཀྱི་ཡོད། “རང་དབང་རིང་ལུགས”ཞེས་པའི་ཐ་སྙད་དེ་དུས་རབས་བཅུ་དགུ་པའི་དུས་འགོར་གཞི་ནས་བྱུང་བ་ཡིན་རུང་། དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་སླེབས་སྐབས་ད་གཟོད་གཞི་ནས་ཀུན་ཁྱབ་ཏུ་དང་ལེན་བྱས་མོད། སྤྱིར་བཤད་ན། རང་དབང་རིང་ལུགས་དེ་མིའི་རིགས་ཀྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཤིག་ཡིན་པའི་ཆ་ནས་ལོ་རྒྱུས་དེ་བས་རིང་བ་ཡོད།

དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་སླེབས་སྐབས། དབུ་མའི་ལྟ་བ་གཙོ་བོར་བྱས་པའི་རང་དབང་རིང་ལུགས་ནི། གཡས་རུ་བག་འཁུམ་རིང་ལུགས་དང་གཡོན་རུ་སྤྱི་ཚོགས་རིང་ལུགས་དང་མཉམ་དུ། འབྱོར་ཕྱུག་རྒྱལ་ཁབ་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་གལ་ཆེ་ཤོས་སུ་གྱུར་ཡོད།

 

རང་དབང་རིང་ལུགས་པའི་ངོས་འཛིན་གཅིག་མཐུན་དང་མི་མཐུན་ས།

དང་པོ། རང་དབང་རིང་ལུགས་པ་མང་ཆེ་བས་ཡིད་མཐུན་བྱས་པའི་རྩ་དོན་ནི།

1 ཆབ་སྲིད་རང་དབང་རིང་ལུགས་ཀྱིས་མི་སྒེར་ནི་སྤྱི་ཚོགས་དང་བཅའ་ཁྲིམས་ཀྱི་རྨང་གཞི་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། སྤྱི་ཚོགས་དང་ལམ་ལུགས་གནས་པ་ནི་མི་སྒེར་གྱི་བདེ་སྐྱིད་འཚོལ་འདོད་ཀྱི་དམིགས་ཡུལ་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་ལས། སྤྱི་ཚོགས་ཀྱི་གོ་གནས་མཐོ་པོ་འཛིན་མཁན་དག་ལ་ཕྱོགས་ཞེན་བྱེད་ཀྱིན་མེད། ༼རྩ་ཁྲིམས་ཆེན་པོ༽ནི་མི་སྒེར་གྱི་ཁེ་དབང་ཁྱབ་བསྒྲགས་བྱས་པའི་ཆབ་སྲིད་ཀྱི་ཡིག་ཆ་ཞིག་ཡིན་ལ། ཡིག་ཆ་དེ་ཡི་གོ་གནས་ནི་རྒྱལ་བོའི་གཏན་འབེབ་གནང་བའི་ཡིག་ཆ་གཞན་དག་ལས་ནུབ་ཕྱོགས་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རང་དབང་རིང་ལུགས་ཀྱིས་དབང་སྒྱུར་མཁན་དང་དབང་སྒྱུར་བྱ་ཡུལ་བར་གྱི་སྤྱི་ཚོགས་གན་རྒྱ་ནི་ལྟ་གྲུབ་འདིའི་སྲོག་ཤིང་ལྟ་བུར་གྱུར་ཡོད་ལ། སྤྱི་བྱིངས་གན་རྒྱའི་འོག་སྤྱི་དམངས་ཀྱིས་བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་དེ་ལ་མ་གྲོས་གཅིག་མཐུན་གྱིས་བརྩི་སྲུང་བྱེད་ཀྱིན་ཡོད་པར་འདོད། ལྟ་བའི་འདི་ནི་མི་སྒེར་གྱིས་རང་ཉིད་ལ་ཕན་ཐོགས་ཆེ་ཤོས་ཀྱི་བྱ་སྤྱོད་སྤེལ་བར་ཡིད་ཆེས་བྱེད་པའི་གཞི་རྩའི་ཐོག་ནས་བྱུང་བ་ཡིན། ལུས་རྟེན་དང་། རིགས་རྒྱུད་དང་། དཔལ་འབྱོར་གྱི་གནས་ཚུལ་སོགས་ལ་མི་དམིགས་པར་། ཆབ་སྲིད་རང་དབང་རིང་ལུགས་ཀྱིས་དར་མའི་སྤྱི་དམངས་ཡོངས་ལ་འདེམས་བསྐོའི་དབང་ཆ་གནང་བ་དང་། ཆབ་སྲིད་རང་དབང་རིང་ལུགས་ཀྱིས་ཁྲིམས་སྐྱོང་སྲིད་དོན་སྤེལ་བའི་བྱེད་ཐབས་གཙོ་བོར་འཛིན་པ་དང་། རྟག་པར་རང་དབང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་ཡོད།

2 རིག་གནས་རང་དབང་རིང་ལུགས་ཀྱིས་མི་སྒེར་གྱི་ཀུན་སྤྱོད་ལྟ་བ་དང་འཚོ་བ་སྐྱེལ་སྟངས་ཐད་ཀྱི་དབང་ཆ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། དཔེར་ན་ཆགས་སྤྱོད་རང་དབང་དང་། དད་མོས་རང་དབང། ཤེས་རྟོགས་རང་དབང་སོགས་གཙོ་བོ་ཡིན་པར་འདོད་ཀྱིན་ཡོད། ནམ་རྒྱུ་ན་འཚོ་བའི་ཁྲོད་དུ་སྲིད་གཞུང་གིས་སྒེར་གྱི་འཚོ་བར་གནོད་འཚེ་མི་གཏོང་པར་སྲུང་སྐྱོང་བྱེད་ཀྱིན་ཡོད། ཡུའེ་ཧན·སི་ཐུའུ་ཐེ·སྨིར་གྱིས་ཁོང་གི་དཔྱད་རྩོམ་ཁྲོད། “རང་ཉིད་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་ཁོ་ནའི་འོག མི་སྒེར་རམ་ཚོགས་སྤྱི་ཡིས་ད་གཟོད་མིའི་རིགས་གཞན་དག་གི་རང་དབང་བྱ་སྤྱོད་ལ་ཐེ་གཏོགས་བྱེད་ཐུབ། མི་གཞན་ལ་གནོད་འཚེ་གཏོང་བར་བཀག་འགོག་བྱེད་པའི་དམིགས་ཡུལ་འོག ད་གཟོད་ཚུལ་ལྡན་གང་ཟག་སུ་ཡིན་རུང་རང་རང་གི་རང་དབང་འདོད་བློ་ལ་སྲུང་སྐྱོབ་བྱེད་ཐུབ།”ཞེས་འཁོད་ཡོད། རིག་གནས་རང་དབང་རིང་ལུགས་ཀྱིས་རྒྱུན་དུ་རྩོམ་རིག་དང་སྒྱུ་རྩལ། རིག་གཞུང་། རྒྱན་འཛུགས། ཆགས་སྤྱོད། སྨད་འཚོང་། མཚན་མཐུན་དགའ་རོགས། ཕྲུ་གུ་གཏོང་བ། ཕྲུ་གུ་སྐྱེ་བ། ཆང་། སོ་མ་ར་ཙ་བཅས་དང་དུག་རྫས་གཞན་དག་སོགས་སྲིད་གཞུང་གིས་ཚོད་འཛིན་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། རང་དབང་རིང་ལུགས་པ་མང་ཆེ་བས་སྲིད་གཞུང་གིས་གོང་སྨྲ་དེ་དག་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད་མོད། འོན་ཀྱང་སྲིད་གཞུང་གིས་གུ་ཡངས་གཏོང་བ་དང་དུས་མཚུངས་སུ་རྩིས་སྤྲོད་དོ་དམ་བྱས་རུང་བར་འདོད་མཁན་ཡང་ཤིན་ཏུ་མང་། དཱ་ཁྲི་རྒྱལ་ཁབ་ནི་འདིའི་ཕྱོགས་ནས་འཛམ་གླིང་ཡོངས་ཀྱི་ཆེས་རང་དབང་དང་བཟོད་སྒོམ་བྱེད་ཀྱིན་པའི་རྒྱལ་ཁབ་ལ་བརྩིས་ཆོག

གཉིས་པ། རང་དབང་རིང་ལུགས་ཀྱི་ནང་དུ་ལྟ་བ་མི་མཐུན་པ་ཁ་ཤས་ཡོད་དེ།

དཔལ་འབྱོར་རང་དབང་རིང་ལུགས་ནི་སྒེར་གྱི་རྒྱུ་ནོར་ཁས་ལེན་པ་དང་གན་རྒྱའི་རང་དབང་དབང་ཆར་རྒྱབ་སྐྱོར་བྱེད་པའི་འདུ་ཤེས་འཛིན་སྟངས་ཤིག་རེད། དཔལ་འབྱོར་རང་དབང་རིང་ལུགས་ཀྱི་སྦྱར་ཡིག་དེ་ནི“རང་དབང་ཁེ་ལས་”ཞེས་པ་དེ་རེད་ལ། རང་དབང་རྒྱ་ཡན་དུ་གཏོང་བའི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ་དེ་ཐོག་ནས་ཚོང་ལས་བྱེད་པར་གནོད་པའི་བཅའ་ཁྲིམས་འགོག་རྐྱེན་སེལ་དགོས་པའི་འདོད་བློ་མཚོན་གྱིན་ཡོད། དཔེར་ན། ཉོ་ཚོང་གི་འགོག་རྐྱེན་དང་སྲིད་གཞུང་གིས་བསམ་བཟོས་ནས་བཟོས་པའི་སྒེར་སྡེམ་དང་ཚོང་ཟོག་ཁ་གསབ་ཀྱི་དམིགས་བསལ་དབང་ཆ་ལ་ངོ་རྒོལ་བྱེད་ཀྱིན་ཡོད། དཔལ་འབྱོར་རང་དབང་རིང་ལུགས་ཀྱིས་སྲིད་གཞུང་གིས་དཔལ་འབྱོར་ལ་དོ་དམ་བྱ་རྒྱུ་ཇི་ཙམ་ཉུང་དུ་སོང་ན་དེ་ཙམ་གྱིས་ཡག་ཏུ་འགྲོ་བའམ། ཡང་ན་དོ་དམ་བྱ་རྒྱུ་གཏན་ནས་མེད་པའི་རེ་བ་བཅིངས་ཡོད་ཅིང་། དཔལ་འབྱོར་རང་དབང་ཀྱི་ལྟ་བ་འཛིན་མཁན་མི་ཁ་ཤས་ཀྱིས་ཁྲོམ་རའི་ནང་གི་སྒེར་སྡེམ་དང་ཧམ་བཟུང་བྱུང་བ་ནི་སྲིད་གཞུང་གིས་བྱ་བ་སྒྲུབ་པ་ལས་བྱུང་བ་ཞིག་རེད་སྙམ་གྱི་ཡོད། དཔལ་འབྱོར་རང་དབང་རིང་ལུགས་པས་ཁྲོམ་རའི་ཐོན་རྫས་དང་ཞབས་ཞུའི་རིན་ཐང་དེ་མི་སོ་སོ་བས་རང་དབང་ཀྱིས་གདམ་ག་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། གསལ་པོར་བཤད་ན་དེ་ནི་ཚོང་རའི་སྟོབས་ཤུགས་རེད། སྲིད་གཞུང་གི་དབང་ཆ་ཆུང་དགོས་པ་དང་དང་སྲིད་གཞུང་མེད་པའི་མ་རྩ་རིང་ལུགས་གཉིས་ཀ་ནི་དཔལ་འབྱོར་རང་དབང་རིང་ལུགས་ཀྱི་རྣམ་པ་ཡིན་ནོ།།

 

རང་དབང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་འདོད་ཚུལ།

སྤྱི་ཚོགས་ཀྱི་རང་དབང་རིང་ལུགས་ལའང་ལེགས་བཅོས་རང་དབང་རིང་ལུགས་དང་རང་དབང་རིང་ལུགས་གསར་པ་(new liberalism) ཟེར་བ་དང་། རྒྱ་ཡིག་གིས་བསྒྱུར་མིང་གི“རང་དབང་རིང་ལུགས་གསར་པ”(neoliberalism)དང་སྙོག་འགྲོ་བར་དོ་སྣང་བྱེད་དགོས། རང་དབང་རིང་ལུགས་པ་ཁ་ཤས་ཀྱིས་མར་ཁེ་སིའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་བཤུ་གཞོག་གི་རིགས་པའི་གཞུང་ལུགས་ཆ་ཤས་སམ་ཡོངས་རྫོགས་དང་ལེན་བྱས་པ་དང་། “ཁེ་ཕན་གྱི་ཀུན་སློང་”ལ་སྐྱོན་བརྗོད་བྱས་པ་མ་ཟད། སྲིད་གཞུང་གིས་སྤྱི་སྤྱོད་དབང་ཆ་སྤྱད་ནས་སྤྱི་ཚོགས་གནད་དོན་ལེགས་བཅོས་བྱ་དགོས་སྙམ་གྱི་ཡོད། མི་སྒེར་ནི་སྤྱི་ཚོགས་ཀྱི་རྨང་གཞི་ཡིན་པས། མི་སྒེར་ཚང་མར་དམིགས་ཡུལ་མངོན་འགྱུར་བྱེད་པར་མཁོ་བའི་གཞི་རྩའི་ཆ་རྐྱེན་ཚང་དུ་བཅུག་དགོས་པ་དཔེར་ན། སློབ་གསོ་དང་། དཔལ་འབྱོར་གྱི་གོ་སྐབས། ཐག་གཅོད་བྱེད་ཐབས་མེད་པའི་གནོད་འཚེ་བཅས་བྱུང་སྐབས་ཀྱི་སྲུང་སྐྱོང་ཐོབ་པ་བཅས་ཀྱི་རོགས་འདེགས་བྱེད་དགོས་པ་དེའོ།། སྤྱི་ཚོགས་རང་དབང་རིང་ལུགས་ཀྱི་ངོས་ཐད་ནས་བཤད་ན། གོང་སྨྲས་ཀྱི་ཆ་རྐྱེན་གལ་ཆེན་དེ་དག་ཀྱང་དབང་ཆ་་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་དག་ལ་དགེ་མཚན་ལྡན་པའི་རང་དབང་གི་ཆ་རྐྱེན་གཙོ་བོ་ཟེར་ཞིང་། སྤྱི་ཚོགས་རང་དབང་རིང་ལུགས་པས་ཧུར་བརྩོན་གྱིས་མི་སྒེར་རང་དབང་ལ་འགན་སྲུང་བྱེད་པ་ནི་འགྲོ་བ་མིའི་དབང་ཆ་འགན་སྲུང་གི་གོ་རིམ་ངེས་ཅན་ཞིག་ཡིན་པར་འདོད། སློབ་གྲྭ་དང་། དཔེ་མཛོད་ཁང་། དངོས་བཤམས་ཁང་། དེ་བཞིན་མཛེས་རྩལ་ཁང་བཅས་ཀྱི་གཉེར་སྐྱོང་ལ་ངེས་པར་དུ་སྤྱི་ཚོགས་ཁྲལ་རིགས་ཀྱིས་འདེགས་སྐྱོར་བྱེད་དགོས་པ་དང་། ཡང་དུས་སྐབས་ཁྱད་པར་ཅན་གྱི་འོག་ནས། སྤྱི་ཚོགས་རང་དབང་རིང་ལུགས་ཀྱིས་ཀྱང་དཔལ་འབྱོར་འགྲན་རྩོད་ལ་སྲིད་གཞུང་གདོང་ལ་བུད་ནས་ཚོད་འཛིན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ་རེད་དེ། དཔེར་ན། སྒེར་སྡེམ་ངོ་རྒོལ་བཅའ་ཁྲིམས་དང་གླ་ཕོགས་གཏིང་རིམ་ཚོད་འཛིན་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ཅིང་། ཁོང་ཚོས་སྲིད་གཞུང་གིས་ངེས་པར་དུ་རྨང་གཞིའི་སྤྱི་ཚོགས་ཀྱི་ཕན་བདེའམ་སྤྱི་དམངས་བདེ་སྲུང་མཁོ་འདོན་བྱེད་དགོས་པ་མ་ཟད། ཁྲལ་རིགས་བསྡུས་ནས་ཕན་བདེའི་ལམ་ལུགས་དེ་དག་ལ་འདེགས་སྐྱོར་བྱས་ཏེ་མི་རྣམས་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་འདོན་སྤེལ་བྱེད་དགོས་པར་འདོད་ལ། ཞོར་དུ་དམངས་ཡོངས་ཀྱི་འདོད་བློ་མ་ཚིམ་པར་གསར་བརྗེ་ཐོན་པར་གཞོལ་ཀྱིན་ཡོད།

 

རང་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འདོད་ཚུལ།

བློ་འབྱེད་དུས་སྐབས་སྔ་མའི་བསམ་བློ་བ་ཚོས་རང་དབང་རིང་ལུགས་ནི་ཧྥ་རན་སིའི་གསར་བརྗེ་ཆེན་པོའི་སྔོན་གྱི་ཆབ་སྲིད་ལམ་ལུགས་རྙིང་པ་དང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས། ཚོང་ལས་གཙིགས་འཛིན་རིང་ལུགས། གནམ་བདག་ཆོས་ཚོགས་བཅས་དང་ཁ་གཏད་ཡིན་པར་འདོད། རྗེས་སུ་བྱུང་བའི་མཚན་ཉིད་རིག་པ་སྨྲ་བ་སྔར་ལས་མང་པོས་ཁོ་ཚོའི་བསམ་བློ་དེ་ཧྥ་རན་སིའི་གསར་བརྗེ་ཆེན་པོ་དང་དུས་རབས་བཅུ་དགུ་པའི་ལམ་ཕྱོགས་དང་འབྲེལ་ཞིང་། རང་དབང་རིང་ལུགས་ཀྱི་མཚན་ཉིད་དེ་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་དང་ཁ་གཏད་དུ་བཞག་མོད། འོན་ཀྱང་དེང་རབས་ཡོ་རོབ་གླིང་གི་རང་དབང་རིང་ལུགས་སྲིད་ཏང་གིས་ཀྱང་སྤྱི་ཚོགས་དམངས་གཙོའི་སྲིད་ཏང་དང་མནའ་འབྲེལ་བྱས་པ་མང་། དུས་རབས་ཉི་ཤུ་བའི་རང་དབང་རིང་ལུགས་འཛིན་མཁན་རྣམས་ཀྱིས་རང་དབང་རིང་ལུགས་ཀྱི་ལྟ་གྲུབ་དེ་དབང་སྡེམ་རིང་ལུགས་དང་ཐུན་མོང་རིང་ལུགས་ཀྱི་ལྡོག་ཕྱོགས་སུ་མཚན་ཉིད་བཞག་ཡོད། རང་དབང་རིང་ལུགས་པ་འགའ་ཞིག་གིས་ད་དུང་བར་སྡོད་དང་རང་དབང་ཉོ་ཚོང་ལ་དོ་སྣང་བྱེད་པའི་གནའ་གཞུང་གི་དྲང་བདེན་དམག་འཁྲུག་སྐོར་གཞུང་ལུགས་(just war theory)ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་མང་པོའི་བར་གྱི་ཐེ་གཏོགས་རིང་ལུགས་དང་ཐུན་མོང་གི་བདེ་འཇགས་སྲུང་སྐྱོར་བྱེད་ཕྱོགས་སྐོར་ལ་ཕྱོགས་ཀྱིན་ཡོད།

རང་དབང་རིང་ལུགས་པ་ཁག་གཅིག་གིས་སྲིད་གཞུང་གི་དབང་ཆར་ཚོད་འཛིན་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དཀྱིལ་གཞུང་གི་དབང་ཆ་གཅིག་སྡུད་བྱེད་པར་ངོ་རྒོལ་བྱེད་པའི་རང་དབང་རིང་ལུགས་སྨྲ་བ་ཆེས་ཐལ་ཆེ་བ་དཔེར་ན་ཧོ་པོ་ཐེ་·སི་པིན་སའེ་དང་། ཧྥུ་ལེ་ཏེ་ལི་ཁེ་·པ་སི་ཞ། ཀུའུ་སི་ཐ་ཧྥུ་·ཏེ་·མོ་ལི་ན་ལི་བཅས་ཀྱིས་རང་དབང་རིང་ལུགས་ནི་སྐབས་འགར་སྲིད་གཞུང་མེད་པའི་རིང་ལུགས་སམ་རང་དབང་འདོད་བློ་རིང་ལུགས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེང་རབས་རང་དབང་རིང་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་མང་ཆེ་བའི་འདོད་ཚུལ་ནི་མི་སྒེར་གྱི་ཁེ་དབང་སྲུང་སྐྱོང་བྱེད་ཆེད་སྲིད་གཞུང་གནས་པ་ནི་དགོས་ངེས་ཡིན་པ་དང་། ཐ་ན་སྲིད་གཞུང་གི་དབང་ཆ་རྒྱ་སྐྱེད་ཀྱང་གཏོང་དགོས་འདོད་ཀྱིན་ཡོད། ཉེ་ཆར་དབྱི་སི་ལན་ཆོས་ལུགས་ཀྱི་བསྟན་བཅོས་ནན་འཛིན་ཕྱོགས་ཁག་གིས་རང་དབང་རིང་ལུགས་ཡོངས་རྫོགས་ཟུར་འབུད་བྱས་ཟིན་པ་རེད། དེ་བས་ཆོས་ལུགས་བག་འཁུམ་རིང་ལུགས་ཀྱིས་ཀྱང་རངང་མོས་རིང་ལུགས་ཀྱི་འདོད་ཕྱོགས་ལ་མོས་མཐུན་ཡོད་མི་འདུག

 

རང་དབང་རིང་ལུགས་ཀྱིས་བཟོས་པའི་ཤུགས་རྐྱེན།

རང་དབང་རིང་ལུགས་ཀྱིས་དེང་རབས་འཛམ་གླིང་ལ་ཤུགས་རྐྱེན་ཧ་ཅང་ཟབ་མོ་ཐེབས་ཡོད། མི་སྒེར་གྱི་རང་དབང་དང་། མི་སྒེར་གྱི་ལ་རྒྱ། གཏམ་བརྗོད་རང་དབང། དད་མོས་དཀྱེལ་ཡངས། སྒེར་གྱི་རྒྱུ་ནོར། ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་། སྲིད་གཞུང་གི་གསལ་ཚད། སྲིད་གཞུང་གི་དབང་ཆ། མི་དམངས་ཀྱི་བདག་དབང་། རྒྱལ་ཁབ་ཀྱི་མི་རིགས་རང་ཐག་རང་གཅོད། སྒེར་གྱི་གསང་བ། བསམ་ཤེས་ལྡན་ལ་རྗེས་དཔག་གི་སྲིད་ཇུས་དང་ཁྲིམས་སྲོལ། གཞི་རྩའི་འདྲ་མཉམ། རང་དབང་ཉོ་ཚོང་སོགས་ཚང་མ་ནི་ལོ་ངོ་ཉིས་བརྒྱ་ལྔ་བཅུའི་རིང་ལ་རང་དབང་རིང་ལུགས་ཀྱི་གཞི་རྩའི་ཐ་སྙད་ཡིན། རང་དབང་དམངས་གཙོའི་ལམ་ལུགས་ནི་སྲིད་ཏང་མང་པོའི་ཆབ་སྲིད་ཀྱི་རྣམ་པ་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་པོས་བེད་སྤྱོད་བྱས་ཡོད། རང་ངོས་རིང་ལུགས་ཀྱི་ཕུགས་བསམ་ནི་རྟག་ཏུ་་དོན་དངོས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་རུང་། ད་ལྟ་རྒྱལ་ཁབ་མང་ཆེ་བས་རང་དབང་རིང་ལུགས་ཀྱི་ལྟ་གྲུབ་དེ་དག་སྲིད་ཇུས་ཀྱི་དམིགས་ཡུལ་དུ་འཛིན་པ་དང་ལེན་བྱེད་ཀྱི་ཡོད། དོན་སྤྱི་དེ་དག་ནི་རང་དབང་རིང་ལུགས་ཀྱི་དམིགས་ཡུལ་ཙམ་མིན་པར་སྤྱི་ཚོགས་དམངས་གཙོ་རིང་ལུགས་དང་། བག་འཁུམ་རིང་ལུགས། ཡེ་ཤུའི་ཆོས་ལུགས་ཀྱི་དམངས་གཙོ་རིང་ལུགས་བཅས་ཀྱི་དམིགས་ཡུལ་ཡང་རེད།

 

ཟུར་ལྟའི་ཡིག་ཆ།

  • Gross, Jonathan. Byron: the erotic liberal. Lanham: Rowman & Littlefield Publishers, Inc., 2001.
  • Michael Scott Christofferson “An Antitotalitarian History of the French Revolution: François Furet’s Penser la Révolution française in the Intellectual Politics of the Late 1970s” (in French Historical Studies, Fall 1999)
  • Piero Gobetti La Rivoluzione liberale. Saggio sulla lotta politica in Italia, Bologna, Rocca San Casciano, 1924
  • 林毓生:〈纯正自由主义之精髓〉(2009)
  • 刘擎:〈自由主义及其不满〉(2010)
  • 陈方正:〈自由主义在新世纪所面临的挑战〉。
  • 周保松:〈自由主义左翼的理念〉。
  • 周保松:〈经济不平等的道德基础──从两种自由主义的观点看〉。

དྲ་ཚིགས། https://www.politicalcompass.org/