དང་པོ་སྲིད་པ་ཆགས་དུས་སུ་ཟེར་བའི་གཞས་ཚིག་འདི་ལ་བསམ་བསམ་ན། འདི་ལས་གསང་བ་ཆེན་པོ་ཞིག་བརྟོལ་ཡོང་བའི་འཕྲུལ་སྣང་སྐྱེས་སྲིད། འདི་ནི་ངའི་ཕ་ཡུལ་གྱི་བྱིས་པའི་ངག་ནས་རྒྱུན་པར་གོ་རྒྱུ་ཡོད་པའི་བྱིས་གླུ་རང་ག་བ་ཞིག་ཡིན། དེ་བས། ངའི་མེས་པོ་རབ་རིམ་པས་དེ་བླངས་མྱོང་ལ། ངའི་ཨ་ཕས་ཀྱང་བླངས་མྱོང་། བསམ་ཡིད་ལས་མ་འདས་པར་ངས་ཀྱང་སྐད་ཆ་བཤད་ཤེས་པའི་རྗེས་ཀྱི་ལོ་འགའི་ནང་ལ་བྱིས་གླུ་འདི་བླངས་མྱོང་ཡོད། ངའི་བསམ་པའི་ལྡེབས་རིས་ངོས་སུ་ནམ་ཡིན་ཡང་བརྗེད་དཀའ་བ་ནི་གདངས་དབྱངས་ཁྱད་མཚར་བ་འདི་ཡིན། སྐད་ཆ་ནི་དུས་རབས་རེ་རེ་དང་ཆོས་རྒྱུད་རེ་རེ་ཁྲོད་གང་ཟག་སོ་སོའི་གསུང་སྒྲོས་དང་བསྟུན་ནས་འགྱུར་བཞིན་ཡོད་ན་ཡང་། ངའི་བྱིས་གླུ་འདིའི་ཁྲོད་དུ་ཡོད་པའི་འཇིག་རྟེན་གྱི་གསང་བ་ནི་ནང་ཡིན་ནམ་དུས་དང་རྣམ་པ་ཀུན་དུ་ཡལ་མེད་པར་གཏན་ཆགས་རེད་འདོད། མེས་པོ་ཚོས་ང་ཚོར་བཞག་པའི་གཏམ་རྒྱུད་དང་དམངས་གླུ་ཁ་ཤས་ཁྲོད་ན་ལོ་རྒྱུས་ཐན་ཐུན་འཚོལ་བྱེད་ཀྱི་ལྡེ་མིག་ཡོད་པ་ཇི་བཞིན་དུ། བྱིས་གླུ་འདིའི་ཁྲོད་ན་རི་རྒྱལ་བོ་རི་རབ་ལས་ལྗིད་པའི་འཇིག་རྟེན་ཆགས་ལུགས་དང་། ནང་བསམ་པའི་འཁྱེར་སོའི་མཚོན་རིས་ཀྱི་བཀྲག་མདངས་བཀྲ་བའི་གླིང་སྒྲུང་གི་རྟོག་བཟོ་ལས་གསོན་ཉམས་ལྡན་པའི་འཇིག་རྟེན་ཞིག་འདིའི་ཁྲོད་དུ་ཡོད་པའི་སེམས་ཚོད་ཞིག་ང་ལ་དབང་མེད་དུ་སྐྱེས་སུ་བཅུག འཇིག་རྟེན་གྱི་མགོ་ཁུངས་བ་གླང་ཞིག་ཏུ་ངོས་འཛིན་པ་དང་། དེའི་ཤ་ཁྲག་ལས་གྲུབ་པའི་ཕུང་བོ་དེས་འཇིག་རྟེན་གྱི་བརྩེགས་རིམ་དང་ཁྱད་གཤིས་སོགས་ཤོད་པ་དེ་བྱིས་བློ་ཡིན་ན་ཡང་། དེ་ནི་ངའི་མེས་པོ་རྣམས་པ་ཚོས་འཇིག་རྟེན་ཁམས་འདི་ལ་མིག་དབང་ཐེངས་དང་པོར་སྒོ་ཕྱེས་པ་ཡིན་ལ། འཇིག་རྟེན་འདི་ལ་བཅིངས་བའི་ཟོལ་མེད་ཀྱི་ལྷག་བསམ་དཀར་པོ་ཞིག་ཅི་ལ་མིན། བྱིས་བློ་ལྟ་བུའི་ལྷག་བསམ་དང་། ཀུན་ལ་མཚར་སྣང་གི་ཁེངས་བའི་བློ་རྒྱ་དེས་ད་གཟོད་ང་ཚོས་འགྲོ་བ་རིགས་དྲུག་ལས་འབུར་དུ་ཐོན་ནས། སྐྱེ་འགྲོ་ཡོངས་ཀྱི་ལས་དབང་ལ་འགྲེལ་བཤད་རྒྱག་མཁན་དུ་གྱུར་བ་མ་ཡིན་ནམ། དེ་བས། བྱིས་བློ་ལ་མཐོང་ཆུང་བྱེད་པ་ནི་ཡང་ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་བྱིས་བློ་ངོ་མ་མིན་པ་ཅི་ཀྱང་ཤེས་ཡོང་།

ངའི་རིགས་རྒྱུད་ལ་ཆ་བཞག་ན། དེ་ལ་ཆེ་བཤད་རྒྱག་མཁན་ཤིན་ཏུ་མང་ལ། དེ་ལ་སྣང་མེད་དང་མཐོང་ཆུང་ཤེས་མཁན་ཡང་ཤིན་ཏུ་མང་། བཟང་ངན་གཉིས་ཀྱི་སྐད་ཆ་གང་མང་མཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ངས་ཐོས་མྱོང་། འོན་ཀྱང་ངའི་མེས་པོ་རྣམས་ཀྱི་མི་ཚེའི་གོ་རིམ་ལྟར་ཕོ་ལོ་ཉེར་ལྔར་མཚར་ལོངས་བྱུང་རེག་བར་དུ་ངའི་རིགས་རྒྱུད་འདི་ལ་རྗེས་དཔོག་བསམ་བློ་བཟུང་པ་དང་གཡོ་གཟུར་མེད་པར་འགྲེལ་བ་རྒྱག་ཐུབ་མཁན་ཞིག་ད་དུང་ཡང་བྱུང་མེད་དེ། ཐ་ན་གནད་དུ་ཕོག་འདྲ་འདུག་ཟེར་མཁན་དག་ལས་ཀྱང་ངའི་ཤ་ཁྲག་ཕུང་བོ་དང་ནང་བཅུད་སེམས་ཅན་འདི་ལ་རྒྱུས་ལོན་མེད་པར་རང་ཕྱོགས་ཀྱི་ཕྱོགས་རིས་འཛིན་སྟངས་བཟུང་ཡོད་པ་ཏག་ཏག་རེད།  རིགས་རྒྱུད་འདི་གླེང་དུས་རང་རིགས་ཀྱི་སྔོན་བྱོན་མཁས་དབང་ཤེས་རིག་གི་སྦྱང་སྟོབས་ཉི་ཟླའི་འོད་སྣང་དང་འདྲ་བ་དག་གིས་ཀྱང་རང་རེ་ལུང་པའི་ཀླ་ཀློ་རྣམས་ལ་དགའ་བྱེད་ཀྱི་གཏམ་ཁ་ཡག་ཙམ་མ་གཏོགས་བཤད་མེད་པས་དེ་ལ་བློ་གཏད་ན་རང་ཉིད་སྐྱོན་མཚང་གི་ཕྱོགས་རིས་སུ་གྱུར་འགྲོ་བར་དོགས། ཅི་ཙམ་དུ་ཕྱི་ནང་གསེང་གསུམ་གང་གིས་རང་གི་རིགས་རྒྱུད་འདི་ལ་འགྲེལ་བ་རྒྱག་རྒྱུ་མ་བྱུང་ཚེ། ངས་དེ་ཙམ་དུ་བྱིས་བློ་ལས་མངོན་པའི་སྲིད་པ་ཆགས་གླུ་ལ་སོགས་ལ་བདེན་སྣང་ཚད་ཆེན་འདུག་བསམ། མིམང་བོས་ཤོད་པ་ལ། མིའི་རིགས་ནི་རྟག་པར་རང་བྱུང་གི་གོམ་འགྲོས་དང་བསྟུན་ནས་ཇེ་བཟང་ཇེ་ལེགས་དང་སྔར་བས་སྤྱང་གྲུང་དུ་འགྱུར་བཞིན་ཡོད་ཟེར་སྐད། འོན་ཀྱང་ཅི་ཙམ་དུ་བློ་རིག་འཕེལ་ན། དེ་ཙམ་དུ་ཆེས་སྤྱིར་བཏང་གི་བྱིས་བློ་འདི་དག་གི་ཁྲོད་ནས་བྱུང་བའི་སྙིང་རྗེ་གོ་ཅན་གྱི་གཏམ་རྒྱུད་རྟོག་བཟོ་བྱེད་མ་ཐུབ་པ་ཅི་རེད། དེ་ཙམ་དུ་ཕྱོགས་རིས་དང་དགའ་ཞེད་གང་ཡང་མེད་པར་མེས་པའི་མགོ་ཁུངས་ལ་བརྟག་དཔྱད་ཁ་མཚོན་གཅོད་མི་ཐུབ་རྒྱུ་ཅི་རེད། ཐ་ན་བློ་རིག་ཅི་ཙམ་འཕེལ་བ་ཙམ་གྱིས་བྱིས་བློ་ལས་ཐོན་པའི་གནའ་མིའི་ཁྱད་མཚར་གཏམ་རྒྱུད་དམ་བྱིས་གླུ་འདི་དག་ལ་མཐོང་ཆུང་བྱེད་རྒྱུ་ཅི་རེད།