ཉིན་འདི་གར་མི་རིགས་རིག་པའི་སྐོར་གྱི་ཞིབ་འཇུག་བསླབ་གནས་བརྩོན་ལེན་རྒྱུགས་གཞི་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་པས། རྟག་ཏུ་མི་ཁོམ་པར་དབྱིན་ཡིག་དང་འབྲེལ་ཡོད་ཆེས་ལས་དཔེ་ཆ་ལ་བལྟ་དགོས་བྱུང་། སློབ་གཉེར་གྱི་གོ་རིམ་ཁྲོད་དུ་ནམ་རྒྱུན་གནད་དོན་འགའ་རེ་ལྷག་པ་དེར་ང་ལ་བློས་བསླང་སྣ་ཚོགས་སྦྱིན་བྱུང་། སྤྱིར་མི་རིགས་རིག་པ་ནི་སྤྱི་ཚོགས་ཚན་རིག་གི་ཁྲོད་ཀྱི་བསླབ་ཚན་སྤྱི་སྟངས་བ་ཞིག་ཡིན་ནའང་། ཞིབ་འཇུག་ཁྱབ་ཁོངས་དང་བསམ་གཞིག་བྱེད་སྟངས་མི་གཅིག་པས་རྐྱེན་གྱིས་ང་ལ་ལྷག་པར་སྤྲོ་སྣང་འཁོལ་དུ་བཅུག་བྱུང་། གཞུང་ལུགས་ཀྱི་ནང་དོན་ལ་ཉམས་ལེན་བྱེད་པའི་ཞོར་དུ་ད་དུང་གཞུང་ལུགས་དེ་དང་འབྲེལ་པའི་དཔེ་མཚོན་གང་མང་རང་གི་ཡུལ་སྡེ་དང་། རང་གི་མཐོང་ཐོས། རང་གི་ཤེས་རྒྱ་བཅས་སུ་མཉམ་འབྲེལ་བྱེད་ཆོག་གོ།

དཔེར་ན། ཁྱིམ་ཚང་གི་གྲུབ་ལུགས་ནི་མི་རིགས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་ལ། དེ་ཁྲོད་དུ་མངོན་པའི་གཉེན་ཉེ་རིང་གི་མིང་འབོད་སྟངས་དེ་ལས་མི་རིགས་དེའི་ཁྱིམ་ཚང་འཕོ་འགྱུར་གྱི་གོ་རིམ་གསལ་ཐུབ་པ་དང་མ་གསལ་གདོད་མའི་སྤྱི་ཚོགས་དེ་ཇི་ལྟར་དུ་རིམ་འགྱུར་བྱུང་བར་དབྱེ་ཞིབ་བྱེད་ཆོག་པ་རེད། དེ་ནི་ཨ་རིའི་མི་རིགས་རིག་པ་བ་ཚོས་སྔ་མོ་ནས་ཞིབ་འཇུག་བྱེད་ཡོད་པའི་སྣང་ཚུལ་ཞིག་ཡིན་ནའང་། རང་སྡེ་ཁྲོད་དུ་ད་དུང་དེ་ནི་དམངས་སྲོལ་རིག་གནས་ཀྱི་ཆེས་དམན་པའི་གནས་སུ་བཞག་ཡོད་པ་རེད། ཞིབ་འཇུག་གི་ཐབས་ལམ་སྤྱད་ནས་དབྱེ་ཞིབ་ཉམས་ཞིབ་བྱེད་རྒྱུར་ཕར་བཞོག དེ་ལ་མཁོ་མེད་རིག་གནས་སུ་འདོད་པའི་ལྟ་བ་ཡང་ཡོངས་སུ་ཁྱབ་ཡོད་པ་རེད། ང་ཚོས་གལ་ཏེ་རང་སྡེ་བའི་ནང་གི་ཆེས་རྩ་བར་གྱུར་པའི་ཁྱིམ་ཚང་རེ་རེ་དང་། ཚོ་བ་རེ་རེ། ཡུལ་ལུང་ག་གེ་མོ་རེ་རེ་ནས་མགོ་བརྩམས་སྟེ་དེ་ཁྲོད་དུ་གསལ་བའི་རིག་གནས་སམ་སྤྱི་ཚོགས་ཆགས་ལུགས། རིག་གནས་གྲུབ་ལུགས་སོགས་ལ་ཆུང་ས་ནས་ཞིབ་འཇུག་དང་བསམ་བློ་བཏང་ཡོང་རྒྱུ་ན། དེ་ནི་གསོན་ཉམས་ལྡན་པའི་མི་རིགས་ལོ་རྒྱུས་ཀྱི་མཐོང་སྣེ་གསར་བ་ཞིག་ཡིན་པ་སྨྲོས་མེད་རེད། ང་ཚོས་རྒྱུན་པར་ཏུན་ཧོང་དང་རྡོ་རིང་སོགས་ནས་སེར་མོ་གསེང་གི་འབུ་ཤོག་འཚོལ་འཚོལ་བྱེད་ན་དེ་ནས་ལོ་རྒྱུས་ཀྱི་གཏིང་སློག་ཐུབ་པའི་བསྐལ་བ་ཉག་ཕྲ་མོད། ང་ཚོས་རྒྱུན་དུ་ཁ་བཤད་ཆུ་ཡི་ལྦུ་བ་བཞིན་དུ་རིགས་ཀྱི་ལས་དབང་ཟེར་ནས་ནེ་ཙོ་མ་ཎི་འདོན་པ་ལྟ་བུས་ཀྱང་དོན་གྱི་རྔ་མ་མི་ཆོད་ཕྱིར། རང་ས་ནས་གཞན་རིགས་ཀྱི་རིག་ཚན་སྣ་མང་དག་གི་གཞུང་ལུགས་རླབས་པ་ཆེ་དེ་དག་དང་ཞིབ་འཇུག་གི་མཐོང་སྣེ་གསར་བ་བཙལ་ནས་རང་རེའི་རིགས་གནས་ལ་འཇུག་རྒྱུ་བྱུང་ན། དེ་ནས་ཉམས་ལེན་བྱེད་སྟངས་ཡང་དག་ཅན་ཡིན་པ་གོ་ན་འོས་སོ།།

གནའ་བོའི་ཤུལ་བཞག་གི་རིག་གནས་སམ་ད་ཡོད་ཀྱི་ཡུལ་སྲོལ་རིག་གནས། ད་དུང་གཞན་ལ་མངོན་རུང་བའི་ནང་དོན་རིག་པ་སོགས་ནི་ང་ཚོས་རིག་གནས་རང་རྟོན་བྱེད་ཆོག་པའི་རྒྱུ་ཡིན་པས། དེ་ལ་གནའ་དེ་ང་ཟུང་འབྲེལ་གྱི་རིགས་ལམ་སྦྱར་ནས་གཞུང་ལུགས་གསར་བ་དག་གི་ཉམས་ཞིབ་བྱེད་རྒྱུ་བྱུང་ན་ཉམས་དགའ་བའི་གནས་ཤིག་རེད་འདོད། མ་ཟད་གཞན་གྱི་གཞུང་ལུགས་ལ་སོགས་སློབ་གཉེར་བྱེད་པའི་ཁྲོད་དུ་རབ་ཡིན་ན་གཞན་གྱི་སྐད་རིགས་ལ་ཐོགས་རེག་མེད་པ་ཞིག་ཡིན་ཚེ་ལྷག་པར་ཕན་སྙམ། གཞན་སྐད་ནས་རིགས་ལམ་ལ་སོགས་སྦྱོང་བའི་སྐབས་སུ་ཡོངས་གྲགས་ཅན་གྱི་དེབ་དང་ཤུགས་རྐྱེན་ཆེན་པོ་ཅན་གྱི་ལུང་དག་ལ་སློབ་གཉེར་བྱེད་པ་ཡང་ཚད་མའི་ལམ་རེད། ད་ཆ་ན་གཞོན་གང་མང་གི་གྲས་སུ་རིག་ཚན་གསར་བ་མཁོ་བོ་འདོད་མཁན་དང་ཐ་ན་དེ་དག་ནང་འདྲེན་བྱེད་ཐུབ་པར་འབད་འབུངས་བྱེད་ཀྱིན་པའི་གནས་ཚུལ་ནི་གང་མང་མཐོང་རྒྱུ་འདུག རིག་ཚན་གསར་པའི་ནང་སྙིངས་ནི་རང་རེ་རིག་གནས་ལ་སྦྱར་དགོས་པ་དེ་རེད་ལ། དེ་བས་ན་ཆོས་ཀྱི་ནང་དོན་ནང་འདྲེན་བྱེད་རྒྱུ་གལ་ཆེ་ནའང་དེ་ལས་ལྷག་པར་གལ་ཆེ་བ་ནི་ཐབས་སམ་རིགས་ལམ་གྱི་ནང་དོན་ནང་འདྲེན་བྱེད་རྒྱུ་འདི་གལ་ཆེ་བ་རེད་དོ།། དཔེར་ན། རྩི་ཤིང་རིགས་པ་ནི་སྔར་བོད་ལ་གཞི་ནས་མེད་པའི་རིག་ཚན་ཞིག་ཡིན་ཕྱིར་དེ་ནང་འདྲེན་བྱེད་རྒྱུ་ནི་ཤིན་ཏུ་མཁོ་གལ་ཆེ་ང་ཅན་རེད། ཡིན་ནང་ཡང་ཕྱི་ཕྱོགས་ཀྱི་དེ་འབྲེལ་ཤེས་བྱ་དག་ནི་ཕལ་མོ་ཆེར་ཞིབ་འཇུག་ཁྱབ་ཁོངས་ཏག་ཏག་དེའི་རྩི་ཤིང་ཡིན་པ་ལས་བོད་གངས་ཅན་ལྗོངས་ཀྱི་རྩི་ཤིང་རིགས་མཁོ་པ་ནི་ཤིན་ཏུ་ཉུང་ཚོད་རེད། ཡིན་ནའང་ཤེས་བྱ་དེ་ཁྲོད་དུ་རྩི་ཤིང་རིགས་བཀར་པའི་ཐབས་ཤེས་དང་དེའི་རྩ་དོན། རྩི་ཤིང་གི་ཕན་འབྲས། རྩི་ཤིང་གི་གཤིས་ལུགས། ད་དུང་རྩི་ཤིང་དང་འབྲེལ་བའི་ཤེས་བྱ་དག་ནི་སྤྱི་བྱིངས་ཅན་གྱི་ཤེས་རིག་ཡིན་པས་དེ་ལ་སློབ་སྦྱོང་བྱེད་ཐུབ་ན་ཤིན་ཏུ་ཡག་པོ་བྱུང་ངེས། དེ་བས་ང་ཚོས་གོང་གི་བརྗོད་པའི་རྩི་ཤིང་དང་འབྲེལ་ཞིབ་འཇུག་ཐབས་ལམ་སྤྱད་ནས་བོད་གངས་ཅན་ཡུལ་གྱི་རྩི་ཏོག་རིགས་རྣམ་པ་སྣ་ཚོགས་ལ་རིགས་བཀར་བ་དང་དེའི་གཤིས་ལུགས། དེའི་ཁྱབ་ཡུལ། དེའི་ཕན་འབྲས་སོགས་ལ་ཞིབ་འཇུག་བྱེད་རྒྱུ་བྱུང་ན་མ་འོངས་བར་གང་ཟག་གང་རུང་གིས་རྩི་ཤིང་གི་ཤེས་བྱ་ལ་བརྟེན་ནས་འགྲོ་བར་ཕན་པའི་ལས་སུ་འཇུག་སྐབས་ཕན་འབྲས་བསམ་གྱི་མི་ཁྱབ་པ་ཐོགས་ངེས་སོ།།

གོང་དེ་རྩི་ཤིང་རིག་པའི་སྐོར་ནི་དཔེ་ཙམ་ཡིན་ལ། ད་དུང་ཡང་གཞན་རིག་གནས་ཚན་པ་སོ་སོ་ལ་འདི་ལྟ་བུའི་ཞིབ་འཇུག་དང་མཉམ་ལེན་གྱི་མཐོང་སྣེ་བཟུང་ན་འགྲིག་བསམ། མི་ཆོས་སྤྱི་ཚོགས་ཚན་རིག་གིས་འགྲོ་བའི་འཚོ་གནས་ཀྱི་ཁོར་ཡུག་དང་དེའི་ཆོས་ཉིད་ལ་འགྲེལ་བ་རྒྱག་པ་དང་། རང་བྱུང་ཚན་རིག་དག་གིས་ཐུན་མོང་གིས་ཕྱི་རོལ་སྣོད་བཅུད་ཀྱི་ཆོས་ཉིད་དང་དེའི་སྣང་ཚུལ་ལ་འབྲེལ་བ་རྒྱབ་ནས་ང་ཚོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བརྩོན་ལེན་བྱེད་ཀྱིན་ཡོད། མི་ཆོས་ཀྱིས་སྤྱི་ཚོགས་ལ་སྒྲིག་ལམ་བཟོ་བ་དང་དེའི་ལུགས་ལ་མཛུབ་སྟོན་བྱེད་པ། རང་བྱུང་ཚན་རིག་གིས་ང་ཚོའི་སྐྱེ་གནས་ཁོར་ཡུག་ལ་ཉམས་ཞིབ་བྱེད་མཐར་ཁོར་ཡུག་དང་འགྲོ་བའི་སྤྱི་ཚོགས་ཇི་ལྟར་རྫོགས་ལྡན་ངང་འཕེལ་རྒྱས་འབྱུང་ཐུབ་པར་འབད་པ་བྱེད་བཞིན་ཡོད། འདི་ལྟ་བུའི་མིག་རྒྱང་བསྲིང་ཐུབ་ན། ང་ཚོས་ནམ་ཡིན་ཡང་རང་གི་སྲོལ་རྒྱུན་ཤེས་རིག་ལ་ཡིད་རྟོན་བྱེད་པའི་མོད་ལ་ད་དུང་གཞན་གྱི་སྔོན་ཐོན་ཐབས་ཤེས་དང་རིག་ལམ་སོགས་བསྡུ་ལེན་བྱེད་ཐུབ་ན་ལེགས།

གལ་ཏེ་རང་སྡེའི་རིག་གནས་དག་རྡུལ་དང་འབྲེལ་བའི་ལྕགས་ཕྱེ་ཡིན་པའི་དབང་དུ་བཏང་ན། ཕྱི་ཕྱོགས་ཀྱི་སྔོན་ཐོན་ཅན་གྱི་ཉམས་ཞིབ་མཐོང་སྣེ་ནི་ཁབ་ལེན་རྡོ་ཡིན་པ་ལྟ་བུའི་འདུ་ཤེས་ཆགས་ན་དགའ་བ་ལ། དེ་ལས་ལྷག་པར། ལྕགས་ཕྱེ་ལེན་མཁན་གྱི་ལག་པ་དེ་ནི་རང་རེ་གཞོན་སྐྱེས་དག་གི་ལག་པ་ཡིན་པ་དང་། དེ་ནི་ལག་ལེན་གསེར་ཀྱི་ཐིག་པ་ཡིན་པ་ཤེས་བར་བགྱིས་ཤིག

 

གངས་རྒྱན་གྱིས་ཁྱིམ་ནས།

2020ལོའི་ས་ག་ཟླ་བར།