དྲ་རྒྱའི་ཁམས་ཀྱི་རང་མགོན་བསྒྲགས་གཏམ།

 

སྟོབས་ཤུགས་དང་དབང་གྲགས་ཀྱིས་ཁེངས་བའི་བཟོ་ལས་དུས་རབས་ཀྱི་སྲིད་གཞུང་རྣམས་ལ། ང་ནི་དྲ་རྒྱའི་ཁམས་སྟེ་བསམ་གཞིགས་ཀྱི་ཁྱིམ་གཞིས་གསར་བ་ནས་ཡོང་བ་ཡིན། མ་འོངས་པའི་མིང་ཐོག་ནས། ངས་རྙིང་ཞེན་ཅན་གྱི་ཁྱོད་ཚོར་རེ་བ་བཏོན་པ་ཡིན། གང་ལེགས་ཤེ་ན། ང་ཚོའི་རང་དབང་ལ་ཐེ་གཏོགས་མ་བྱེད། ང་ཚོ་འདུ་འཛོམས་བྱེད་ས་རུ། སྒེར་གཅོད་པ་དང་དབང་གྲགས་ཅན་རྣམས་ལ་བདག་དབང་འཛིན་ས་མེད། དྲ་དམངས་ཚོས་ཁྱོད་ཚོར་དགའ་བསུ་མི་བྱེད།

ང་ཚོར་དམངས་འདེམས་སྲིད་གཞུང་མེད་ལ་མ་འོངས་བར་ཡང་ཡོད་མི་སྲིད། ངས་ད་ལྟ་སྲིད་གཞུང་ཐེ་གཏོགས་པ་ཚོར་སྐད་ཆ་བཤད་པ་ནི་རང་དབང་གི་སྐད་ཆའི་དབང་གྲགས་ཙམ་ཡིན། ད་ཡོད་ཀྱི་གོ་ལ་ཧྲིལ་པོའི་དྲ་རྒྱའི་སྤྱི་ཚོགས་ལ། ཁྱོད་ཚོས་བཙན་འགེལ་བྱས་པའི་སྲིད་དབང་སྒེར་གཅོད་ཀྱི་ཚོད་འཛིན་མི་ཐེབས་པ་ཐག་ཆོད་ཡིན། དྲ་དམངས་ཚོ་སྒེར་གཅོད་སྲིད་གཞུང་གི་སྒྲིག་ལམ་ལ་དོགས་སྣང་དང་ཞེད་སྣང་གང་ཡང་མེད།

སྤྱིར་བཤད་ན། སྲིད་གཞུང་གི་ལུགས་མཐུན་དབང་གྲགས་ནི་དབང་སྒྱུར་འབངས་མིའི་མོས་མཐུན་ལས་བྱུང་བ་རེད། ཁྱོད་ཚོས་ནམ་ཡིན་ཡང་དྲ་དམངས་ཀྱི་འདོད་བློ་ལ་རྒྱུས་ལོན་བྱེད་མྱོང་མེད་ལ། ང་ཚོའི་རེ་བར་བརྩི་སྲུང་བྱེད་མེད་མཐར། དྲ་དམངས་ཚོས་སྒེར་གཅོད་སྲིད་གཞུང་དགའ་བསུ་བྱེད་ཀྱིན་མེད། སྒེར་གཅོད་པ་ཚོ་དྲ་དམངས་ལ་ཆ་རྒྱུས་མེད་ལ། དྲ་རྒྱའི་འཇིག་རྟེན་ལ་ཆ་རྒྱུས་མེད། དྲ་རྒྱའི་འཇིག་རྟེན་ནི་རྒྱལ་ཁབ་ག་གེ་མོ་ཞིག་གི་ས་ཁོངས་སུ་ཚུད་མེད་ལ་སུས་ཀྱང་དེ་ལ་བདག་དབང་བཟུང་མེད། ཁོག་རྒྱ་ཆུང་བའི་སྲིད་གཞུང་མི་སྣ་དག་ལ་དྲ་རྒྱའི་འཇིག་རྟེན་ལྟ་བུ་འཇུགས་རྒྱུའི་ནུས་པ་མེད། འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་པའི་དྲ་རྒྱ་འདི་ནི་རང་བྱུང་གི་བྱ་སྤྱོད་ཅིག་ཡིན་པས། དེ་གང་ས་གང་གི་དྲ་དམངས་ཚོའི་ཐུན་མོང་གི་བྱ་སྤྱོད་ནང་ནས་སྐྱེ་འཕེལ་ཡོང་གི་རེད།

སྲིད་སྐྱོང་མི་སྣ་དག་ང་ཚོའི་ཚོགས་ཆེན་དུ་ཞུགས་མྱོང་མེད་ལ། ང་ཚོའི་འགྲོ་བ་མིའི་དཔལ་འབྱོར་སྤེལ་བའི་ལས་ཀར་རྒྱབ་སྐྱོར་གང་ཡང་བྱེད་མེད། ང་ཚོའི་རིག་གནས་དང་ཀུན་སྤྱོད། ང་ཚོའི་ཡིག་ཐོག་ཏུ་བཀོད་མེད་པའི་དྲ་རྒྱའི་ཁྲིམས་སྲོལ་བཅས་ལ་སྒེར་གཅོད་པ་ཚོས་ཅི་ཡང་ཤེས་ཀྱིན་མེད། དྲ་རྒྱའི་ཁྲིམས་སྲོལ་འདི་དག་གིས་དྲ་རྒྱའི་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་ཡོད་ལ། དེ་ནི་བཙན་ཤེད་གང་རུང་ཞིག་གིས་འཁྱོངས་ཐབས་ཟད།

སྒེར་གཅོད་པ་ཚོས་དྲ་དམངས་ལ་རྙོག་དྲས་ཁེངས་འདུག་ཟེར་ནས་དྲ་རྒྱའི་འཇིག་རྟེན་ལ་ཐེ་གཏོགས་བྱེད་ཀྱིན་ཡོད། ཁ་གཡར་ས་འདི་ལ་བརྟེན་ནས་ང་ཚོའི་དྲ་རྒྱའི་མངའ་ཁོངས་ལ་བཙན་འཛུལ་བྱས། སྲིད་གཞུང་གིས་བསྒྲགས་བཞིན་པའི་དྲ་རྒྱའི་རྙོག་དྲ་འདི་དག་ནི་ཁྱོན་ནས་མེད། རྙོག་དྲ་གསལ་བོ་ཐོན་པའི་སྐབས་དང་། དྲང་གཞག་མིན་པའི་སྐབས་སུ། ང་ཚོ་དྲ་དམངས་རྣམས་ཀྱིས་དེར་གསལ་འབྱེད་བྱས་ནས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་རྙོག་དྲ་ཐག་གཅོད་བྱེད་ཀྱིན་ཡོད། ཇི་སྐད་དུ་སྤྱི་ཚོགས་ནི་ཐུན་མོང་གི་ནག་རྒྱ་ཡིན་ཟེར་བའི་བསམ་བློ་འདི་ལ་བསྟུན་ནས། དྲ་རྒྱའི་སྤྱི་ཚོགས་སུ་རང་ཉིད་ཀྱི་སྤྱི་ཚོགས་གན་རྒྱ་གྲུབ་བཞིན་ཡོད། དྲ་རྒྱའི་བཅོས་སྐྱོང་གི་གཞི་འཛིན་ས་ནི་དྲ་རྒྱའི་འཇིག་རྟེན་ཡིན་པ་ལས་སྲིད་གཞུང་མངའ་ཁོངས་འོག་གི་སྲིད་པའི་འཇིག་རྟེན་མིན།

དྲ་རྒྱའི་འཇིག་སྟེན་ནི་ཉོ་ཚོང་དང་གང་ཟག་བར་གྱི་འབྲེལ་འདྲིས། མཉམ་སྤྱོད་ཀྱི་བསམ་བློ་བཅས་རང་ངོས་ནས་གྲུབ་པ་དང་། དེ་དག་ནི་རྟག་བརྟན་གྱི་རྦ་རླབས་ཤིག་དང་འདྲ་བར་དྲ་ཐོག་ཏུ་གཞི་ཆགས་བྱེད་བཞིན་ཡོད། དྲ་རྒྱའི་འཇིག་རྟེན་གང་སར་ཡོད་མོད། མིག་གི་འཚོལ་རྒྱུ་ནམ་ཡང་མེད། དྲ་རྒྱའི་འཇིག་རྟེན་ནི་ཆ་འཕྲིན་དང་མཉམ་སྤྱོད་བསམ་བློས་གྲུབ་པ་ཡིན། དེ་ལ་ཐོགས་རེག་སོགས་མེད།

ང་ཚོས་འཇིག་རྟེན་གསར་པ་ཞིག་གསར་སྐྲུན་བྱེད་བཞིན་ཡོད། གང་ཟག་སུ་ཡིན་རུང་འཇིག་རྟེན་འདིར་ཞུགས་ཆོག་པ་ལས་རིགས་རྒྱུད་དང་། དཔལ་འབྱོར་སྟོབས་ཤུགས། དྲག་ཤུགས། སྐྱེ་ས་བཅས་ནས་ཐོན་པའི་དམིགས་བསལ་དབང་ཆའམ་ཕྱོགས་ཞེན་ཡོད་མེད་ལ་བསམ་བློ་གཏོང་མི་དགོས།

ང་ཚོས་འཇིག་རྟེན་གསར་བ་ཞིག་གསར་གཏོད་བྱེད་བཞིན་ཡོད། གང་ཟག་སུ་ཡིན་རུང་གང་ས་གང་ནས་ཁོ་དང་ཁོ་མོའི་དད་མོས་བརྗོད་ཆོག དད་མོས་དེ་དག་ནི་ཅི་འདྲའི་ཡ་མཚན་ཅན་ཡིན་རུང་། རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་བརྗོད་པར་དོགས་སྣང་གང་ཡང་སྐྱེས་མི་དགོས།

སྲིད་པའི་སྤྱི་ཚོགས་ཀྱི་རྒྱུ་ནོར་དང་། སྐད་ཆ། ཐོབ་ཐང་གི་ལྟ་བ། གནས་སྤོ་བཅས་སྐོར་གྱི་བཅའ་ཁྲིམས་དང་གོམས་སྲོལ་དེ་ཚོ་དྲ་དམངས་ལ་སྤྱད་མི་འཐུས། གང་ལེགས་ཤེ་ན། སྲིད་པའི་སྤྱི་ཚོགས་ནི་ནོར་ལོངས་སྤྱོད་ལ་དམིགས་ནས་བཙུགས་པ་ཡིན་ལ། འོན་ཀྱང་དྲ་རྒྱའི་ཁམས་སུ་རྒྱུ་ནོར་དང་རྫས་རིགས་གང་ཡང་སྤྱོད་ཀྱིན་མེད།

དྲ་རྒྱའི་ཁྲོད་ཀྱི་བཅོས་ཐབས་ནི་མི་ཆོས་དང་མཐུན་ལ། དཔྱོད་ལྡན་ངང་རང་ཕན་དང་སྤྱི་ཕན་ཁྲོད་ནས་སྤྱི་ཚོགས་ལ་ལེགས་འབྲས་སྨིན་ཐུབ་རྒྱུ་བྱུང་བར་ང་ཚོར་ཡིད་ཆེས་ཡོད། དྲ་དམངས་ཀྱི་ཐོབ་ཐང་ཕལ་ཆེར་སྲིད་པའི་སྤྱི་ཚོགས་ཀྱི་ཁྲིམས་ལུགས་མང་པོའི་ཁྲོད་དུ་ཁྱབ་ཡོད། འགྲོ་བའི་ཁྲིམས་འཛུགས་རིག་གནས་ཡོངས་ཁྱབ་ཏུ་ཁས་ལེན་བྱུ་པའི་བཅའ་ཁྲིམས་ཆོས་ཉིད་འདི་འདྲ་ཞིག་ཡིན་པ་སྟེ། དེ་ནི་རང་གིས་བྱེད་འདོད་མེད་པ། གཞན་ལ་བྱེད་དུ་མ་བཅུག་ཅེས་པ་དེ་རེད། ང་ཚོའི་རེ་བ་ཡིན་ན་རྨང་གཞི་འདིའི་སྟེང་ནས་ང་ཚོའི་ཁྱད་པར་ཅན་གྱི་ཐག་གཅོད་བྱེད་ཐབས་གཏན་འཁེལ་བྱེད་དགོས། འོན་ཀྱང་ང་ཚོས་སྒེར་གཅོད་པས་བཙན་འགེལ་བྱས་པའི་ཐག་གཅོད་བྱེད་ཐབས་དང་ལེན་མི་བྱེད།

 

དྲ་རྒྱའི་ཆེད་མཁས་བ་དང་འགྲོ་བ་མིའི་དྲ་རྒྱའི་ཐོབ་ཐང་སྲུང་འཛིན་པ་

དམ་པ་ཡོ་ཧན· P· བྷ་རོམ་གྱིས་

༡༩༩༦ལོའི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་

སུའུ་ཟེ་རྒྱལ་ཁབ་གྱི་གྲོང་ཁྱེར་ཏཨོ་སི་ནས།