སྔོན་རང་རེའི་ཡུལ་ལ་རྒྱ་ནག་པ་རྣམས་ཀྱིས་ཧྥན་གྱི་རྒྱལ་རབསཞེས་འབོད་པ་དང་རྒྱ་གར་པ་རྣམས་ཀྱིས་བྷོ་ཊ་ཞེས་འབོད་པ་རེད། དེ་ནི་ཟུར་ཆགས་པའི་སྒྲ་ཡིན་པར་སེམས། དུས་ཕྱིས་བསྟན་པ་དར་བའི་སྐབས་རྒྱ་གར་པ་མང་པོ་བོད་དུ་སླེབས། དེ་ཡང་ཐོག་མར་རི་བོ་ཧི་མ་ལ་ཡར་སླེབས། དེ་ནས་རིམ་བཞིན་སྐྱིད་གྲོང་སོགས་བོད་ཀྱི་འདབས་ལ་སླེབས་ཚེ། ཡུལ་དེ་རྣམས་ལ་ཡང་ཧི་མ་ལ་ཡ་ཞེས་བཏགས་ནས། བོད་སྤྱི་ལ་གངས་ཅན་ཞེས་མིང་ཐོགས་པ་ཡིན། དེའི་ཕྱིར་ཡུལ་གྱི་མཐའི་ཡུལ་ཕྲན་རེ་རེའི་མིང་ཡུལ་སྤྱི་ལ་རིམ་གྱིས་ཐོགས་པ་དེ་འདྲ་གཞན་ཡང་མང་། དཔེར་ན། ཧིན་དི་བྱ་བ་སྔོན་རྒྱ་གར་ནུབ་ཕྱོགས་ཀྱི་སིནྔྷུའི་ཡུལ་གཅིག་པུའི་མིང་ཡིན་ཞིང་དེང་སང་རྒྱ་གར་སྤྱིའི་མིང་དུ་བྱས། སྤུར་རྒྱལ་བོད་ཀྱི་རྒྱལ་ཁབ་བྱ་བ་ལ་ཡང་བོད་མཚམས་ནས་སྤུར་རྒྱལ་བྱ་བའི་གངས་རི་ཞིག་ཡོད་པ་དེའི་མིང་ཡིན། སྤུ་ཧྲེང་བོད་ཀྱི་རྒྱལ་ཁམས་བྱ་བ་ཡོད། མངའ་རིས་ཕྱོགས་སུ་སྤུ་ཧྲེང་བྱ་བའི་ཡུལ་ཆུང་ཞིག་ཡོད་པ་དེའི་མིང་ལས་མཆེད་མིང་འདི་རྣམས་ཀྱང་དུས་ཕྱིས། སྐྱིད་སྡེ་ཉི་མ་དགོན་གྱི་གདུང་རྒྱུད་རྣམས་ཀྱིས་མངའ་རིས་ཙམ་བཟུང་ཚེ་རྒྱལ་བོ་ལ་དབང་བའི་སྡེ་ཙམ་ལས་མེད་པས། སྤུ་ཧྲེང་བོད་ཀྱི་རྒྱལ་ཁམས། སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཞེས་འབོད་པ་ཡིན། མངའ་རིས་བྱ་བ་ཡང་རྒྱལ་བོའི་ཆབ་འབངས་ཀྱིས་མིང་ཡིན། དེའི་ཕྱིར་བོད་རྒྱལ་བོ་ལ་བོད་ཡུལ་ཡོངས་རྫོགས་དབང་སྐབས་འདི་འདྲའི་མིང་མེད། ཁམས་བྱ་བ་ཡང་། སྔོན་མི་ཉག་དང་འཇང་སོགས་བོད་ཀྱི་ཆབ་འབངས་མ་ཡིན་པའི་ཡུལ་དེ་དག་གི་མིང་ཙམ་ཡིན། ད་ལྟ་བོད་ཁོངས་ཀྱི་ཁམས་ཡུལ་དེ་དག་མདོ་སྨད་ཞེས་འབོད། ཁམས་བྱ་བ་ཡུལ་མཐའི་མིང་སྟེ། ས་མཐར་འཁྱམ་པ་ལ་ཁམས་སུ་འཁྱམ་ཞེས་དང་། མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་ཞེས་བྲིས་ཡོད། ཡུལ་གྱི་མིང་འདི་ལྟར་རིམ་གྱིས་བརྗེ་བའམ་མ་ཤེས་པའི་དབང་གིས། རྒྱ་གར་གྱི་ལོ་རྒྱུས་འགའ་ན་གངས་ཅན་གྱི་རྒྱལ་རབས་འགའ་རེ་བྲིས་པ་རྒྱལ་བོ་རྣམས་ཀྱི་མིང་ཀ་མད་སྒྲིག་པ་ཤ་སྟག་ཡིན་མོད། བལ་ཡུལ་དང་ཁ་ཆེ་ཡུལ་གྱི་རྒྱལ་བོ་ཁ་ཤས་ཡང་བཙན་ཐབས་སུ་བོད་ཡིན་པར་སྦྱར་ཡོད་པ་མང་། དེ་བཞིན་ལི་ཡུལ་ཀྱང་དེང་སང་ཕལ་ཆེར་བལ་ཡུལ་ས་ཕྱོགས་ན་ཡོད་པར་བྲིས་ཡོད་འདུག ལི་ཡུལ་བོད་ཀྱི་བྱང་ན་ཡོད་པར་ཁུངས་ཐུབ་པོའི་གསུང་ན་ཡོད་ཅིང་། གྲོ་ལུང་བས་ཀྱང་། རྒྱ་གར་ཤར་ནུབ་ལི་དང་བལ་ཡུལ་སོགས། ཞེས་ཡུལ་དེ་གཉིས་སོ་སོར་གསུངས། མདོར་ན་ཡུལ་གྱི་མིང་བརྗེ་ཚུལ་མ་ཤེས་ན་ལོ་རྒྱུས་མང་པོ་ལ་མགོ་འཁྲུག་ཡོང་།