དབྱིན་སྐད་དུ། conservatism

རྒྱ་ནག་སྐད་དུ། 保守主义

བོད་སྐད་དུ་བག་འཁུམ་རིང་ལུགས་བྱ་བ།

 

མཆན། སྤྱིར་རྒྱ་ནག་སྐད་དང་བོད་སྐད་གང་རུང་ནས་བཤད་ན་ཡང་བག་འཁུམ་བྱ་བ་ནི་རྙིང་ལེན་དང་ཚུལ་མིན་གྱི་དོན་ཞིག་འདུས་པ་ཡིན། འོན་ཀྱང་ཆབ་སྲིད་ཀྱི་ལྟ་གྲུབ་ཤོད་པའི་སྐབས་སུ། བག་འཁུམ་ནི་བཟང་ངན་མཆོག་དམན་གྱི་དབྱེ་བ་གང་ཡང་མེད་པའི་ཐ་སྙད་ཞིག་ཡིན་ནོ།། མ་ཟད་བག་འཁུམ་རིང་ལུགས་ལས་འདོད་པའི་ལྟ་བ་ཁ་ཤས་ནི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བའི་དགེ་རྩ་འཕེལ་བར་ཤན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད། སྤྱིར་བོད་སྐད་ཀྱི་སྒྲ་འདི་ལོ་རྒྱུས་ཀྱི་དབང་གིས་རྒྱ་ནག་ཡིག་ལ་བསྟུན་པ་ཤུགས་ཆེ་བས་མིང་དོན་གཉིས་མཚུངས་ཤིག་ལོ་ཙཱ་བྱེད་ཐུབ་མིན་འདུག རྗེས་མར་འདི་ལས་བཟང་བའི་ལོ་ཙཱའི་ཐ་སྙད་བྱུང་ན་རབ་ཡིན་ན་དེ་ལ་བསྟུན་ན་ལེགས་བསམ།

 

བག་འཁུམ་རིང་ལུགས་སྤྱི་བཤད།

བག་འཁུམ་རིང་ལུགས་ལ་བག་འཁུམ་ཕྱོགས་ཁག་ཀྱང་ཟེར་ཞིང་སྐད་ཁོངས་མི་འདྲ་བའམ་ཡང་ན་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ཁྲོད་དུ་གོ་དོན་མི་འདྲ་བ་རེ་ཡོད་མོད།འོན་ཀྱང་དེ་དག་ཚང་མར་ངོ་བོ་གཅིག་འདྲ་ཡོད་དེ། གང་ལེགས་ཤེ་ན། ད་ཡོད་ཀྱི་རིན་ཐང་ལྟ་ཚུལ་དང་སྤྱི་ཚོགས་གནས་བབ་ཀྱི་སྒྲིག་ལམ་གཙིགས་སུ་འཛིན་པའི་ཆབ་སྲིད་ཀྱི་མཚན་ཉིད་རིག་པ་ཞིག་རེད། བག་འཁུམ་རིང་ལུགས་ནི་སྤྱིར་བཏང་དུ་དྲག་རྒོལ་ཅན་གྱི་ལངས་ཕྱོགས་དང་ལྟ་བ་ལ་བལྟོས་ནས་དབྱེ་བ་འབྱེད་པ་ལས་སྤྱི་ཚོགས་ཡར་ཐོན་ཡིན་མིན་ལ་བལྟོས་ནས་བཤད་པ་ཞིག་མིན། བག་འཁུམ་རིང་ལུགས་ཀྱིས་ཡར་ཐོན་ལ་ངོ་རྒོལ་བྱེད་ཀྱི་མེད་པར། གསར་བརྗེ་རིང་བཞིན་ཅན་གྱི་ཡར་ཐོན་དང་གནས་བབ་མགོ་རྟོང་སློག་པར་ངོ་རྒོལ་བྱེད་པ་རེད། དེའི་ཁྱད་ཆོས་ནི་བཙུགས་ཟིན་པའི་སྒྲིག་སྲོལ་ལ་མཐོང་ཆེན་བྱེད་པ་དང་། སྔར་ཡོད་ལམ་ལུགས་དང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པའམ་ཡང་ན་ག་ལེར་ལེགས་བསྒྱུར་བྱེད་འདོད་པའི་ལྟ་བ་མཐའ་འཁྱོང་བྱེད་ཀྱིན་ཡོད་ལ། སྲོལ་རྒྱུན་དུས་རབས་ནང་དུ་བྱུང་བའི་མི་འདྲ་བའི་བློ་གྲོས་ལ་བརྩི་འཇོག་བྱེད་པ་དང་ལོ་རྒྱུས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྐྱེན་མིན་པར་འདོད་ཀྱིན་ཡོད།

བག་འཁུམ་རིང་ལུགས་པས་ས་ཁུལ་དང་དུས་རབས་སོགས་ཀྱི་ངོ་བོ་མི་འདྲ་བ་དང་བསྟུན་ནས་ལྟ་བ་དང་དོ་ཁུར་བྱེད་པའི་གྲོས་གཞི་མི་འདྲ་བའམ་ཐ་ན་འགལ་ཟླར་འགྱུར་བ་ཡང་ཡོད་དེ། དཔེར་ན། དེང་སྐབས་ཀྱི་དབྱིན་ཇི་དང་ཨ་རི་རྒྱལ་ཁབ་སོགས་ཀྱི་བག་འཁུམ་རིང་ལུགས་པས་རྒྱུན་དུ་སྲིད་གཞུང་དབང་གྲགས་ཆུང་དགོས་པ་དང་རང་དབང་ཚོང་རའི་དཔལ་འབྱོར་སྒྲོམ་གཞི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་ཐོག་ནས་བཤད་ན། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་ལ། ཐ་ན་གོ་ལ་ཅན་དུ་འགྱུར་བར་ངོ་རྒོལ་དང་དམངས་རྐྱང་རིང་ལུགས་ཀྱི་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དབྱིན་ཇི་དང་ཨ་རིའི་ཡར་ཐོན་བག་འཁུམ་རིང་ལུགས་པ་ཁག་གཅིག་གིས་ཚད་གཞི་ཡོད་པའི་ཁྲོམ་རའི་དོ་དམ་ཚོད་འཛིན་དང་སྤྱི་ཚོགས་ཕན་བདེའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཏེ། བཅའ་ཁྲིམས་གཏན་འབེབ་བྱེད་ནས་འདྲ་མཉམ་འགྲན་རྩོད་ལ་ཚོད་འཛིན་བྱེད་པའི་འདོད་ཚུལ་བཟུང་ནས་རང་དབང་ཚོང་རར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། ད་ལྟའི་ཡོ་རོབ་གླིང་རྒྱལ་ཁབ་ཁག་གི་བག་འཁུམ་ཕྱོགས་ཁག་གིས་ཕྱི་ནས་ཡོང་བའི་གནས་སྤོས་སྡོད་མི་རྣམས་ལ་རྣམ་འགྱུར་དྲག་པོ་འཛིན་གྱི་ཡོད་མོད། དེ་མཚུངས་སུ་བལྟོས་བཅས་ཀྱིས་ཕྱི་ཡོང་རིག་གནས་ལ་དཀྱེལ་ཡངས་ཅུང་ཟད་ཆེ་བ་རེད། ཐ་ན་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཇུས་ཁ་ཤས་ལ་རྒྱབ་སྐྱོར་ཡང་བྱེད་ཀྱིན་ཡོད། བག་འཁུམ་རིང་ལུགས་པ་ཚོས་ཚོང་ལས་ཀྱི་བྱེད་སྒོ་དང་ཚོང་རའི་དཔལ་འབྱོར་གྱི་རང་མོས་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་དམིགས་ཡུལ་དུ་བཟུང་ཡོད་ལ། མ་ཟད་ཁོ་ཚོས་ཕན་བདེའི་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཚད་གཞི་ཡོད་པའི་སྒོ་ནས་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

 

བག་འཁུམ་རིང་ལུགས་ཀྱི་ཆབ་སྲིད་ལྟ་བ།

བློ་འབྱེད་དུས་སྐབས་དང་། ལྷག་པར་དུ 1789 ལོའི་སྔ་རྗེས་སུ་ཧྥ་རན་སིའི་གསར་བརྗེ་ཆེན་པོས་ཡོ་རོབ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྗེས། བག་འཁུམ་རིང་ལུགས་ཀྱི་ལྟ་གྲུབ་ད་གཟོད་ཆབ་སྲིད་ཀྱི་རྣམ་འགྱུར་ཞིག་གམ་བསམ་བློའི་རྣམ་པ་གསར་བ་ཞིག་ཏུ་ཆགས་ནས་ཐོག་མར་བྱུང་པ་རེད། མི་མང་པོ་ཞིག་གིས་འདོད་ཚུལ་ལྟར་ན། བག་འཁུམ་རིང་ལུགས་ཀྱི་འབྱུང་ཁུངས་ནི་ཆོས་ལུགས་སྒྱུར་བཅོས་དུས་སྐབས་སུ། དམ་པའི་གྲུབ་མཐའི་ལྷ་རིག་མཁས་ཅན་རི་ཁྲད·ཧོོ་གེར(Richard Hooker)ཡིས་སྤྱི་ཚོགས་ཀྱི་འཆམ་མཐུན་དང་ཁེ་ཕན་སྲུང་ཆེད། ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྒྲིག་ལམ་སྲ་བརྟན་ཡིན་དགོས་པར་འདོད་པ་དང་། ལྟ་བ་དེའི་ཤན་ཤུགས་ཀྱི་འོག་ཏུ་བག་འཁུམ་རིང་ལུགས་ཀྱི་ལྟ་གྲུབ་དང་བསམ་བློ་ཆེས་མགོ་མར་བྱུང་བ་ཡིན་པར་འདོད། ཡང་ཁ་གཅིག་གིས་བག་འཁུམ་རིང་ལུགས་ཀྱི་ལྟ་གྲུབ་ནི་ཨའེ་ཏེ་མེང · པོ་ཁེས༼ཧྥ་རན་སིའི་གསར་བརྗེ་ཆེན་པོར་བསམ་ཞིབ་བྱས་པ༽ཞེས་བའི་དཔེ་དེབ་བྲིས་རྗེས། ད་གཟོད་ཡོངས་ཁྱབ་ཅན་གྱི་འདུ་ཤེས་འཛིན་སྟངས་སུ་གྱུར་པ་ཡིན་པར་འདོད།

བག་འཁུམ་རིང་ལུགས་པས་སྤྱི་ཚོགས་བཅོས་བསྒྱུར་ལ་ངོ་རྒོལ་བྱེད་ཀྱིན་མེད།དེ་ནི་པོ་ཁེ་ཡིས་ལུགས་འགྱུར་དང་ལེན་བྱེད་ཐབས་དཀའ་བའི་རྒྱལ་ཁབ་ནི་འཚོ་གནས་བྱེད་ཐབས་བྲལ་བ་ཞིག་རེད་ཞེས་བྲིས་པ་ལྟར། འོན་ཀྱང་། བག་འཁུམ་རིང་ལུགས་པའི་འདོད་བློ་ལྟར་ན། བཅོས་བསྒྱུར་བྱེད་ན་ངེས་པར་དུ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དགོས་པ་ལས། གློ་བུར་དུ་བྱུང་བའི་་གསར་བརྗེ་མིན་པར་འདོད། ཁོང་ཚོས་བསམ་པར། གསར་བརྗེ་ལས་འགུལ་གྱིས་གཞུང་ལུགས་ག་གེ་མོ་ཞིག་གི་ཆེད་དུ། མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་རྙོག་འཛིང་གི་སྤྱི་ཚོགས་འབྲེལ་བ་བསྒྱུར་རྩིས་བྱས་པས། དེ་ལྟར་བྱེད་ཚེ་སྔོན་དཔག་བྱེད་ཐབས་བྲལ་བའི་མཇུག་འབྲས་ངན་པ་བཟོ་པར་འདོད། བག་འཁུམ་རིང་ལུགས་པ་ཞིག་གི་ངོས་ནས་བཤད་ན། མིའི་རིགས་ཀྱི་སྤྱི་ཚོགས་ནི་སྲ་བརྟན་ཅན་དུ་གྱུར་ཚར་བ་དང་སྒྲིག་སྲོལ་ཀྱི་འཐུས་སྒོ་ཚང་བ་ཅན་ཞིག་རེད་ལ། འདུ་ཤེས་འཛིན་སྟངས་ཤིག་དོན་གཉེར་བྱེད་པའི་ཆེད་དུ་རང་སྣང་གང་ཤར་གྱིས་བཅོས་བསྒྱུར་བྱེད་པ་དང་གསར་བརྗེ་བཏང་ན་དེས་སྔོན་དཔག་བྱེད་ཐབས་བྲལ་བའི་གོད་ཆག་བཟོ་སྲིད། བག་འཁུམ་རིང་ལུགས་པས་མི་སྒེར་རྒྱུ་ནོར་ཁེ་དབང་ལ་རྒྱབ་སྐྱོར་དྲག་པོ་བྱེད་ཀྱིན་ཡོད། གང་ལགས་ཤེ་ན། རྒྱུ་ནོར་བདག་དབང་གིས་སྒེར་གྱི་ཁེ་ཕན་ལ་ལེགས་ཚོགས་རྒྱས་པར་བྱེད་པ་རེད་ལ་། དེ་ནི་དོན་དངོས་དང་མི་མཐུན་པའི་རིགས་གཞུང་དང་བསྡུར་ན་འགྲོ་བ་མིའི་སྤྱི་ཚོགས་ལ་མངོན་སུམ་གྱི་དགེ་རྩ་སྐྲུན་ཀྱིན་ཡོད།

 

དཔལ་འབྱོར་ངོས་ཐད་ཀྱི་བག་འཁུམ་རིང་ལུགས།

དཔལ་འབྱོར་བག་འཁུམ་རིང་ལུགས་པས་སྲིད་གཞུང་གིས་གང་འདོད་དུ་ཚོང་རའི་འཁོར་སྐྱོད་ལ་ཐེ་གཏོགས་བྱེད་མི་རུང་བའི་འབོད་སྐུལ་བྱེད་ཀྱིན་ཡོད། འདི་ནི་སྲིད་གཞུང་དབང་གྲངས་ཆུང་དགོས་བྱ་བའི་འདོད་པ་དང་ཉེ་མཚུངས་ཡིན།དཔལ་འབྱོར་བག་འཁུམ་རིང་ལུགས་ཀྱིས་རང་དབང་གི་དཔལ་འབྱོར་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། འདུ་ཤེས་འཛིན་སྟངས་ཀྱི་ཐད་ནས་བཤད་ན། དཔལ་འབྱོར་བག་འཁུམ་རིང་ལུགས་དེ་སྲོལ་རྒྱུན་རང་དབང་རིང་ལུགས་ཀྱི་བྱེད་ཕྱོགས་དང་ཁུངས་གཏུགས་བྱེད་ཆོག དཔལ་འབྱོར་རིག་པའི་མཁས་མཆོག་ཨ་ཏམ · སྶི་མིར་དང་། ཧྥུ་རེ་ཏེར་ཁེ · ཧ་ཡེ་ཁེ། སྨིར་ཏུན · ཧྥོ་ལེ་མཱང། ལུའུ་ཏེ་ཝེ་ཞི · ཧྥེང · སྨི་ཟ་སི་བཅས་ནི་དཔལ་འབྱོར་བག་འཁུམ་རིང་ལུགས་ཀྱི་མཚོན་བྱེད་མི་སྣ་ཡིན།ཚོང་རའི་རང་དབང་འཁོར་སྐྱོད་ལ་དུས་རྟག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་པས་དཔལ་འབྱོར་བག་འཁུམ་རིང་ལུགས་ལ་དཔལ་འབྱོར་རང་དབང་རིང་ལུགས་ཡང་ཟེར། སྲོལ་རྒྱུན་གྱི་བག་འཁུམ་རིང་ལུགས་ཀྱིས་སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་དབང་གྲགས་ལ་ངོ་རྒོལ་བྱེད་པ་དང་། མི་སྒེར་གྱིས་རང་ཐག་གཅོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་སྲོལ་ནི་འགྲོ་བ་མིའི་རང་རྒྱུད་ཀྱི་འདོད་བློ་དང་མཐུན་པའི་དཔལ་འབྱོར་སྒྲིག་སྲོལ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དཔལ་འབྱོར་གྱི་ངོས་ཐད་ནས་བཤད་ན། དེང་རབས་ཀྱི་བག་འཁུམ་རིང་ལུགས་པས་ཡོ་རོབ་དང་ཨ་མེ་རི་ཁ་གཙོ་བྱས་པའི་བག་འཁུམ་རིང་ལུགས་གཙོ་བོར་བཟུང་ཡོད།

ཡོ་རོབ་དང་ཨ་རིའིབག་འཁུམ་རིང་ལུགས་པས་དཔལ་འབྱོར་ཐད་ལ་སྲིད་གཞུང་གི་དབང་གྲངས་ཆུང་བར་རྒྱབ་སྐྱོར་བྱེད་པར་ད་དུང་རྒྱུ་རྐྱེན་གཞན་ཞིག་ཡོད་དེ། དེ་ནི་ཁོ་ཚོས་སྤྱི་དམངས་སྤྱི་ཚོགས་ལ་རྩིས་མཐོང་ཆེ་བས་རྐྱེན་གྱིས་རེད། གལ་ཏེ་སྤྱི་ཚོགས་དཔལ་འབྱོར་ཀྱི་ཕྱོགས་ནས་སྲིད་གཞུང་གིས་ནུས་པ་ཆེན་པོ་ཐོན་སྲིད་ན། སྤྱི་དམངས་རྣམས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་སྔར་ལས་མང་བ་འཁུར་མི་དགོས་པས། སྤྱི་དམངས་འགན་འཁྲི་སྲིད་གཞུང་གིས་འཁུར་ན་མི་དམངས་ཀྱིས་སྲིད་གཞུང་ལ་དཔྱ་ཁྲལ་མཐོ་བོ་འཇལ་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད།

 

སྤྱི་ཚོགས་ངོས་ཐད་ཀྱི་བག་འཁུམ་རིང་ལུགས།

སྤྱི་ཚོགས་བག་འཁུམ་རིང་ལུགས་པས་ནུབ་ཕྱོགས་ཀྱི་རིག་གནས་སྲོལ་རྒྱུན་དང་། སྤྱི་དམངས་སྤྱི་ཚོགས། གནའ་གཞུང་མནའ་འབྲེལ་རིང་ལུགས། ཡེ་ཤུའི་ཆོས་ལུགས་ཀྱི་རིག་གནས་སྲོལ་རྒྱུན་བཅས་གཙིགས་སུ་བཟུང་ཡོད། ཁོ་ཚོས་གཡོན་རུའི་སྤྱི་ཚོགས་དམངས་གཙོ་རིང་ལུགས་དང་དཀྱིལགཞུང་དབང་སྡུད་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ནི་མི་གཤིས་བསྒྱུར་བཀོད་བྱེད་བསམ་པའི་བྱ་སྤྱོད་ངན་པ་ཞིག་ཡིན་པར་འདོད་ཀྱིན་ཡོད། ཆབ་སྲིད་ཐད་ནས་ཁོ་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་གཞུང་ཕྱོགས་ཀྱི་དབང་ཆ་གཅིག་སྡུད་ལ་ངོ་རྒོལ་བྱེད་པ་དང་། དབང་ཆ་ཁ་ཐོར་དང་། ས་གནས་རང་སྐྱོང། སྒེར་གྱི་རྒྱུ་ནོར། ད་དུང་སྲིད་གཞུང་གི་དབང་གྲགས་ཇེ་ཆུང་དུ་གཏོང་དགོས་པར་འབད་ཐད་བྱེད་ཀྱིན་ཡོད།

སྤྱི་ཚོགས་ཀྱི་ཐད་ནས་ཁོང་ཚོས་སྲོལ་རྒྱུན་ལྟ་སྟངས་ལ་ཕྱིར་ལོག་བྱས་ནས། ཡེ་ཤུའི་ཆོས་ལུགས་རིག་གནས་ཀྱི་ཀུན་སྤྱོད་སྒྲིག་ལམ་ལ་རྒྱབ་སྐྱོར་བྱེད་པ་དང་ཁྱིམ་ཚང་ལྟེ་བར་བཟུང་བ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་སྲོག་ཤིང་ཡིན་ཞེས་བརྗོད་ཀྱིན་ཡོད། དེ་བས་ཁོང་ཚོས་མངལ་གཏོར་པ་དང LGBT མཚན་མཐུན་དགའ་རོགས་ཀྱི་ཁེ་དབང་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཁོ་ཚོའི་བསམ་བློའི་ཁྲོད་དུ་རིག་གནས་སྣ་མང་དང་། རིགས་རྒྱུད་སྣ་མང་། འདྲ་མཉམ་རིང་ལུགས་ལག་བསྟར་བྱེད་པའི་སྤྱི་ཚོགས་དེ་ངོ་བོའི་ཐོག་གཏན་གཏན་བརྟན་པོ་ཡོང་མི་སྲིད་པར་འདོད།

 

རིག་གནས་ངོས་ཐད་ཀྱི་བག་འཁུམ་རིང་ལུགས།

རིག་གནས་བག་འཁུམ་རིང་ལུགས་ནི་རང་ཉིད་ཀྱི་རིག་གནས་སམ་མི་རིགས་ཀྱི་སྲོལ་རྒྱུན་སྲུང་འཛིན་བྱེད་པའི་མཚན་ཉིད་རིག་པ་ཞིག་ཡིན། འདིར་རིག་གནས་ཞེས་པ་ནི་ཁྱབ་རྒྱ་ཧ་ཅང་ཆེ་བའི་ནུབ་ཕྱོགས་ཀྱི་རིག་གནས་སམ་རྒྱ་ནག་གི་དཔལ་ཡོན་ནམ་ཡང་ན་ཆུང་ས་ནས་བོད་ཀྱི་རིག་གནས་ལྟ་བུ་ལ་ཟེར་བ་ཡིན། རིག་གནས་བག་འཁུམ་རིང་ལུགས་ཀྱིས་སྔོན་ཆད་ཤུལ་དུ་བཞག་པའི་སྲོལ་རྒྱུན་དང་ལམ་ལུགས་དང་ལེན་བྱེད་རྩིས་ཡོད་ལ། མཚམས་མཚམས་སུ་སྲོལ་རྒྱུན་ཀྱི་སྤྱོད་པ་ཁ་ཤས་ནི་དོན་དངོས་དང་མི་མཐུན་པ་ཡང་ཡིན་སྲིད་དེ། དཔེར་ན་དབྱིན་ཇིས་སྤྱི་ལུགས་འཇལ་བྱེད་ཀྱི་འགུལ་སྐྱོད་ལ་ངོ་རྒོལ་བྱེད་པ་དང་། དབྱིན་ཇིའི་སྲོལ་རྒྱུན་འཇལ་བྱེད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱ་དགོས་པའི་རེ་བ་བཏོནཔ་ལྟ་བུ་རེད། བག་འཁུམས་རིང་ལུགས་ཀྱང་ལམ་ལུགས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་ཆོག དཔེར་ན་ནུབ་ཕྱོགས་ཀྱི་དཔའ་བོའི་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་སམ་ཡང་ན་མ་རྩ་རིང་ལུགས་དང་ཁྲིམས་སྐྱོང་སོགས་ཡང་འདི་རིགས་ལ་ཚུད་ཡོད། ཤར་ཕྱོགས་སུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཚན་འབྱེད་རྒྱུགས་ལེན་ལམ་ལུགས་དང་དེ་བཞིན་རྒྱ་གར་གྱི་རིག་གནས་དཀྱེལ་ཡངས་སྲོལ་རྒྱུན་ཚང་མ་བག་འཁུམ་རིང་ལུགས་ཀྱི་དཔེ་མཚོན་ཡིན་ནོ།།

 

ཆོས་ལུགས་བག་འཁུམ་རིང་ལུགས།

ཆོས་ལུགས་བག་འཁུམ་རིང་ལུགས་ཀྱིས་དམིགས་བསལ་ཆོས་ལུགས་ཀྱི་བསྟན་དོན་བརྒྱུད་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། སྐབས་འགར་བསྟན་དོན་དེ་དག་གི་རིན་ཐང་ལྟ་བ་བརྒྱུད་སྤེལ་བྱེད་པར་ཚོད་ལྟ་བྱེད་ཀྱིན་ཡོད། ཡང་ན་རིན་ཐང་ལྟ་བ་དེ་དག་བཅའ་ཁྲིམས་ཁྲོད་དུ་འགོད་རྩིས་བྱེད་ཀྱིན་ཡོད། ཆོས་ལུགས་བག་འཁུམ་རིང་ལུགས་ཀྱིས་ཀྱང་འཇིག་རྟེན་མི་ཆོས་ལ་རྒྱབ་སྐྱོར་བྱེད་སྲིད། སྐབས་ལ་ལར་ཆོས་ལུགས་བག་འཁུམ་རིང་ལུགས་པས་རང་ཉིད་ཀྱི་ཆོས་ལུགས་བསྟན་དོན་དེ་ས་གནས་ཀྱི་རིག་གནས་བར་འགལ་བ་བྱུང་བཞིན་ཡོད་པར་འདོད། ས་ལུགས་གཉིས་སམ་ཡང་ན་མང་པོ་ཡོད་པའི་རྒྱལ་ཁབ་ཁ་ཤས་སུ་བག་འཁུམ་རིང་ལུགས་པའི་བར་ལའང་འགལ་བ་འབྱུང་སྲིད་པ་དང་། ཕྱོགས་ཁག་གཉིས་ཀས་རང་ཉིད་ཀྱི་ལྟ་ཚུལ་ནི་ཡང་དག་པ་ཞིག་ཡིན་པར་འདོད་པས། ཕ་རོལ་པོའི་ལྟ་ཚུལ་ལ་དགག་རྒྱག་བྱེད་ཀྱིན་ཡོད།

 

ཡུལ་གྲུ་སོ་སོའི་བག་འཁུམ་རིང་ལུགས།

ཨ་མེ་རི་ཁ་ནས། བག་འཁུམ་རིང་ལུགས་ཞེས་པའི་ཐ་སྙད་འདི་ལ་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་མང་པོ་འདུས་ཡོད། དེའི་ཁྲོད་དུ་རང་དབང་རིང་ལུགས་དང་། དཔལ་འབྱོར་བག་འཁུམ་རིང་ལུགས། དཔལ་འབྱོར་རང་དབང་རིང་ལུགས། སྤྱི་ཚོགས་བག་ཁུམ་རིང་ལུགས། ཆོས་ལུགས་བག་འཁུམ་རིང་ལུགས་བཅས་འདུས་ཡོད་པ་དང་། དུས་མཚུངས་སུ་སྟོབས་དང་ལྡན་པའི་དམག་དཔུང་ཞིག་སྲུང་འཛིན་དང་། རྒྱལ་སྤྱིའི་རིང་ལུགས་ལ་ངོ་རྒོལ། ས་གནས་དབང་ཆ་དར་སྤེལ་བཅས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་དུས་འགོར། གཟི་བརྗིད་གསར་བརྗེ་བརྒྱུད་རྗེས་ཀྱི་དབྱིན་ཇི་དེ་དེང་རབས་ཀྱི་དམངས་གཙོའི་ཆབ་སྲིད་དུ་ཞུགས་པའམ་ཡང་ན་སྲིད་ཏང་གི་ཆབ་སྲིད་དུ་གྱུར་ཡོད། མི་ཁ་ཤས་ཀྱིས་རྒྱལ་པོའི་ཕྱི་གོས་གྱོན་པའི་སྤྱི་མཐུན་རྒྱལ་ཁབ་ཅེས་འབོད་ཀྱི་ཡོད། སྐབས་དེར་དབྱིན་ཇིའི་སྲིད་སྟེགས་ལ་སྲིད་ཏང་གཉིས་ཡོད། ཧུའེ་ཀེ་ཏང་དང་ཐུའོ་ལི་ཏང་ཡོད། ཧུའེ་ཀེ་ཏང་ལ་རང་དབང་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པ་དང་། སྤྱི་ཚོགས་བསྒྱུར་བཅོས་འདོད་ཚུལ་འཛིན་པ་དང་། རྒྱལ་པོའི་དབང་ཆ་ལྷས་གནང་བའི་དབང་བསྩོལ་བར་ལ་ངོ་རྒོལ་བཅས་བྱེད་ཀྱིན་ཡོད། ཐུའོ་ལི་ཏང་མིས་སྲོལ་རྒྱུན་བརྟན་སྲུང་དང་། འཕོ་འགྱུར་ལ་ངོ་རྒོལ། རྒྱལ་པོའི་དབང་ཆར་རྒྱབ་སྐྱོར་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་པས། ཧུའེ་ཀེ་ཏང་དང་བསྡུར་ན་ཐུའོ་ལི་ཏང་ལ་བག་འཁུམ་རིང་ལུགས་ཀྱི་སྲིད་ཏང་ཞེས་འབོད་ཀྱིན་ཡོད། ཧུའེ་ཀེ་ཏང་དེ་རྗེས་སུ་རིམ་བཞིན་དབྱིན་ཇིའི་རང་དབང་ཏང་དུ་གྱུར་པ་དང་། ཐུའོ་ལི་ཏང་ནི་ད་ལྟའི་བག་འཁུམ་ཏང་དུ་གྱུར་ཡོད། ཡོ་རོབ་གླིང་གི་སྐམས་ཆེན་པོར། བག་འཁུམ་རིང་ལུགས་ཀྱི་གཙོ་རྒྱུན་ནི་ཡེ་ཤུའི་ཆོས་ལུགས་ཀྱི་དམངས་གཙོའི་རིང་ལུགས་ཡིན་ལ། སྲིད་ཏང་དེ་ཚོས་ཡོ་རོབ་གླིང་གི་གྲོས་ཚོགས་ལམ་ལུགས་གཙོ་བྱེད་པའི་སྲིད་ཏང་གི་མནའ་འབྲེལ་ལྟ་བུར་ཆགས་འདུག

ཟུར་ལྟའི་དཔྱད་གཞི།

– Reflections on the Revolution in France༼ཧྥ་རན་སིའི་གསར་བརྗེ་ཆེན་པོར་བསམ་ཞིབ་བྱས་པ་༽ Hackett Publishing Company, Inc. October 1997: ISBN 0-87220-020-5.

– Crunden, Robert, The Superfluous Men: Critics of American Culture, 1900-1945, 1999. ISBN 1-882926-30-7

– Paul E. Gottfried, The Conservative Movement, 1993. ISBN 0-8057-9749-1

– Russell Kirk, The Conservative Mind, 7th Ed., 2001. ISBN 0-89526-171-5

-ཐེ་ཝན་གྱི་ཝེ་ཁེ་རིག་མཛོད་དང་དབྱིན་ཡིག་པར་གཞིའི་དྲ་ངོས་ཡིག་ཆ་གང་མང་ནས་འབྲེལ་ཡོད་ཤེས་བྱ་དྲངས་པ་ཡིན།