ལྷིང་འཇགས་ཀྱི་དཔྱིད་ཀ མགོ་བརྗོད།

ཨ་རིའི་སྲིད་འཛིན་གཞོན་པ། གོར།

དམངས་ཡོངས་ཀྱིས་འདེམ་བསྐོ་བྱས་ནས་བྱུང་པའི་གཞུང་ཞབས་པ་ཞིག་ལ་ཆ་བཞག་ན། ༼ལྷིང་འཇགས་ཀྱི་དདཔྱིད་ཀ༽བྱ་བའི་དེབ་འདི་ལ་མགོ་བརྗོད་བྲིས་ན་རང་ནུས་ཞན་མིན་འགྲོ་འམ་སྙམཔའི་དོགས་པ་སྐྱེས། དེབ་ཐེབ་འདི་ནི་དྲན་རྟེན་རྡོ་རིང་ཆེན་མོ་ཞིག་སྟེ་དེའི་ཁྲོད་དུ་འཁོད་ཀྱིན་པའི་བསམ་བློ་ནི་ཆབ་སྲིད་པ་གང་རུང་གི་སྟོབས་ཤུགས་ལས་ཀྱང་དྲག་ཆེ་ལ། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་མཉམ་གནས་ཀྱི་སྐོར་ལ་དགག་ཐབས་བྲལ་བའི་བདེན་དཔང་སྤྲད་ཟིན་པ་རེད། ༡༩༦༢ལོར་དེབ་འདི་ཐོག་དང་པོར་པར་སྐྲུན་བྱས་དུས། སྤྱི་བྱིབས་ཀྱི་སྲིད་ཇུས་གྲོས་གཞི་ཁྲོད་དུ་ད་དུང་ཁོར་ཡུག་ཟེར་བའི་མིང་བརྡ་འདི་བེད་སྤྱོད་བཏང་མེད། གྲོང་ཁྱེར་ཆེན་པོ་ཁ་ཤས་སུ། ལྷག་པར་གྲོང་ཁྱེར་ལོཟི་ཨན་ཇི་ལ་ཟི་ལ་ཆ་བཞག་ན། དུ་སྨུག་ནི་སྐྱེ་ཁམས་དོན་རྐྱེན་ཆེན་པོའི་བྱུང་རྐྱེན་ཡིན་ནའང་། མི་རྣམས་ལ་དེའི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་འགྲོ་རང་སྟེང་ལ་གནོད་འཚེ་ཚད་མེད་ཕོགས་སྲིད་པའི་འདུ་ཤེས་ད་དུང་སྐྱེས་མེད།

༡༩༦༠ལོའི་ཨ་རིའི་སྲིད་ཏང་གཉིས་ཀྱི་རྩོད་གླེང་ཁྲོད་དུ་སྔ་མོ་ནས་ཁོར་ཡུག་རིང་ལུགས་ཀྱི་ལྟ་བའི་འབྱུང་ཁུངས་སྟེ་ཐོན་ཁུངས་སྲུང་སྐྱོབ་བྱ་བའི་མིང་བརྡ་འདི་བྱུང་ཟིན་པ་རེད། འོན་ཀྱང་མིག་སྔར་ད་གཟོད་འབྲེལ་ཡོད་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་ཁོར་ཡུག་སྐོར་གྱི་ཁྲིམས་སྲོལ་ཁྲོད་དུ་ཐེངས་མང་པོར་འབྲེལ་ཡོད་ཀྱི་དོན་ཚན་དང་མིང་བརྡ་བྱུང་བ་རེད། འདས་ཟིན་པའི་ལོ་ཟླའི་ཁྲོད་དུ་ཚན་རྩལ་སྐོར་གྱི་དུས་བེད་ཉུང་ཤས་ཙམ་གྱི་ཁྲོད་དུ་མ་གཏོགས་ཞིང་ལས་དུག་སྨན་བེད་སྤྱོད་ཀྱི་ཚད་གྲངས་ཇེ་མཐོར་སོང་ནས་འབྱུང་འགྱུར་གྱི་ཉེན་ཁ་གང་མང་སྔ་ལྟས་སུ་གྱུར་བཞིན་པའི་སྐོར་ལ་བགྲོ་གླེང་གང་ཡང་བྱེད་ཀྱིན་མེད། དེབ་འདི་ནི་ཐང་སྟོང་སྐྱ་མོའི་ཁྲོད་དུ་ཀི་རིང་ཞིག་རྒྱབ་པ་ཇི་བཞིན་གཏིང་ཟབ་པའི་ཞིབ་འཇུག་གི་མཐོང་སྣེ་དང་ཡོངས་ཁྱབ་ཅན་གྱི་བདེན་དཔང་། ཟློག་ཐབས་མེད་པའི་ལུང་རིགས་བཅས་ཀྱིས་མིའི་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་དོ་སྣང་བྱེད་པའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཐེབས་སུ་བཅུག གལ་ཏེ་དེབ་འདི་མེད་རྒྱུ་ན། ཁོར་ཡུག་ལས་འགུལ་དང་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་འདུ་ཤེས་དང་བྱེད་སྒོ་གང་མང་ལ་འགོར་འགྱངས་བྱེད་ངེས་ལ། སྟབས་མ་ལེགས་ཚེ་དུས་རབས་ཉེར་གཅིག་པར་ཡང་འདིའི་སྐོར་ལ་ངེས་ཤེས་གང་ཡང་མེད་སྲིད།

དཔེ་དེབ་འདིའི་རྩོམ་པ་པོ་ནི་ཉ་རིགས་དང་རི་སྐྱེས་སྲོག་ཆགས་ཞིབ་འཇུག་པ་ཞིག་རེད། དེ་བས་ཁྱེད་ཀྱིས་དེབ་འདིའི་ཁྲོད་དུ་འཁོད་པའི་ནང་དོན་ལ་དང་ཐོག་གི་དུས་སུ་དགག་པ་ཚད་མེད་བྱུང་བར་ཧང་སངས་མི་དགོས། རྫས་འགྱུར་ཁེ་ལས་མང་ཤོས་ཀྱིས་དེབ་འདི་པར་སྐྲུན་བྱེད་པར་ངོ་རྒོལ་བྱེད་པ་རེད་ལ། དཔེ་དེབ་འདིའི་ཁྲོད་ཀྱི་ནང་དོན་དུམ་བུ་ཁ་ཤས་སྐད་གྲགས་ཅན་གྱི་དུས་དེབ་ཁྲོད་དུ་བཀོད་རྗེས། སྐབས་ཐོག་དེར་མི་ཁ་ཤས་ཀྱིས་རྩོམ་པ་པོའི་དགོངས་པ་ཕྱོགས་ལྷུང་དང་ལུགས་འགལ་རེད་ཟེར་ནས་སྡིགས་མོ་བྱེད། དུས་ད་ལྟ་ཡིན་ནའང་ཁོར་ཡུག་འབག་བཙོག་ལ་བརྟེན་ནས་འཚོ་རྟེན་དང་ཁེ་སྤོགས་འཚོལ་བཞིན་པའི་ཁེ་ལས་དང་མི་སྒེར་གང་རུང་གིས་དཔེ་དེབ་འདི་གླེང་ཚེ། ད་དུངའང་སྡིགས་མོ་བྱེད་པའི་གནས་ཚུལ་གང་ས་གང་ན་ཐོས་རྒྱུ་འདུག དེབ་འདི་ལ་ཕྱོགས་གཅིག་ནས་བསམ་གྱིས་མི་ཁྱབ་པའི་བསྟོད་བསྔགས་ཀྱི་མཆོད་པ་བཤམས་ཀྱིན་ཡོད་ནའང་། ཕྱོགས་གཅིག་ནས་ཆེས་ཛ་དྲག་གི་སྡིགས་མོ་ཐེབས་ཀྱིན་འདུག

རེའེ་ཆཱིར · ཁཱར་སིན་ལ་སྐྱོན་བརྗོད་ཐེབས་པའི་གནས་ཚུལ་ནི་༼རིགས་རྒྱུད་མགོ་ཁུངས་༽བྲིས་ནས་སྐྱོན་བརྗོད་ཚད་མེད་ཐེབས་པའི་ཏཱར་ཝུན་གྱི་གནས་ཚུལ་དང་འདྲ། མ་ཟད་རྩོམ་པ་པོ་ནི་སྐྱེས་མ་ཡིན་ཕྱིན། སྐྱོན་བརྗོད་ཁ་ཤས་ཆོས་མ་མི་རྟོན་པར་གང་ཟག་ལ་རྟོན་ནས་ཁོ་མོའི་ལུས་རྟེན་ལ་དགག་པ་རྒྱག་མཁན་ཤིན་ཏུ་མང་། མ་ཟད་ཁ་ཤས་ཀྱིས་མོ་རང་ཐལ་དྲགས་འདུག་ཟེར་ནས་སྐྱོན་བརྗོད་བཏང་། ༼དུས་རབས༽དུས་དེབ་ཀྱིས་ཁོ་མོར་མང་ཚོགས་ལ་གཡོ་བསླུ་གཏོང་བཞིན་འདུག་ཟེར་ནས་མཚང་འདོན་བྱེད། ཁོ་མོ་ཚན་རིག་པ་ཞིག་ཡིན་པའི་མཚན་སྙན་ལའང་གནོད་པ་ཚད་ཆེན་ཐེབས་པ་དང་། ཁོ་མོའི་ཞིབ་འཇུག་གི་ཁ་གཏད་དུ་ལངས་ཡོད་པའི་ཞིབ་འཇུག་ལས་ཁུངས་དང་ཞིབ་འཇུག་མི་སྣར་རྫས་འགྱུར་ཁེ་ལས་གང་མང་གིས་མ་དངུལ་དང་དྲིལ་བསྒྲགས་གཉིས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད། དེ་ནི་འགྲན་རྩོད་ཆེན་མོ་ཞིག་ཡིན་ལ། ཕྱོགས་གཅིག་ན་རྒྱུ་ནོར་གྱིས་རྒྱབ་སྐྱོར་ཡོད་པ་དང་སྡང་སེམས་ཆེ་བའི་ཁེ་ལས་ཚོགས་པ་ཡིན་ལ། ཕྱོགས་གཅིག་ནེ་སྨྱུག་གུ་ཕྲ་མོ་བཟང་ནས་གདོང་གཏོད་ཀྱིན་པའི་དཔེ་དེབ་འདིའི་རྩོམ་པ་པོ་ཡིན།

རྩོད་གླེང་འདིའི་ཁྲོད་དུ། རྩོམ་པ་པོས་དོན་དངོས་ལ་གཞི་འཇོག་པ་དང་བླ་ན་མེད་པའི་སྤོབས་པ་ལ་བརྟེན་ནས་རྒྱལ་ཁ་ཆེན་པོ་ཐོབ། མོས་དཔེ་དེབ་ཁྲོད་དུ་འཁོད་པའི་སྐད་ཆ་རེ་རེ་ལ་ཡང་དང་ཡང་ཏུ་བསམ་བློ་བཏང་ཡོད་པ་རེད། མོས་བཏོན་པའི་གདམས་ངག་ནི་གཏོང་ཟབ་ལ་འོན་ཀྱང་ཚིག་བརྗོད་གོ་སླ། མོས་སྤོབས་པ་དང་མཐོང་རྒྱ་ནི་ཁོ་མོའི་ཁ་གཏད་དུ་ལངས་བའི་རྫས་འགྱུར་ཁེ་ལས་དང་བསྡུར་ན་ལྡབ་འགྱུར་གྱི་མང་པ་རེད་ལ། ཁོ་མོས་དཔེ་དེབ་འདི་གསར་རྩོམ་བྱེད་ཀྱིན་པའི་སྐབས་སུ། ནུ་མ་བཤགས་བཅོས་བྱས་ཚར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱངས་བཞིན་ཡོད་པ་རེད་ལ། དུས་གཅིག་ལ་ད་དུང་འགྱེད་འཕྲོ་འོད་ཀྱི་སྨན་བཅོས་བྱེད་ཀྱིན་འདུག དཔེ་ཆ་འདི་པར་སྐྲུན་བྱེད་ནས་ལོ་གཉིས་འགོར་རྗེས་མོ་རང་ནུ་མའི་འབྲས་སྐྲན་རྐྱེན་བྱེད་དེ་ཚེ་ལས་འདས་ཟིན། ཡ་ང་བ་ཞིག་ལ། འབྲས་སྐྲན་འབྱུང་རྐྱེན་ནི་དུག་སྨན་ཞིབ་འཇུག་རེད། སྙུང་གཞི་འདིས་རྫས་འགྱུར་དུག་སྨན་གྱིས་མིའི་རིགས་དང་སྐྱེ་ཁམས་དོ་མཉམ་ལ་གནོད་འཚེ་ཆེན་པོ་གཏོང་གིན་ཡོད་པར་ར་སྤྲོད་བྱེད་ཡོད།

མོས་གསུང་རྩོམ་ཁྲོད་དུ་ཚན་རིག་གསར་བརྗེ་དུས་སྐབས་ནས་དར་ཡོང་བའི་ལྟ་བ་རྙིང་པར་དེ་དག་ལ་ངོ་རྒོལ་བྱེད་ཡོད། གང་ཟག་ནི་འཇིག་རྟེན་འདིའི་ལྟེ་བ་དང་བདག་འཛིན་པ་ཡིན་པར་འདོད་པ་དང་། ཚན་རིག་གི་ལོ་རྒྱུས་ཁྲོད་དུ་སྐྱེས་པ་མ་གཏོགས་སྐྱེས་མ་བཞུགས་མྱོང་མེད་པའི་ལོ་རྒྱུས་ཁྲོད་ཀྱི་གནས་བབ་འོག་ནས། ཁོ་མོའི་གསུང་རྩོམ་དང་ལྟ་བས་ཚན་རིག་པ་དང་གཞན་དག་ལ་གནོན་ཤུགས་ཆེན་པོ་ཐེབས་སུ་བཅུག བུད་མེད་ཞིག་གིས་སྲོལ་རྒྱུན་གྱི་སྐྱེ་ཁམས་ལྟ་ཚུལ་དང་ཞིབ་འཇུག་ཁ་ཕྱོགས་ཀྱི་ལས་སུ་བཞུགས་སྐབས། ཁེངས་རློམ་ཅན་གྱི་ཚན་རིག་པ་རོབ་ཐི·ཝེ་ཐི·སི་ཏེ་ཝིན་སི་ལགས་ཀྱིས་རྩོད་གླེང་གི་གནད་ནི་ཁཱར་སིན་གྱིས་རང་བྱུང་གི་དོ་མཉམ་ནི་མིའི་རིགས་འཚོ་གནས་ཀྱི་རྨང་གཞིར་འདོད་པ་དེ་རེད་ལ། འོན་ཀྱང་ཉེ་དུས་ཀྱིས་རྫས་འགྱུར་རིག་པ་དང་སྐྱེ་དངོས་རིག་པ། ཚན་རིག་པ་བཅས་མིའི་རིགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ང་ཚོས་རང་བྱུང་ཁམས་ལ་ཚོད་འཛིན་བྱེད་ཡོད་ཞེས་དགག་ལན་བྱིན་པ་རེད། ལྷག་པར་དུ་དེ་དུས་ཀྱིས་རང་བྱུང་ཁམས་ཀྱི་འདོད་ཚུལ་ཡང་དག་མ་ཡིན་པ་དེ་དག་གིས་ཁཱར་སིན་གྱི་ལྟ་བ་ལ་རིན་ཐང་ཆེན་པོ་ལྡན་པ་མཚོན་ཐུབ་བྱུང་། ཚོང་ལས་ཁེ་ཕན་དང་འབྲེལ་བའི་ཁེ་ལས་ཚོགས་པ་སོགས་ཕར་ཞོག ཐ་ན་སྨན་བཅོས་ལས་རིགས་དང་ཨ་རིའི་སྨན་བཅོས་ཐུན་ཚོགས་ཀྱང་རྫས་འགྱུར་ཁེ་ལས་དག་གི་ཕྱོགས་གཅིག་ཏུ་ལངས་ཕྱོགས་བཟུང་ཡོད། དེ་མ་ཟད། སྲིན་འབུ་བཅོམ་བྱེད་ཀྱི་དུག་རྫསDDTགསར་རྙེད་བྱུང་མཁན་དེ་ལ་ནོལ་བྷེ་བྱ་དགའ་ཐོབ་སོང་པ་རེད།

དེ་ལྟར་ནའང་། བརྩམས་ཆོས་༼ལྷིང་འཇགས་ཀྱི་དཔྱིད་ཀ༽ནི་ལྷིང་འཇགས་ཡིན་མི་སྲིད། དཔེ་དེབ་ཁྲོད་དུ་བཏོན་པའི་གནད་དོན་ཚང་མ་སྐབས་གཅིག་ཉིད་ལ་ཐག་གཅོད་བྱེད་དཀའ་ན་ཡང་། འོན་ཀྱང་དཔེ་ཆ་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཐོབ་པ་རེད། ཞོར་དུ་ཞུ་རྒྱུ་ལ། ཁཱར་སིན་ལ་སྔོན་ཆད་བྲིན་ཆེ་དཔེ་ཆ་གཉིས་ཡོད་པའི་དབང་གིས་ཁོ་མོ་དཔལ་འབྱོར་སྟེང་ནས་སྒེར་ཚུགས་ཀྱི་ཞིབ་འཇུག་བྱེད་ཐུབ་ལ་མང་ཚོགས་ཀྱིས་ཁོ་མོར་ཡིད་རྟོན་བྱེད་ཀྱིན་ཡོད། དཔེ་ཆ་མིང་ལ༼ང་ཚོའི་ཉེ་འགྲམ་གྱི་རྒྱ་མཚ༽དང་༼མཚོ་ངོགས༽ཟེར། གལ་ཏེ་བརྩམས་ཆོས་༼ལྷིང་འཇགས་ཀྱི་དཔྱིད་ཀ༽འདི་ལོ་བཅུའི་སྔོན་ནས་པར་སྐྲུན་བྱེད་ཡོད་རྒྱུ་ན། དེ་ལ་གྲགས་འགུལ་ཅི་ཡང་མེད་པར་དཔེ་ཆ་རང་ག་བའི་གྲས་སུ་ཚུད་ཐག་ཆོད་ཡིན། འོན་ཀྱང་འདས་བའི་ལོ་བཅུའི་རིང་ལ་ཨ་རིའི་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འདུ་ཤེས་སྐྱེས་ཡོད་པ་ཡིན་པས། གོང་གི་དཔེ་ཆ་གསུམ་པའི་ནང་དོན་ལ་མཉམ་འཇོག་དང་དོ་ཁུར་བྱེད་ཡོད་པ་ཅན་ནི་ཤིན་ཏུ་མང་། ཕྱོགས་གཅིག་ནས་བཤད་ན། ཁོ་མོ་ནི་ཁོར་ཡུག་འདུ་ཤེས་ཀྱི་བསམ་བློའི་རླབས་རྒྱུན་འདི་དང་འགྲོགས་ནས་མཚན་སྙན་གྲགས་པ་རེད།

ཐ་མར། སྲིད་གཞུང་དང་མང་ཚོགས་བཅས་ཕྱོགས་ཀུན་ནས་ལས་འགུལ་འདི་ལ་བཞུགས་པ་རེད། དཔེ་ཆ་འདིའི་ཀློག་པ་པོ་ལས་གཞན་ད་དུང་ཚགས་པར་དང་བརྙན་འཕྲིན་བརྒྱུད་ནས་བརྩམས་ཆོས་འདི་རྣ་ཐོས་བྱུང་ཡོད་པ་ཙན་དག་ཡང་ལས་ཀར་འདིར་བཞུགས་བྱུང་། ༼ལྷིང་འཇགས་ཀྱི་དཔྱིད་ཀ༽ཚོང་རར་བཀྲམ་ནས་འབུམ་ལྔ་ཙམ་བཙོང་ཚར་རྗེས། CBSབརྙན་འཕྲིན་ཁང་གིས་དཔེ་ཆ་འདི་ལ་ཆུ་ཚོད་གཅིག་རིང་གི་ལེ་ཚན་བཟོས་བྱུང་ལ། ཡུན་རིང་པོར་བསྐྱར་གཏོང་བྱེད་རྒྱུ་བྱུང་སོང་། དུས་སྐབས་དེའི་ཨ་རིའི་སྲིད་འཛིན་ཁི་ནེ་ཊེ་ལགས་ཀྱིས་རྒྱལ་ཡོངས་གྲོས་ཚོགས་སྐབས་སུ་དཔེ་ཆ་འདི་ལ་གྲོས་བསྡུར་བྱུང་མྱོང་། ཆེད་དུ་རྩད་གཅོད་སྡེ་ཚན་ཞིག་བཙུགས་ནས་དཔེ་ཆ་འདིའི་ཁྲོད་ཀྱི་ལྟ་བ་ལ་ཞིབ་དཔྱོད་གཏོང་རུ་བཅུག ཆེད་དོན་རྩད་གཅོད་སྡེ་ཚན་འདིའི་ཞིབ་དཔྱོད་མཐའ་འབྲས་སུ་འབུ་གསོད་དུག་རྫས་ཀྱི་ཉེས་དམིགས་ལ་ཁ་མཚོན་བཅད་ཡོད་པ་རེད་ལ། ཁེ་ལས་དང་ཚོང་སྲིད་ངན་འབྲེལ་བྱེད་ནས་དུག་རྫས་སྣ་ཚོགས་ཁོར་ཡུག་ཁྲོད་དུ་དོར་བ་ནི་ཉེན་ཁ་ཆེན་པོ་ཡོད་པའི་ལས་ཀ་ཡིན་པ་ངེས་འཛིན་བྱེད། ཅུང་ཟད་མ་འགོར་བར། རྒྱལ་ཡོངས་གྲོས་ཚོགས་ཀྱིས་གནད་དོན་འདི་ལ་དོ་སྣང་ཆེན་པོ་བྱེད་ནས་ཞིང་ལས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་བཙུགས་རྩ་བཙུགས་དང་པོ་དེ་དངོས་སུ་ཚུགས་པ་རེད།

བརྩམས་ཆོས༼ལྷིང་འཇགས་ཀྱི་དཔྱིད་ཀ༽ཡིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འདུ་ཤེས་ཀྱི་ས་བོན་བཏབ་ཟིན་པ་རེད་ལ། དེ་རུ་འཁོད་པའི་འདུ་ཤེས་གང་མང་ཞིག་གིས་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག་ཡོད། ༡༩༦༤ལོའི་དཔྱིད་ཀར་རེའེ་ཆཱིར · ཁཱར་སིན་ཚེ་ལས་འདས་རྗེས། གནད་དོན་ཡོད་ཚད་གསལ་སོང་ལ་ཁོ་མོའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྐད་གདངས་དེ་ལ་དུས་ནམ་ཡིན་ཡང་ཡལ་བ་མེད། ཁོ་མོས་སྐུལ་སློང་བྱུང་བ་ནི་ཨ་རི་རྒྱལ་ཁབ་གཅིག་པུ་མ་ཡིན་པར། གོ་ལ་ཧྲིལ་བོར་དྲན་སྐུལ་ཐེབས་པ་རེད། ༼ལྷིང་འཇགས་ཀྱི་དཔྱིད་ཀ༽དཔེ་སྐྲུན་བྱེད་པ་འདི་ནི་དེང་སྐབས་ཁོར་ཡུག་ལས་འགུལ་བྱེད་སྒོ་ཡོད་ཚད་ཀྱི་འགོ་ཁུངས་སུ་བརྩིས་ན་འགྲིག

ཚན་རིག་པ་ཞིག་ཡིན་པའི་ཆ་ནས་བཤད་ན། རའེ་ཆཱིར · ཁཱར་སིན་ནི་ཁེར་རྐྱང་གི་གྲས་སུ་ལུས་འགྲོ། ལྷག་པར་དུ་དཔོན་རིགས་ཆེ་ཆུང་གི་གྲས་ནས་ལྷག་པར་དེ་འདྲ་རེད། ཁོ་མོར་ཨ་རིའི་ལྷོ་ཕྱོགས་ཁུལ་གཅིག་ནས་བུད་མེད་ཞིག་གི་དུག་རྫས་བེད་སྤྱོད་སེམས་ཁྲལ་སྐོར་གྱི་འཕྲིན་ཡིག་འབྱོར་རྗེས། ཁོ་མོས་མྱུར་དུ་སྐྱེ་ཁམས་དང་སྐྱེ་འགྲོ་ཡོངས་ཀྱི་ལས་དབང་ལ་ཐུགས་ཁུར་ཆེན་པོས་ཚུལ་དུ་༼ལྷག་འཇགས་ཀྱི་དཔྱིད་ཀ༽བྱ་བའི་བརྩམས་ཆོས་འདིའི་སྐྱ་ཐིག་བྲིས་ཚར་བ་རེད། ད་ལྟ། ཁོ་མོའི་དུས་ཡུན་རིང་པོར་དཔོན་རིགས་སྣ་ཚོགས་ལ་རྒོལ་ལན་ཕྱིན་སྟབས། སྐྱེ་ཁམས་ཁོར་ཡུག་གི་ཁྲོད་དུ་བག་མེད་དུ་དུག་རྫས་འཕེན་པའི་ལས་སྲོལ་འདི་རྩ་བ་ནས་རྒྱུན་ཆད་པ་རེད་ལ། མིའི་རིགས་དང་འདབ་ཆགས་རིགས་ཀྱི་འབྲེལ་བ་ཡང་སྔར་དང་བསྡུར་ན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཁོ་མོས་བརྩམས་ཆོས་འདིས་བགྲང་གི་མི་ལང་བའི་མིའི་རིགས་དང་སྲོག་ཆགས་གཞན་པའི་ཚེ་སྲོག་སྐྱོབ་ཡོད།

ཨ་རིའི་བྲན་གཡོག་ལམ་ལུགས་ནི་སྨྱུག་རྩེ་དང་ཁྲོམ་བསྒྲགས་ལ་བརྟེན་ནས་རྩ་མེད་དུ་གཏོང་ཐུབ་པ་ཡིན་མོད། ཡིན་ན་ཡང་རྫས་འགྱུར་དུག་རྫས་ཀྱིས་ཁོར་ཡུག་བརླག་པ་དེ་རྩ་མེད་དུ་གཏོང་མི་ཐུབ། འེ་ཆཱིར · ཁཱར་སིན་ལགས་ཀྱིས་ཧུར་ཐག་འབད་བརྩོན་བྱེད་ནས་དུག་རྫས་སྤྱོད་པར་བཀག་འགོག་བྱེད་ན་ཡང་ཁོར་ཡུག་ཇེ་རྩུབ་དུ་འགྲོ་བཞིན་པའི་གནས་ཚུལ་དེ་ལ་མྱུར་མོར་ཕན་འབྲས་བཟང་པོ་ཐོགས་ཐུབ་མ་སོང་། དེ་ལས་ལྡོག་དེ་ཇེ་སྡུག་ཇེ་རྩུབ་དུ་ཕྱིན་སོང་། གནོད་འཚེ་མ་བྱུང་སྔོན་དུ་ང་ཚོས་སྐྱེ་ཁམས་བཙོག་གྱུར་གྱི་ཐད་ལ་དོ་སྣང་གང་ཡང་ཡོད་མི་འདུག བརྩམས་ཆོས་འདི་དཔེ་སྐྲུན་བྱེད་པ་ནས་བཟུང་། ད་རུང་ཡང་ཞིང་རའི་ནང་ན་ལོ་རེར་དུག་རྫས་ཏུན་དུང་ཕྱུར་༡༡རེ་བཟོ་བཞིན་ཡོད། ཉེན་ཁ་ཅན་གྱི་རྫས་འགྱུར་དུག་རྫས་ཐོན་ཚད་སྔར་དང་བསྡུར་ན་བརྒྱ་ཆའི་བཞི་བརྒྱ་འཕེལ་འདུག ཨ་རི་ནས་བེད་སྤྱོད་བྱེད་མི་ཆོག་པའི་དུག་རྫས་སྣ་ཚོགས་དེ་བཟོ་གྲྭ་སོ་སོ་ནས་བཟོས་ཚར་རྗེས་རྒྱལ་ཁབ་གཞན་པར་ཕྱིར་འདྲེན་བྱེད་ཀྱིན་འདུག དེ་ལྟར་བྱེད་པ་ལ་ཞིབ་མོར་བསམ་བློ་བཏང་ན། དུག་རྫས་ཕྱིར་འཚོང་བྱེད་པ་དེ་ནི་རང་གི་མི་འདོད་པའི་སྐྱེ་ཁམས་གནོད་འཚེའི་ངན་འབྲས་དེ་མི་རིགས་གཞན་དང་རྒྱལ་ཁབ་གཞན་པར་ཁེངས་རློམ་གྱི་བཙོང་བཞིན་པ་དང་གཉིས་སུ་མ་མཆིས། ཨ་རིའི་དུག་རྫས་ཕྱིར་འཚོང་གི་ལས་ཀ་དེ་ནི་ཚན་རིག་ལ་རྒྱལ་ཁབ་གྱི་ས་མཚམས་མེད་ཞེས་པའི་འདུ་ཤེས་དང་ཚན་རིག་གིས་འགྲོ་བ་མིའི་འཚོ་བ་ཡར་སྐུལ་གྱི་ཆེད་དུ་འབད་དགོས་ཞེས་པའི་རྩ་བའི་འདུ་ཤེས་ལ་འགལ་བ་ཆེན་པོ་བྱུང་ཡོད་འདུག གང་ལེགས་ཞེ་ན། ས་ཆ་གང་ཞིག་གི་སྐྱེ་འགྲོ་ལ་གནོད་འཚེ་ཐེབས་ན་དེ་ནི་འཛམ་གླིང་ཧྲིལ་བོའི་སྐྱེ་ཁམས་ཕུང་བོ་ལ་གནོད་པ་ཐེབས་པ་རེད་འདུག

༡༩༩༢ལོར། ཁ་ལས་ཤིན་ཏུ་དར་བའི་ཨ་རིའི་མཁས་དབང་ཞིག་གིས་བརྩམས་ཆོས་༼ལྷིང་འཇགས་ཀྱི་དཔྱིད་ཀ༽འདི་འདས་ཟིན་པའི་ལོ་ངོ་ང་བཅུའི་ཁྲོད་དུ་ཆེས་ཤུགས་རྐྱེན་ཆེ་བའི་དཔེ་དེབ་ཀྱི་གྲས་སུ་བཞག་ཆོག་ཞེས་བཤད་ཡོད་པ་རེད། ལོ་གང་མང་སོང་ཡང་། དཔེ་དེབ་འདིའི་ཁྲོད་དུ་བཀོད་ཟིན་པའི་ནང་དོན་ནི་སློབ་གསོའི་རང་བཞིན་ལྡན་པ་སྟེ། མིའི་རིགས་ནི་ནམ་ཡིན་ཡང་སྐྱེ་ཁམས་ཀྱི་གྲུབ་ཆ་ཡིན་པ་ལས་དེའི་བདག་པོ་མ་རེད། དེ་མ་ཟད། དཔེ་དེབ་འདིས་ཀློག་པ་པོ་གང་མང་མང་ལ་ཁོར་ཡུག་སྲུང་སྐྱོབ་ནི་བཟོ་ལས་ལས་ཁུངས་དང་སྲིད་གཞུང་རྐྱང་རྐྱང་གི་དོན་དག་དང་འགན་ཁུར་མིན་པར། མང་ཚོགས་རེ་རེ་དང་སྤྱི་དམངས་རེ་རེ་ཡིས་དེ་ཁྲོད་དུ་ལག་རྗེས་འཇོག་ཐུབ་པ་རེད། དེ་བས། ད་ལྟའི་དུས་སྐབས་སུ་ཁོར་ཡུག་བཙོག་བསྒྱུར་བྱེད་པའི་སྣང་ཚུལ་བྱུང་རྗེས་སྲིད་གཞུང་གི་ལས་ཀ་གང་ཡང་མ་བྱེད་ཚེ། མཛད་སྤྱོད་པ་དང་མང་ཚོགས་ཀྱིས་ཀྱང་དེ་ཁྲོད་དུ་དོ་སྣང་ཆེན་པོ་བྱེད་རེད། ཟས་རིགས་ཁྲོད་དུ་དུག་རྫས་ཉུང་དགོས་པ་དང་དུག་རྫས་གཞི་ནས་སྤྱོད་མི་ཆོག་པ་ནི་ཚོང་རའི་བྱེད་ཕྱོགས་གཙོ་བོ་ཞིག་ལ་གྱུར་བ་མ་ཟད། སྔོན་ཐོན་རྒྱལ་ཁབ་ཁ་ཤས་སུ་དེ་ནི་ཀུན་སྤྱོད་ལ་འབྲེལ་བའི་གནས་དོན་ཞིག་ཏུ་ཆགས་འདུག སྲིད་གཞུང་དང་ཁེ་ལས། མང་ཚོགས་སྣེ་གསུམ་ནས་མཉམ་འབྲེལ་དང་དོ་སྣང་བྱེད་མཐར། དུག་རྫས་བེད་སྤྱོད་བྱེད་ནས་སྐྱེ་ཁམས་ལ་གནོད་པའི་སྣང་ཚུལ་ད་ལྟ་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

རེའེ་ཆཱིར · ཁཱར་སིན་ལགས་ཀྱི་མཚན་སྙན་ནི་ཁོ་མོའི་བརྩམས་ཆོས༼ལྷིང་འཇགས་ཀྱི་དཔྱིད་ཀ་༽ཁྲོད་ཀྱི་སྣང་ཚུལ་དེ་དག་ལས་འགོངས་ནས། ཁོ་མོས་ང་རང་ཚོ་ལ་དེང་རབས་སྤྱི་ཚོགས་སུ་ངེས་པར་དུ་གཙུག་འཛིན་བྱེད་དགོས་པའི་མིའི་རིགས་དང་རང་བྱུང་ཁམས་གཉིས་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པའི་འདུ་ཤེས་དེ་རྡོ་རིང་བཞིན་དུ་བཙུགས་པ་རེད། དཔེ་དེབ་འདིའི་ཤོག་ངོས་ཆེས་རྗེས་མར་ལ། ཁོ་མོའི་སྙན་ངག་པ་རོབ་ཐི · ཧྥོར་ཟི་ཐིའི “འགྲོ་མཁན་ཤིན་ཏུ་ཉུང་བའི་ལམ་ཕྲན”ཞེས་པའི་ཚན་པ་འདི་བཀོད་ཡོད་འདུག ཁོར་ཡུག་སྲུང་སྐྱོབ་གྱི་ལས་ཀ་རླབས་པོ་ཆེ་འདིའི་དོན་དུ། མི་མང་པོ་ཤིག་གིས་སྔ་མོ་ནས་རང་ས་ན་འབད་པ་བྱེད་བཞིན་ཡོད། ཁོ་མོའི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཞག་པའི་ཚན་རིག་ཞིབ་ལག་རྗེས་ནི་འགྲོ་བ་མིའི་རིགས་ལ་ཕན་པའི་མན་ངག་ཡིན་ནོ།།