དབྱིན་སྐད་དུ། Socialism

རྒྱ་ནག་སྐད་དུ། 社会主义

བོད་སྐད་དུ་སྤྱི་ཚོགས་རིང་ལུགས་བྱ་བ།

 

སྤྱི་ཚོགས་རིང་ལུགས་སྤྱི་བཤད།

སྤྱི་ཚོགས་རིང་ལུགས་ནི་དཔལ་འབྱོར་མ་ལག་དང་སྤྱི་ཚོགས་མ་ལག་རབ་དང་རིམ་པ་ཞིག་ཡིན་ཞིང་། དེའི་ཁྱད་ཆོས་ནི་ཐོན་སྐྱེད་རྒྱུ་ཆ་(ཐོན་རྫས་དང་། མ་རྩ། ས་ཞིང་། རྒྱུ་ནོར་སོགས) སྤྱི་ཚོགས་ཡོངས་ལ་དབང་པ་དང་དམངས་གཙོ་ཡིས་སྒོ་ནས་ཚོད་འཛིན་བྱེད་པ་དེ་ཡིན། སྤྱི་ཚོགས་རིང་ལུགས་ཞེས་པའི་མིང་འདི་ནི་སྤྱི་ཚོགས་འཁོར་སྐྱོད་ཀྱི་མ་ལག་འདི་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་ཡིན་ལ། འདིར་འཁོད་པའི་སྤྱི་ཚོགས་ལ་དབང་བ་ཞེས་པ་ནི་ཐོན་སྐྱེད་འབྲས་བུའམ་རྒྱུ་ཆ་ནི་རྒྱལ་ཁབ་ལ་དབང་བ་དང་། ཐུན་མོང་ལ་དབང་བ། ངལ་རྩོལ་བཟོ་པའི་མཉམ་ལས་དང་ཐ་ན་སྤྱི་དམངས་ཀྱིས་མ་རྐང་འཛིན་པར་བརྟེན་ནས་གྲོས་མཐུན་བྱུང་བ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་རིགས་རྒྱུད་མང་པོ་ཡོད་པ་དེར་མདོར་བསྡུས་བྱས་ཆོག་པའི་མཚན་ཉིད་གཅིག་ཀྱང་མེད་མོད། འོན་ཀྱང་རིགས་གང་ཞིག་ཡིན་རུང་ཚང་མས་སྤྱི་ཚོགས་ཀྱིས་ཐོན་སྐྱེད་རྒྱུ་ཆས་ལ་ཚོད་འཛིན་བྱེད་དགོས་སྙམ་གྱིན་ཡོད།

སྤྱི་ཚོགས་རིང་ལུགས་ལ་ཚོང་ར་ཡོད་མེད་ལ་གཞིགས་ན་རིགས་གཉིས་སུ་དབྱེ་ཆོག ཚོང་རྭ་མེད་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ཚོང་ར་དང་མ་དངུལ་རྣམས་བཟོ་སྐྲུན་དང་ལག་རྩལ་ཐོག་གི་བླང་བྱར་བསྒྱུར་ནས་དངོས་རྫས་ལ་བརྟེན་ནས་རིན་ཐང་རྩིས་རྒྱག་གི་ཡོད་སྟབས། མ་རྩ་རིང་ལུགས་སྤྱི་ཚོགས་ཁྲོད་ཀྱི་རིན་ཐང་ཆོས་ཉིད་མེད་པར་བཟོས་པ་རེད། སྤྱི་ཚོགས་རིང་ལུགས་དེ་རིགས་ཀྱིས་མ་རྩ་གསོག་འཇོག་མི་ཡོང་བ་དང་ཁེ་སྤོགས་དོན་དུ་གཉེར་བ་ལས་བྱུང་བའི་ཆུད་ཟོས་དང་དངུལ་རྩའི་ཉམས་ཉེན་སེལ་བར་བྱས་པ་རེད། ཆབ་སྲིད་ལས་འགུལ་ཞིག་ཡིན་པའི་ཆ་ནས་བཤད་ན། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འདོད་བློ་ནི་ལེགས་བཅོས་རིང་ལུགས་ནས་གསར་བརྗེའི་སྤྱི་ཚོགས་རིང་ལུགས་ཀྱི་བར་ལ་ཁྱབ་ཡོད་དེ། དཔེར་ན་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་ཀྱིས་ཐོན་རྫས་ཀྱི་ཐོན་སྐྱེད་དང་། བགོ་བཤའ་དང་། བརྗེ་རེས་བཅས་ཕྱོགས་ཡོངས་ནས་རྒྱལ་ཁབ་ལ་དབང་བར་བྱེད་ན་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱུང་པར་འདོད་པ་དང་། རང་མོས་འདོད་བློ་སྤྱི་ཚོགས་རིང་ལུགས་ཀྱིས་སྲོལ་རྒྱུནཐབས་ལམ་སྤྱད་ནས་ཐོན་སྐྱེད་བྱེད་སྟངས་ཚོད་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་དབང་ཆར་བརྟེན་ནས་དོ་དམ་བྱེད་པར་ངོ་རྒོལ་བྱེད་པ་དང་། དམངས་གཙོ་སྤྱི་ཚོགས་རིང་ལུགས་ཀྱིས་དམངས་གཙོ་ཅན་གྱི་འཕེལ་རིམ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་འཛུགས་པའི་ཐབས་ལམ་འཚོལ་ཞིབ་བྱེད་ཀྱི་ཡོད།

དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་ནི། དུས་རབས་བཅུ་དགུ་པའི་སྐབས་སུ་ཤེས་ཡོན་ཅན་དང་བཟོ་པའི་གྲལ་རིམ་གྱིས་སྤེལ་བའི་བཟོ་ལས་ཅན་དང་སྒེར་དབང་རྒྱུ་ནོར་ལ་སྐྱོན་བརྗོད་བྱེད་པའི་ཆབ་སྲིད་ལས་འགུལ་ཁྲོད་ནས་བྱུང་བ་རེད། སྔོན་གྲས་ཀྱི་སྟོང་བསམ་སྤྱི་ཚོགས་རིང་ལུགས་པ་དཔེར་ན་རོ་པོ་ཐེ · ཨོའུ་ཝུན་གྱིས་རང་མཁོ་རང་འདང་དང་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་དང་ཁ་བྲལ་བའི་མཉམ་ལས་ཞིང་གྲོང་ཅིག་བཙུགས་མྱོང་། ཧྲེང་ཞི་མོན་གྱིས་ཐ་སྙད socialism གསར་གཏོད་བྱས་ཏེ་ལག་རྩལ་པ་དཔོན་རིགས་སུ་བསྐོ་རྒྱུ་དང་འཆར་གཞིའི་བཟོ་ལས་དར་སྤེལ་གཏོང་བར་སྐུལ་འདེད་བྱས་ཡོད། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་ཐུན་མོང་དུ་ཕུགས་བསམ་དང་མཐུན་པའི་སྤྱི་ཚོགས་ལམ་ལུགས་ཤིག་ཇུས་འགོད་བྱས་པ་དང་། མ་རྩ་རིང་ལུགས་ཀྱི་ཚད་མ་ལོན་པའམ་དུས་ཚིགས་རིང་བཞིན་ཅན་གྱི་ཐོན་སྐྱེད་ལྷག་ཟིན་པའིསྐྱོན་སེལ་ཆེད་དུ། སྲིད་གཞུང་མེད་པའི་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་མེད་པར་བཟོས་ཏེ། དེང་རབས་ཚན་རྩལ་དཔལ་འབྱོར་གྱི་བྱེད་སྒོ་ཁྲོད་དུ་སྤེལ་ཆོག་པར་བྱས་ཡོད། དུས་རབས་བཅུ་དགུ་པའི་དུས་འགོར། སྤྱི་ཚོགས་རིང་ལུགས་པས་ད་དུང་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་ཁུར་བྱེད་པ་ཙམ་ཡིན་མོད། འོན་ཀྱང་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་སླེབས་སྐབས། སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་ཐུན་མོང་ལ་དབང་བའི་སྒྲིག་སྲོལ་གསར་པ་ཚུགས་ཐུབ་པའི་སྒུལ་ཤུགས་སུ་གྱུར་པར་མ་ཟད། མ་རྩ་རིང་ལུགས་ལམ་ལུགས་ཀྱི་ཁ་གཏད་ཕྱོགས་སུ་ལངས་ཡོད།

 

སྤྱི་ཚོགས་རིང་ལུགས་ཀྱི་ཐ་སྙད་བྱུང་ཁུངས།

སྤྱི་ཚོགས་རིང་ལུགས་ཞེས་པའི་ཐ་སྙད་ཀྱི་རྩ་བ་ནི་ལ་ཏིང་སྐད་ཀྱི sociare (སྤྱི་ཚོགས)ནས་བྱུང་བ་དང་། དོན་ནི་མཉམ་འབྲེལ་དང་མཉམ་སྤྱོད་ལ་ཟེར། རོམ་རྒྱལ་ཁབ་དང་དུས་རབས་བར་མའི་བཅའ་ཁྲིམས་ཁྲོད་དུ་སྤྱི་ཚོགས་ཞེས་པའི་ཐ་སྙད་འདི་དང་འབྲེལ་བའི་ཆེད་ལས་ཐ་སྙད་ནི societas རེད། ཐ་སྙད་འདི་ལ་གྲོགས་པོ་དང་མཛའ་བརྩེ་ཡི་མཚོན་དོན་ཡོད་ལ། གང་ཟག་བར་མོས་མཐུན་བྱུང་བར་བརྟེན་ནས་གན་རྒྱའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཤིག་ལ་ཡང་གོ་ཆོག གནའ་བོའི་གྷེ་རི་སེའི་མཚན་ཉིད་རིག་པ་མཁས་ཅན་ཡ་ལི་སི་ཏུའོ་ཏེས་མི་ནི་མཁར་རྫོང་ལམ་ལུགས་ཀྱི་སྲོག་ཆགས་ཤིག་ལྷན་སྐྱེས་ནས་རེད་ཅེས་བཤད་ཡོད་ལ། རྨང་གཞི་དེའི་ཐོག རང་དབང་ཐོབ་ཡོད་པ་དང་སྒེར་ཚུགས་ཅན་གྱི་མི་བུ་སོ་སོའི་བར་ལས་གྲུབ་པའི་སྤྱི་ཚོགས་ཀྱི་ཁོངས་མི་རྣམས་ལ་དྲང་བཞག་དང་། འདྲ་མཉམ་གྱི་གོ་གནས་ཡོད་པ་རེད། སྤྱི་ཚོགས(social)ཞེས་པའི་ཐ་སྙད་དེར་གོ་དོན་གསལ་པོ་གཉིས་ཡོད་ཅིང་། གོ་དོན་དེ་གཉིས་ཀྱི་ནང་སྤྱི་ཚོགས་རིང་ལུགས་ཞེས་པའི་གོ་དོན་ཚུད་ཡོད། སྤྱི་ཚོགས་ནི་སྤྱི་དམངས་བར་གྱི་བཅའ་ཁྲིམས་གན་རྒྱའི་འབྲེལ་བ་ཞིག་ཡིན་ལ། རོགས་པ་དང་གྲོགས་པོའི་བར་གྱི་བརྩེ་དུང་གི་འབྲེལ་བ་ཞིག་ཀྱང་ཡིན་ནོ།།

 

སྤྱི་ཚོགས་རིང་ལུགས་ཀྱི་འབྱུང་ཁུངས།

སྤྱི་ཚོགས་རིང་ལུགས་ཀྱི་འབྱུང་ཁུངས་སྐོར་ལ་རྩོད་པ་ཡོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་འབྱུང་ཁུངས་ལ་གཤམ་གྱི་བཤད་ཚུལ་རིགས་གཉིས་ཡོད། བཤད་ཚུལ་དང་པོ་དེར་རྒྱབ་ལྗོངས་ངེས་ཅན་ཞིག་འདུས་ཡོད་ཅིང་། སྔ་དུས་ཀྱི་འདུ་ཤེས་སྣ་ཚོགས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་གླེང་གཞིར་ཞིབ་དཔྱད་བྱེད་པ་དང་། བཤད་ཚུལ་གཉིས་པས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཧྥ་རན་སིའི་གསར་བརྗེ་ཆེན་པོའི་དུས་སྐབས་སུ་བྱུང་བ་ཡིན་པར་འདོད། བཤད་ཚུལ་རིགས་དང་པོའི་ནང་མི་གཉིས་རྟག་ཏུ་གླེང་གི་ཡོད་པ་སྟེ། གཅིག་ནི་རྗེ་སི་ཐུའོ་མ་སི་·མོར་རེད། གང་ལགས་ཤེ་ན། ཁོང་གིས་མིང་ལ༼སྟོང་བསམ་རྒྱལ་ཁབ༽ཟེར་བའི་དཔེ་དེབ་ཅིག་བྲིས་པ་དང་། གཞན་ཞིག་ནི་ཐུའོ་མ་སི · རྨིན་ཚའེ་ཨེར་ཡིན་ལ། ཁོ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་སྨྱུ་གུ་ཐོག་མར་བཏོན། སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ནི་ཧྥ་རན་སིའི་གསར་བརྗེ་ཆེན་པོ་ནས་འགོ་རྩོམ་ངེས་ཡིན། མདོར་བསྡུས་ནས་བཤད་ན། ཧྥ་རན་སི་ནི་སྟོང་བསམ་སྤྱི་ཚོགས་རིང་ལུགས་དང་སྟོང་བསམ་གུང་ཁྲན་རིང་ལུགས་ཀྱི་འབྱུང་གནས་ཡིན་པའི་རྐྱེན་གྱིས་རེད། མ་ཟད་བསམ་པའི་རླབས་རྒྱུན་དེ་གཉིས 1789 ལོ་ནས 1799 ལོའི་བར་གྱི་རླབས་ཆེན་གསར་བརྗེའི་དུས་སྐབས་སུ་བྱུང་བ་རེད།

 

སྤྱི་ཚོགས་རིང་ལུགས་ཀྱི་འཕོ་འགྱུར་དང་དེའི་ཡན་ལག

སྟོང་བསམ་སྤྱི་ཚོགས་རིང་ལུགས་ལ་ཝུའུ་ཐུའོ་པང་(སྒྲ་བསྒྱུར)སྤྱི་ཚོགས་རིང་ལུགས་ཀྱང་ཟེར། མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་གནས་ཚུལ་དང་གྲལ་རིམ་གྱི་གནས་ཚུལ་ད་དུང་མཚར་ལོངས་བྱུང་མེད་པའི་དུས་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ཤིག་ཡིན་པ་དང་། དེང་རབས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འབྱུང་ཁུངས་ཤིག་རེད། སྟོང་བསམ་སྤྱི་ཚོགས་རིང་ལུགས་པས་ཕུགས་བསམ་ཅན་གྱི་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་སྟོན་འོག ཚུལ་ལྡན་གྱི་སྤྱི་ཚོགས་འཛུགས་ཐུབ་པར་མ་ཟད། དམིགས་ཡུལ་དེ་འགྲུབ་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་པར་ཡིད་ཆེས་བྱེད་ཀྱིན་ཡོད།

ཚན་རིག་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་གཉིས་མིང་དོན་གཅིག་མཚུངས་ཡིན། དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གྲུབ་ཆ་གསུམ་གྱི་ཡ་གྱལ་ཡིན་པ་དང་། མར་ཁེ་སིས་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཁྲོད་ནས་ལུགས་མཐུན་གྱི་གྲུབ་ཆ་སྙིགས་དོར་བཅུད་ལེན་བྱེད་པའི་གཞུང་ལུགས་ཤིག་རེད། ཚན་རིག་ཡིན་ཟེར་དོན་ནི་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་རྐྱེན་གྱི་་གྲལ་རིམ་སྟོབས་ཤུགས་ཏེ་འབྱོར་མེད་གྲལ་རིམ་གྱི་སྟོབས་ཤུགས་གཙིགས་སུ་འཛིན་པ་དང་། རང་དོན་རང་སྐྱོང་དང་། དགོས་མཁོ་ལྟར་བགོ་བཤའ་རྒྱག་པའི་དཔལ་འབྱོར་གྱི་ཇུས་གཞི་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དོན་དུ་འབད་འཐབ་བྱེད་པའི་གྲལ་རིམ་གྱི་རྩ་འཛུགས་བྱེད་སྟངས་སྟེ་གུང་ཁྲན་རིང་ལུགས་ཀྱི་འཕེལ་རིམ་སོགས་རྙེད་པ་རེད། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ལ་ལུའུ་སེན་པའོ་རིང་ལུགས་དང་ལེ་ཉིན་རིང་ལུགས་གཉིས་ཀྱིས་འགྲེལ་བཤད་མི་འདྲ་བ་རེ་བྱས་ཡོད། ལེ་ཉིན་རིང་ལུགས་དེ་སི་ཏཱ་ལེན་རིང་ལུགས་སུ་གྱུར་པ་དང་། ཚན་རིག་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཞེས་པའི་ཐ་སྙད་དེ་གཉིས་ཀར་སྙད་ངན་ཐོགས་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་གུང་རྒོལ་རིང་ལུགས་པས་ཚན་རིག་སྤྱི་ཚོགས་རིང་ལུགས་ནི་གུང་ཁྲན་ཏང་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཅེས་ཟེར་བ་ཡང་བྱུང་ཡོད། འོན་ཀྱང་སྤྱིར་བཤད་ན། སྒེར་འཛིན་ལམ་ལུགས་ནི་མར་ཁེ་སིའི་མ་གཞིའི་དགོངས་དོན་དང་གཏན་ནས་མི་མཐུན།

དམངས་གཙོ་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྱི་དམངས་གཙོའི་ཁྲིམས་སྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆར་ལྡན་དཔལ་འབྱོར་གཅིག་ཏུ་འདྲེས་པའི་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན། དཔལ་འབྱོར་ཐོག་སྤྱི་ལ་དབང་བའི་ལམ་ལུགས་ཆ་ཚང་བ་དང་ཡང་ན་རགས་ཙམ་ཞིག་ལག་ལེན་བསྟར་བྱེད་རྒྱུ་དང་། དབང་བགོས་རྣམ་པའི་འཆར་ལྡན་དཔལ་འབྱོར་དང་། ཐེ་ཞུགས་དཔལ་འབྱོར། ཚོང་རའི་སྤྱི་ཚོགས་རིང་ལུགས་བཅས་ལག་བསྟར་བྱེད་རྒྱུ་དེ་ཡིན་ལ། ཆབ་སྲིད་ཐོག་ཡོངས་ཁྱབ་འདེམས་བསྐོ་དང་། ཏང་མང་ལམ་ལུགས། དབང་གསུམ་ལོགས་འབྱེད། ཆབ་སྲིད་རང་དབང་། ཁྲིམས་གཙོའི་སྲིད་ལུགས་བཅས་ལག་བསྟར་བྱ་རྒྱུ་ནི་དེའི་འཆར་བཀོད་ཀྱི་རྣམ་པ་ཡིན་ནོ།།

རང་དབང་སྤྱི་ཚོགས་རིང་ལུགས་ཞེས་པ་ནི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཐད་ལ་རིམ་ལྡན་ལམ་ལུགས་མེད་པའི་སྤྱི་ཚོགས་ཤིག་སྟེ། དྲག་ཤུགས་སམ་ཡང་ན་བཙན་གནོན་ལམ་ལུགས་མེད་པའི་སྤྱི་ཚོགས་ཤིག་ལ་ཟེར་བ་མ་ཟད། མི་ཚང་མས་རང་དབང་དང་འདྲ་མཉམ་གྱི་སྒོ་ནས་ཆ་འཕྲིན་དང་དང་ཐོན་སྐྱེད་ཡོ་བྱད་སོགས་ཤེས་པའི་སྤྱི་ཚོགས་ཤིག་ལ་ཟེར། རྒྱུ་ནོར་སྒེར་དབང་ལ་ངོ་རྒོལ་བྱས་ནས་བཟོ་ཚོགས་དང་། གཞི་རིམ་གྱི་སྲིད་དབང་། ས་གནས་སྲིད་གཞུང་ངམ་ཐུན་གཉེར་ཁང་ནས་སྤྱི་དབང་ལམ་ལུགས་དཔལ་འབྱོར་དོ་དམ་བྱ་རྒྱུའི་འདོད་བློ་བཅིངས་ཡོད། སྤྱིར་བཏང་དུ་སྲིད་གཞུང་གི་དབང་གྲངས་ཅུང་ཞན་པ་དང་ཐ་ན་སྲིད་གཞུང་མེད་པའི་རྣམ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

དམངས་རྐྱང་སྤྱི་ཚོགས་རིང་ལུགས་ནི་ཆབ་སྲིད་ཀྱི་མཁས་མཆོག་རིམ་གྲས་ཀྱི་རུལ་སུངས་ཀྱི་གྲུབ་ཆ་མེད་པ་བཟོ་རྒྱུ་མ་ཟད། མི་སེར་དཀྱུས་མར་དམིགས་བསལ་སྤྲོད་པ་དང་། དབུལ་པོར་དམིགས་བསལ་སྤྲོད་པ། དབུལ་པོར་རོགས་སྐྱོར་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་དར་སྤེལ་གཏོང་བཞིན་པའི་ཆབ་སྲིད་སྒྲིག་སྲོལ་ཞིག་ལ་ཟེར། དམངས་རྐྱང་རིང་ལུགས་ཀྱི་ལྟ་གྲུབ་ཁ་ཤས་ནི་ཁྲིམས་སྐྱོང་དང་། ཁྲིམས་གཙོའི་སྲིད་ལུགས། སྒྲིག་ལམ་བཅས་མི་བརྩི་བའི་ཆབ་སྲིད་ཀྱི་ཕུང་བོ་རུ་འགྱུར་སྲིད།

སུའུ་ཝེར་མནའ་འབྲེལ་རྣམ་པའི་སྤྱི་ཚོགས་རིང་ལུགས་ནི་དབང་ཆ་བསྡུས་དྲགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་མ་དཔེ་ཞིག་ཡིན། སུའུ་གུང་དབུས་གཞུང་གི་མཛུབ་སྟོན་འོག འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་དབུལ་ཕོངས་རྒྱལ་ཁབ་ཀྱི་སྲིད་དབང་དེ་ལྟ་བུ་མང་པོ་བཙུགས་པ་དང་། རྒྱལ་ཁབ་དེ་རིགས་ཡོ་རོབ་ཤར་མའི་འཕོ་འགྱུར་དང་ཀོར་པ་ཆའོ་ཕུའུ་སྒྱུར་བཅོས་བྱས་རྗེས་ཇེ་ཉུང་དུ་ཕྱིན་ཡོད། སུའུ་ཝེར་མནའ་འབྲེལ་རྣམ་པའི་སྤྱི་ཚོགས་རིང་ལུགས་ལ་སི་ཏཱ་ལེན་རིང་ལུགས་ཀྱང་ཟེར། མའོ་ཙེ་ཏུང་གི་དགོངས་པ་དང་ཁྲའོ་ཞན་གྱི་བསམ་བློ་གཙོ་བོ་དག་ནི་སུའུ་ཝེར་མནའ་འབྲེལ་རྣམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་ཞེས་པ་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་ཁེ་ཕན་ཟུང་འབྲེལ་བྱེད་ཡོད་པའི་ཆབ་སྲིད་ཕུང་བོ་ལ་ཟེར།

ད་དུང་མི་རིགས་རིང་ལུགས་སམ་ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཆབ་སྲིད་ལྟ་གྲུབ་ཁ་ཤས་ཀྱིས་ཀྱང་རང་ཉིད་ལ་སྤྱི་ཚོགས་རིང་ལུགས་ཞེས་འབོད་པ་ཡོད། དཔེར་ན། ཡེ་ཤུའི་ཆོས་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་དང་། དབྱི་སི་ལམ་གྱི་སྤྱི་ཚོགས་རིང་ལུགས། ཨ་རབ་ཀྱི་སྤྱི་ཚོགས་རིང་ལུགས། སངས་རྒྱས་ཆོས་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་སོགས་ཡོད་པ་རེད།

 

ཚན་རིག་སྤྱི་ཚོགས་རིང་ལུགས་རྒྱས་བཤད།

ཚན་རིག་སྤྱི་ཚོགས་རིང་ལུགས་ནི་མར་ཁེ་སི་དང་ཨེན་ཀེ་སིའི་རིག་གཞུང་གི་ལྟ་བ་ཡིན་ཞིང་། དེས་འདོད་ཚུལ་ནི། སྒེར་དབང་་ལམ་ལུགས་ཀྱི་དུས་རིམ་ནི་མིའི་རིགས་ཀྱིས་ནོར་འཁྲུལ་བཟོས་ནས་རང་གཤིས་དང་རྒྱབ་འགལ་བྱས་པ་ཞིག་མིན་པར། སྤྱི་ཚོགས་ཀྱི་ངལ་རྩོལ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ངེས་ཅན་ཞིག་བྱུང་བའི་འབྲས་བུ་རེད། མིའི་རིགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བྱུང་བའི་དབང་གིས་མཐར་ཐུག་ཏུ་ངལ་རྩོལ་ལྟར་དུ་དགོས་མཁོ་བསྐོང་བ་དང་།རང་གི་འཇོན་ཐང་གང་ཡོད་འདོན་ཐུབ་པའི་སྤྱི་ཚོགས་སུ་བསྐྱོད་ངེས་ཡིན། མར་ཁེ་སི་ཡིས་མ་རྩ་རིང་ལུགས་ཀྱི་ལམ་ལུགས་དེ་ཡིས་ལོ་རྒྱུས་ཐོག་ཏུ་ནུས་པ་ཡག་ཤོས་བཏོན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། སྤྱི་ཚོགས་རིང་ལུགས་ནི་མ་རྩའི་རིང་ལུགས་དང་གུང་ཁྲན་རིང་ལུགས་བར་གྱི་བར་བརྒལ་དུས་རིམ་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱུང་ཐུབ་པ་དེའང་། མ་རྩ་རིང་ལུགས་སྤྱི་ཚོགས་ཀྱིས་གསར་བརྗེ་བྱེད་པར་ཅ་ལག་དང་བསམ་བློ་གསར་སྤེལ་བྱེད་ནས་མཐུན་རྐྱེན་སྐྲུན་པས་རེད། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་སྤེལ་དགོས་ན། དར་རྒྱས་ཆེ་བའི་མ་རྩའི་རིང་ལུགས་ཀྱིས་རྨང་གཞི་བྱས་ན་མ་གཏོགས་མངོན་འགྱུར་བྱུང་མི་ཐུབ།

མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་ངོས་འཛིན་ལྟར་ན། འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་བར་འགལ་ཟླའི་འབྲེལ་བ་ཁོ་ན་ཙམ་མི་ཡིན་ན་པར། ད་དུང་རྒྱུན་འཛིན་གྱི་འབྲེལ་བ་ཡང་ཡོད། རྒྱུན་འཛིན་གྱི་འབྲེལ་བའི་ཁྲོད་དུ། འབྱོར་མེད་གྲལ་རིམ་གྱིས་མ་རྩ་རིང་ལུགས་སྤྱི་ཚོགས་ནས་ཐོན་པའི་ཐོན་སྐྱེད་འབྲེལ་བ་ཡོངས་རྫོགས་དང་ཐོན་སྐྱེད་ནུས་ཤུགས་ཡོངས་རྫོགས་རྒྱུན་འཛིན་བྱེད་དགོས་ལ། གལ་ཏེ་སྤྱི་ཚོགས་ཅན་དུ་འགྱུར་བའི་ཐོན་སྐྱེད་འབྲེལ་བ་དེ་རིགས་རྒྱུན་འཛིན་མ་བྱས་ན། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མི་འདང་བའི་དབང་གིས་དབུལ་ཕྱུག་སྣེ་གཉིས་ཅན་གྱི་སྒེར་དབང་ལམ་ལུགས་རྩ་མེད་དུ་གཏོང་མི་ཐུབ།

 

སྤྱི་ཚོགས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་དགག་ལམ།

དཔལ་འབྱོར་རང་དབང་སྨྲ་བ་དང་གཡས་རུའི་རང་དབང་རིང་ལུགས་པས། ཐོན་སྐྱེད་རྒྱུ་ཆ་སྒེར་དབང་ལམ་ལུགས་ནི་རང་དབང་དང་བཅིངས་འགྲོལ་འདུ་ཤེས་ཀྱི་སྲོག་ཤིང་དུ་བརྩིས་ཡོད། དེར་བརྟེན་ཁོ་ཚོའི་སེམས་ལ་ཐོན་སྐྱེད་རྒྱུ་ཆ་སྤྱི་དབང་ལམ་ལུགས་དང་། མཉམ་ལས་ཁང་། འཆར་ལྡན་དཔལ་འབྱོར་བཅས་ནི་རང་དབང་ལ་བཙན་གནོད་བྱས་པ་རེད་བསམ་གྱིན་ཡོད།

དཔལ་འབྱོར་རིག་པ་སྨྲ་བ་སྨི་སའེ་སི་ཡིས་དཔལ་འབྱོར་མ་ལག་ཅིག་གིས་མ་དངུལ་དང་། དཔལ་འབྱོར་ཞིབ་རྩིས། ཚོང་རའི་རིན་གོང་གཏན་འབེབས་ཐབས་ཤེས་བཅས་བེད་སྤྱོད་མ་བྱས་ན། མ་རྩའི་དངོས་ཟོག་བརྗེ་རེས་དང་ཐོན་སྐྱེད་མཐུན་སྦྱོར་བྱེད་མི་ཐུབ་པས། སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་མི་ཐུབ་པར་འདོད། སྤྱི་ཚོགས་རིང་ལུགས་ཀྱི་དགག་རྒྱག་ལྟ་བའི་ཁྲོད་དུ་། སྤྱི་དབང་ལམ་ལུགས་མངོན་འགྱུར་བྱེད་མི་ཐུབ་པའི་རྒྱུ་མཚན་ནི་ཚོང་རའི་ཆ་འཕྲིན་དབུས་གཞུང་ལས་ཁུངས་ཀྱིས་གཅིག་བསྡུ་བྱེད་མི་ཐུབ་པ་མ་ཟད། ནུས་ལྡན་སྒོས་དཔལ་འབྱོར་ཡོངས་ལ་འཆར་གཞི་ཞིག་བཟོ་མི་ནུས་ཞེས་སྐྱོན་བརྗོད་བྱེད་ཀྱིན་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལ་དཔལ་འབྱོར་རིག་པའི་ངོས་ཐད་ནས་སྐྱོན་བརྗོད་བྱེད་པ་ཆེས་མང་བ་ནི། སུའུ་ཝེར་མནའ་འབྲེལ་ལྟ་བུའི་འཆར་ལྡན་དཔལ་འབྱོར་ལག་ལེན་གྱི་སྟེང་ལ་བབས་ཡོད། དཔལ་འབྱོར་རིག་པ་སྨྲ་བའི་འདོད་ཚིལ་ལྟར་ན། འཆར་ལྡན་དཔལ་འབྱོར་འོག ཁེ་ལས་ཀྱི་འཁོར་རྒྱུག་ལ་སྔོན་རྩིས་ཀྱི་ཚད་གཞི་མེད་པས་ཁེ་ལས་འཕེལ་རྒྱས་ལ་སྐུལ་ལྕག་བྱེད་པའི་ནུས་པ་ཤོར་ཚར། དེ་བས་སྤྱི་ཚོགས་ཀྱི་ཕན་བདེ་ཧྲིལ་པོར་ཤུན་ཤུགས་ངན་པ་ཐེབས་ཀྱིན་ཡོད་པ་རེད།

 

ཟུར་ལྟའི་དཔྱད་གཞི།

 

Economic calculation in the Socialist Commonwealth (PDF). 1990 [2016-03-25].

F. A. Hayek, (1935), “The Nature and History of the Problem” and “The Present State of the Debate,” ed. Collectivist Economic Planning, pp. 1–40, 201–43.

Heilbroner, Robert. Socialism. (བསྒྲིགས།) David R. Henderson (ed.). Concise Encyclopedia of Economics 2nd. Indianapolis: Library of Economics and Liberty. 2008. ISBN 978-0865976658. OCLC 237794267.

Stiglitz, Joseph. Whither Socialism. The MIT Press. January 1996. ISBN 978-0262691826. .