Spread the love

ལེའུ་དང་པོ། ངའི་ཁྱིམ་ཚང་།

དེ་དུས་སུ། ཚན་རིག་གི་གསང་བ་དེ་ངའི་མདུན་དུ་འཇིག་རྟེན་གསར་བ་ཞིག་བཀྲམ་པ་ཇི་བཞིན་ངས་རང་རྟོག་གིས་དེ་ཚོ་ལ་སློབ་སྦྱོང་དང་ལག་ལེན་བྱ་ཐུབ་པ་ཡིན།

ངའི་ཨ་རིའི་གྲོགས་པོ་ཚོས་ངའི་མི་ཚེའི་མྱོང་རྒྱུད་ཡིག་ཐོག་ཏུ་འཁོད་དང་ཞེས་སྐུལ་མ་བཏང་མྱོང་། སྐུལ་མ་འདི་ནི་ང་ལ་མཚོན་ན་དང་ཐོག་ནས་དང་་ལེན་བྱས་དཀའ་བ་ཞིག་ཡིན་མོད། གྲོགས་པོ་ཚོས་སྐུལ་མ་ཡང་ཡང་བཏང་པས། ངས་ཁོ་ཚོའི་ཁ་ལ་ཉན་ནས་འཐད་ལ་མི་འཐད་པའི་ངང་ནས་རང་རྣམ་ཐུང་ཐུང་འདི་འབྲི་མགོ་བརྩམས། འོན་ཀྱང་ངས་རྣམ་ཐར་ཐུང་ཐུང་འདི་ལ་བརྟེན་ནས་ངའི་མི་ཚེ་ཧྲིལ་བོའི་མྱོང་རྒྱུད་ཡོངས་རྫོགས་བཤད་རྒྱུ་ནི་དཔེ་མི་སྲིད་ལ། ངའི་འདས་དོན་ཐམས་ཅད་གཅིག་གཅིག་གཉིས་གཉིས་ཀྱི་སྒོ་ནསགསལ་བཤད་ཞིབ་མོ་ཞིག་བྱེད་རྒྱུ་དེ་བས་ཐབས་བྲལ།

དུས་ཡུན་རིམ་གྱིས་འགྱུར་པས་གནས་སྐབས་དེའི་མྱོང་ཚོར་མང་པོ་ཞིག་ད་ལྟ་རབ་རིབ་མག་མོག་ཏུ་གྱུར། དུས་ཚོད་ཅི་འདྲ་འགོར་ན་འདས་དོན་དེ་ལྟར་མི་གསལ་བར་མངོན། མཚམས་ལན་རེརར་བྱ་བ་ཁ་ཤས་ནི་རང་གི་མྱོང་རྒྱུ་བྱས་པ་དང་མི་འདྲ་བར་མི་གཞན་གྱི་གཏམ་རྒྱུད་མཚར་བོ་ཞིག་རང་ཉིད་ལ་བརྗོད་པ་དང་གཉིས་སུ་མ་མཆིས། དེ་ནི་བདེན་པར་གྲུབ་སྟེ། སྐྱེས་བུ་ཞིག་གི་མི་ཚེའི་ནང་དུ་བསམ་བློ་ཁ་ཤས་དང་མྱོང་ཚོར་ཟབ་མོ་འགའ་ཡིས་ཤུགས་རྐྱེན་ཐེབས་པ་དང་དབང་མཛད་བྱས་ངེས་ཡིན་ལ། དེར་བརྟེན་འཚོ་བ་ནི་ཆུ་སྣ་འདྲེན་པའི་ཀླུང་ཆེན་པོ་དང་འདྲ་བའི་གཙོ་ཐིག་ཞིག་གི་འོག་ནས་ཚུགས་ངེས་ཡིན། གཙོ་ཐིག་འདི་ལ་བརྟེན་ན། ང་ཚོས་ད་གཟོད་སྐབས་དེར་བྱ་བ་དེ་ཅི་ལྟ་ཅི་ལྟར་དུ་སྒྲུབ་རྒྱུ་དང་དེ་ལྟ་དེ་ལྟར་གྱིས་བསྒྲུབ་ངེས་ཡིན་པ་སོགས་ཤེས་པ་དང་། དེ་ལས་ལྷག་པར་སྐྱེས་བུ་དེ་ཡི་གཤིས་ཀ་དང་བཅས་བའི་ཁྱད་ཆོས་སོགས་མངོན་པར་རྟོགས་ཐུབ།

ངས་ང་རང་གི་དེ་འདྲ་བདེ་ལེགས་འཁྱོངས་མེད་པས་མི་ཚེ་གྱི་སྤྱི་སྡོམ་དེབ་འདི་རུ་བམ་བཤད་ཅིག་བྱས་ངེས་ཡིན། ལྷག་པར་མི་ཚེའི་ཁྲོད་དུ་བྱུང་མྱོང་བའི་གནད་ཆེན་གྱི་ཚན་པ་རེ་རེ་ཡིག་ཐོག་ཏུ་འགོད་ངེས་ཡིན། ངའི་མི་ཚེའི་གཏམ་རྒྱུད་འདི་དག་ལས་ངའི་སློབ་སྦྱོང་དང་དོན་གཉེར་སྐབས་ཀྱི་ཐོབ་བྱ་ཉག་མ་ཙམ་དེ་སྐྱེ་བུ་རྣམས་ལ་བློ་སྐྱེས་འབྱུང་ཐུབ་པར་སྨོན།

ངའི་མེས་རྒྱལ་པཱོ་ལན་[polish] རྒྱལ་ཁབ་ཡིན་ལ། ངའི་མིང་དངོས་ལ་མཱ་རེ•སི་ཁེ་ལོ་ཏོ་ཧྥུ་སི་ཁཱ་[Marie Sklodowska]ཟེར། ངའི་ཕ་མ་གཉིས་པཱོ་ལན་གྱི་ཞིང་བདག་ཆུང་ཆུང་ཞིག་གི་ཁྱིམ་ཚང་ནས་སྐྱེས། ངའི་མེས་རྒྱལ་ན་ངའི་ཕ་མ་དང་འདྲ་བའི་ཁྱིམ་རྩ་མཐུག་རྒྱུ་མེད་པའི་གྲལ་རིམ་འབྲིང་བ་ཅན་གྱི་ཁྱིམ་ཚང་ཧ་ཅང་མང་། སྐབས་དེ་སུ་ཁྱིམ་ཚང་འདི་འདྲ་བ་ཅན་མཉམ་དུ་བསྡེབས་ནས་སྤྱི་ཚོགས་སྟེང་ན་གྲལ་རིམ་ཁྱད་པར་ཅན་དུ་གྱུར་ཡོད་ལ། ཁྱིམ་ཚང་དེ་དག་ཕན་ཚུན་བར་ལ་འབྲེལ་བ་དམ་པོ་ཡོད། དུས་ད་ལྟ་ཡིན་རུང་པཱོ་ལན་རྒྱལ་ཁབ་ཀྱི་ཤེས་ཡོན་པའི་སྡེ་ཕལ་མོ་ཆེར་གྲལ་རིམ་འབྲིང་བ་ལས་ཐོན་པ་རེད།

ངའི་ཨ་མྱེས་ཞིང་ཆེན་རིམ་པའི་སློབ་འབྲིང་ཞིག་གི་བདག་གཉེར་པས་(དེ་དུས་སུ་སློབ་གྲྭའི་བདག་གཉེར་བ་དང་དེང་གི་སློབ་གཙོ་གཉིས་ཕལ་ཆེར་དོན་གཅིག)འགན་བཞེས་ཡོད་ལ་ཁོམ་གསེང་གི་སྐབས་སུ་རོང་ལས་བྱས། ངའི་ཨ་ཕ་སྦྱངས་འབྲས་ལེགས་ཞིང་སློབ་ལ་བརྩོན་པ་དང་ཡར་སྔོན་དུ་ཨུ་རུ་སུའི་རླབས་ཆེན་ཧྲིན་པེ་ཏུ་པོ་སློབ་ཆེན་དུ་འགྲིམས་མྱོང་ཞིང་། སློབ་མཐར་ཕྱིན་རྗེས་ཕྱིར་མེས་རྒྱལ་དུ་ལོག་ཏེ་གྲོང་ཁྱེར་དཔའ་ཧྲ་ནས་སློབ་ཆེན་ཞིག་གི་དངོས་གཞི་གྲ་སྒྲིག་སློབ་གླིང་ནས་དངོས་ལུགས་དང་གྲངས་རིག་གི་དགེ་རྒན་གྱིས་འགན་བཞེས། ངའི་ཨ་ཕས་ཁོ་དང་བློ་མཐུན་ཞིང་སེམས་དུང་བའི་ན་གཞོན་མ་ཞིག་ཆུང་མར་བླངས་པ་ཡིན་ལ། མོ་ན་ཚོད་ཆུང་ཡང་སྐབས་དེའི་གྲོང་ཁྱེར་དཔའ་ཧྲ་ཡི་བུད་མེད་སློབ་གྲྭ་ཞིག་གི་སློབ་གཙོའི་འགན་བཞེས་ཡོད། དེའི་སྐབས་སུ་མོས་བརྩོན་བཞིན་པས་སློབ་གསོའི་ལས་དོན་ནི་སྤྱི་ཚོགས་ཡོངས་ནས་རླབས་ཆེན་གྱི་ལས་དོན་ཞིག་ལ་བརྩི་བཞིན་ཡོད། ངའི་ཕ་མ་གཉིས་ཀྱི་རང་རང་གིས་འགན་བཞེས་བའི་སློབ་གསོའི་ལས་དོན་ལ་གཟབ་ནན་དང་ཞིབ་ཚགས་ངང་སྐྱོང་བཞིན་ཡོད་ལ། སློབ་བུ་སྐྱོང་རྒྱུའི་བྱ་གཞག་འདི་ལ་ཏན་ཏན་ཏིག་ཏིག་གིས་འགན་ལེན་བྱེད་ཀྱིན་ཡོད། ཁོང་གཉིས་ཀྱི་སློབ་མ་པཱོ་ལན་རྒྱལ་ཁབ་ཡོངས་སུ་ཁེངས་ཤིང་ས་ཕྱོགས་ཀུན་དུ་ཁོ་གཉིས་ཀྱིས་ཕྱག་སྟོན་མཛད་པའི་སློབ་ཕྲུག་ཡོད། སློབ་མ་འདི་ཚོས་ད་ལྟའི་དུས་ནའང་ངའི་ཕ་མ་གཉིས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་དུས་གཏན་དུ་ཁོ་གཉིས་ཀ་རྗེས་དྲན་བྱེད་བཞིན་གདའ། ད་ལྟ་ཡིན་ནའང་འདྲ། ང་རང་ཐེངས་རེ་རེར་མེས་རྒྱལ་པཱོ་ལན་ལ་སླེབས་ཙ་ན་དུས་རྒྱུན་དུ་ངའི་ཕ་མ་གཉིས་ཀྱིས་ཕྱག་སྟོན་མཛད་པའི་སློབ་བུ་འགའ་རེ་་དང་འཕྲད་སྲིད་ལ། ཁོ་ཚོའི་རྒྱུན་དུ་ང་ལ་ངའི་ཕ་མ་གཉིས་ཕྱིར་དྲན་གྱི་བསྔགས་ཚིག་མང་པོ་བརྩེབ་དང་བཅས་འབུལ་ངེས་ཡིན།

ངའི་ཕ་མ་གཉིས་ཀྱི་གྲོང་ཁྱེར་ན་སློབ་གསོའི་ལས་དོན་སྤེལ་ཀྱིན་ཡོད་ནའང་། ཁོ་གཉིས་ཞིང་གྲོང་གི་གཉེན་ཉེ་ཚོ་དང་་ཕར་འགྲོ་ཚུར་འོང་ཆད་མེད། སློབ་ཚན་བཞག་ནས་ངལ་གསོའི་སྐབས་སུ་ང་ནམ་རྒྱུན་ཞིང་གྲོང་གི་གཉེན་ཉེ་ཚང་ལ་སོང་ནས་ཉིན་འགར་བསྡད་པ་ཡིན། པཱོ་ལན་གྱི་ཞིང་གྲོང་ལ་་ང་རྒྱུས་ལོན་ཅུང་ཟད་ཡོད་པ་དང་དེ་རྐྱེན་གྱིས་རང་ཉིད་ཞིང་གྲོང་ལ་ཧ་ཅང་དགའ། ཞིང་གྲོང་ནས་ང་ལ་རང་དབང་གི་ཚོར་བ་བཅོས་མིན་གྱིས་སྐྱེས་ཡོང་ལ་བློ་གཡེང་གི་བདེ་སྣང་ཞིག་སྟེར། ངས་བསམ་ན་བརྗེད་དཀའ་བའི་འཚོ་བའི་མྱོང་རྒྱུད་འདི་ནི་ང་འི་མི་ཚེ་ཧྲིལ་བོར་ཞིང་ས་དང་ཞིང་གྲོང་ལ་དགའ་བ་དང་རང་བྱུང་ཁམས་ལ་དགའ་བའི་རྒྱུ་མཚན་རེད་འདོད།

༡༨༦༧ལོའི་ཟླབཅུ་གཅིག་པའི་ཚེས་བདུན་ཉིན་ང་གྲོང་ཁྱེར་དཔའ་ཧྲ་ནས་སྐྱེས་ཞིང་ཁྱིམ་གྱི་བྱིས་པ་ལྔ་བའི་གྲས་ཀྱི་ཆེས་ཆུང་བོ་དེ་ཡིན། འོན་ཀྱང་ངའི་ཨ་ཅེ་ཆེ་བ་ལོ་བཅུ་བཞི་ལ་ཐོན་དུས་སྟབས་མ་ལེགས་པར་ནད་བྱུང་ནས་ཚེས་ལས་འདས་སོང་བས་ང་ལ་ཨ་ཅེ་གཉིས་དང་ཕུ་བོ་གཅིག་ཡོད། ངའི་ཨ་མ་ཨ་ཅེ་ཆེ་བའི་ཤི་རྐྱེན་ལ་སེམས་སྡུག་ཆེན་པོ་བྱས་ནས་སེལ་ཐབས་ཟད་པའི་ནད་དྲག་པོ་ཞིག་བྱུང་སོང་། ཁོ་མོ་ལོ་ན་ཞེ་གཉིས་སྟེང་ནས་མི་ཡུལ་དང་གཏན་དུ་བྲལ་སོང་། དེ་དུས་ང་ལོ་དགུ་མ་གཏོགས་སོན་མེད་ལ་ཕུ་བོ་ཡང་ལོ་བཅུ་གསུམ་ཡིན། བཟའ་མི་གང་བོར་བརྗོད་ཐབས་བྲལ་བའི་སྐྱོ་གདུང་བསྐྱལ་ཡོང།

ཨ་མ་གློ་བུར་དུ་ཚེ་ལས་འདས་པ་ནི་ངའི་མི་ཚེ་ཁྲོད་ཆེས་སེམས་སྡུག་ཏུ་ཚུད་པའི་དོན་དག་ཅིག་ཡིན། དེའི་རྗེས་ནས་ང་དུས་རྒྱུན་དུ་སྡུག་བསྔལ་དུ་ལྷུང་འགྲོ། ངའི་ཨ་མ་ཀུན་སྤྱོད་བཟང་ཞིང་གཤིས་ཀ་འཇམ་པ་མ་ཟད། ཤེས་ཡོན་གྱིས་ཕྱུག་ལ་ཁོག་རྒྱ་ཆེ། ཁྱིམ་དུ་ངའི་ཨ་མ་ལ་གོ་ས་མཐོན་པོ་ཞིག་ཡོད་ལ་བཟའ་མི་ཡོངས་ཁོ་མོར་ཡིད་ཆེས་བརྟན་པོ་ཡོད། ཁོ་མོ་མི་དད་ལྡན་ཅན་ཞིག་ཡིན་པ་དང་ཡང་ཆོས་ལུགས་ཡོངས་ལ་དཀྱེལ་ཡངས་བྱས་ཐུབ། ཆོས་ལུགས་སྐོར་གྱི་ལྟ་ཚུལ་མི་མཐུན་པ་ལའང་དུས་གཏན་དུ་མཐུན་པརདམིགས་པ་དང་མི་མཐུན་སོ་བཞག་བྱས་ནས་རང་གི་ལྟ་ཚུལ་གཞན་ལ་བཙན་གྱིས་ཁས་ལེན་དུ་མི་འཇུག ཨ་མས་ང་རང་ཉིད་ལ་ཤུགས་རྐྱེན་ཁྱད་དུ་འཕགས་པ་ཞིག་ཐེབས་ཡོད་ལ། ངའི་སེམས་ཀྱི་ཟབ་ས་རུ་ཨ་མའི་ངང་ངམ་ཤུགས་ཀྱིས་བྱམས་བརྩེ་ནི་བུ་མོ་དང་ཨ་མ་གཉིས་ཀྱི་བརྩེ་བ་ལས་བརྒལ་ནས་ང་རང་ཡིད་རེངས་དང་ཡིད་སྨོན་བྱས་ས་དམ་པོར་ཆགས་ཡོད།

ངའི་ཨ་མ་ཚེ་ལས་འདས་རྗེས་ཨ་ཕའི་ཐུགས་རབ་ཏུ་སྐྱོ་བཞིན་ཡོད་མོད། འོན་ཀྱང་ངའི་ཨ་ཕ་དོན་དག་དེར་རྐྱེན་བྱས་ནསསྐྱོ་ངལ་གྱིས་མནར་མེད་ལ་དེ་ལས་ལྷག་པར་བློ་གཅིག་སེམས་གཅིག་ཀྱིས་ཁོང་གི་སློབ་གསོའི་བྱ་བའི་སྟེང་ལ་ཞུགས་པ་དང་ཁྱིམ་གྱི་བུ་ཕྲུག་ཚོར་སློབ་གསོ་གཏོང་རྒྱུ་དེ་ལ་འཇུག་ཐད། དེ་བས་དེ་དུས་ངའི་ཨ་ཕ་ལ་སེམས་སྐྱོ་བའི་ཁོམ་ལོངས་ནི་ནམ་ཡིན་ཡང་མ་མཆིས། ངའི་ཨ་མ་ཚེ་ལས་འདས་ནས་ལོ་མང་པོ་འགོར་ནའང་ཁྱིམ་གྱི་་བཟའ་མི་ཚང་མ་ནམ་ཡིན་ཡང་ལོབས་དཀའ་སྟེ་ནམ་རྒྱུན་ཁྱིམ་གྱི་དབང་མཛད་པ་དང་སྲོག་ཤིང་ཆད་འདུག་པ་ལྟ་བུའི་སྣང་བ་སྐྱེས།

ངའི་ཕུ་ནུ་མིང་སྲིང་དག་གིས་ཆུང་དུས་ནས་སློབ་སྦྱོང་བྱས་མགོ་བརྩམས། ང་ལོ་དྲུག་ལ་སླེབས་དུས་སློབ་གྲྭར་འགྲིམ་མགོ་བརྩམས་པ་དང་དེ་དུས་འཙིན་གྲྭ་ནང་གི་ལོ་ན་ཆེས་ཆུང་བ་བོ་ཡིན་ལ་གཟུགས་འང་ཆེས་ཐུང་བ་བོ་དེ་ཡིན། མཚམས་ལན་རེར་མི་གཞན་པ་སློབ་ཁྲིད་ལ་ཉན་དུ་ཡོང་བ་དང་སློབ་གྲྭར་ལྟ་སྐོར་བྱས་དུས་དགེ་རྒན་གྱིས་ཆེས་སྔུན་ས་ཙོག་ཡོད་པའི་ང་རང་ཁྲིད་སྟེགས་སྟེང་དུ་ཡོང་ནས་ང་ལ་སློབ་ཚན་ཀློག་འདོན་བྱས་རུ་བཅུག ང་ནི་ངོ་ཚ་བར་དགའ་བའི་བྱིས་པ་ཞིག་ཡིན་སྟབས་ཁྲིད་སྟེགས་སྟེང་དུ་ཐོན་མ་ཐག་ནས་སྐྲག་ནས་མི་གཟོད་པར་སློབ་ཁང་སྒོ་ཕྱིར་ལ་འགྲིམ་ཐུབ་ན་ཅི་མ་རུང་བསམ། ངའི་ཨ་ཕ་ནི་ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཡིན་ལ་དུས་རྒྱུན་བུ་ཕྲུག་ཚོས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་བྱས། དེ་མ་ཟད་ཁོ་རང་ལ་སློབ་ཁྲིད་གྱི་ཉམས་མྱོང་ཕུན་སུམ་ཚོགས་པས་ང་ཚོེའི་ཁྱིམ་སྡོད་དགེ་རྒན་གྱི་འགན་དང་དུ་བླངས། ཁྱིམ་གྱི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་དང་ཐོག་ང་ཚོའི་མིང་སྲིང་ཚོ་སྒེར་གཉེར་སློབ་གྲྭར་འགྲིམས་ནའང་རྗེས་སུ་གཞུང་བཙུགས་སློབ་གྲྭར་མི་འགྲིམས་ག་མེད་བྱུང་།

ངའི་ཨ་མ་ཚེ་ལས་འདས་རྗེས་ཨ་ཕའི་ཐུགས་རབ་ཏུ་སྐྱོ་བཞིན་ཡོད་མོད། ཨ་ཕ་དོན་དག་དེར་རྐྱེན་བྱས་ནསསྐྱོ་ངལ་གྱིས་མནར་མེད་ལ་དེ་ལས་ལྷག་པར་བློ་གཅིག་སེམས་གཅིག་ཀྱིས་ཁོང་གི་སློབ་གསོའི་བྱ་བའི་སྟེང་ལ་ཞུགས་པ་དང་ཁྱིམ་གྱི་བུ་ཕྲུག་ཚོར་སློབ་གསོ་གཏོང་རྒྱུ་དེ་ལ་ཞུགས། དེ་བས་དེ་དུས་ངའི་ཨ་ཕ་ལ་སེམས་སྐྱོ་བའི་ཁོམ་ལོང་ནི་ནམ་ཡིན་ཡང་མ་མཆིས། ངའི་ཨ་མ་ཚེ་ལས་འདས་ནས་ལོ་མང་པོ་འགོར་ནའང་ཁྱིམ་གྱི་་བཟའ་མི་ཚང་མ་ནམ་ཡིན་ཡང་ལོབས་དཀའ་སྟེ་ནམ་རྒྱུན་ཁྱིམ་གྱི་དབང་མཛད་པ་དང་སྲོག་ཤིང་ཆད་འདུག་པ་ལྟ་བུའི་སྣང་བ་སྐྱེས།

ངའི་ཕུ་ནུ་མིང་སྲིང་དག་གིས་ཆུང་དུས་ནས་སློབ་སྦྱོང་བྱས་མགོ་བརྩམས། ང་ལོ་དྲུག་ལ་སླེབས་དུས་སློབ་གྲྭར་འགྲིམ་མགོ་བརྩམས་པ་དང་དེ་དུས་འཙིན་གྲྭ་ནང་གི་ལོ་ན་ཆེས་ཆུང་བ་བོ་ཡིན་ལ་གཟུགས་འང་ཆེས་ཐུང་བ་བོ་དེ་ཡིན། མཚམས་ལན་རེར་མི་གཞན་པ་སློབ་ཁྲིད་ལ་ཉན་དུ་ཡོང་བ་དང་སློབ་གྲྭར་ལྟ་སྐོར་བྱས་དུས་དགེ་རྒན་གྱིས་ཆེས་སྔུན་ས་ཙོག་ཡོད་པའི་ང་རང་ཁྲིད་སྟེགས་སྟེང་དུ་ཡོང་ནས་ང་ལ་སློབ་ཚན་ཀློག་འདོན་བྱས་རུ་བཅུག ང་ནི་ངོ་ཚ་བར་དགའ་བའི་བྱིས་པ་ཞིག་ཡིན་སྟབས་ཁྲིད་སྟེགས་སྟེང་དུ་ཐོན་མ་ཐག་ནས་སྐྲག་ནས་མི་གཟོད་པར་སློབ་ཁང་སྒོ་ཕྱིར་ལ་འགྲིམ་ཐུབ་ན་ཅི་མ་རུང་བསམ། ངའི་ཨ་ཕ་ནི་ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཡིན་ལ་དུས་རྒྱུན་བུ་ཕྲུག་ཚོས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་བྱས། དེ་མ་ཟད་ཁོ་རང་ལ་སློབ་ཁྲིད་གྱི་ཉམས་མྱོང་ཕུན་སུམ་ཚོགས་པས་ང་ཚོའི་ཁྱིམ་སྡོད་དགེ་རྒན་གྱི་འགན་དང་དུ་བླངས། ཁྱིམ་གྱི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་དང་ཐོག་ང་ཚོའི་མིང་སྲིང་ཚོ་སྒེར་གཉེར་སློབ་གྲྭར་འགྲིམས་ནའང་རྗེས་སུ་གཞུང་བཙུགས་སློབ་གྲྭར་མི་འགྲིམས་ག་མེད་བྱུང་།

དུས་སྐབས་དེར་གྲོང་ཁྱེར་དཔའ་ཧྲ་ཨུ་རུ་སུའི་བཙན་གྱི་དབང་བསྒྱུར་འོག་ཏུ་ཚུད་ཡོད་ལ། དབང་བསྒྱུར་པས་ཆེས་གདུག་རྩུབ་ཅན་གྱི་སྤྱོད་པ་ནི་སློབ་གྲྭ་དང་སློབ་མ་ཡོངས་ལ་ཚོད་འཛིན་ནན་མོ་བྱས་པ་དང་རྩུབ་སྤྱོད་བཏང་། པཱོ་ལན་གྱིས་བདག་གཉིར་མཛད་པའི་སློབ་གྲྭ་ཚང་མར་ཉེན་རྟོག་པའི་ཞིབ་བཤེར་བྱས་ཡོད་ལ་ནམ་རྒྱུན་དུ་ཨུ་རུ་སུའི་སྐད་ཆ་བཀོལ་ནས་སློབ་ཁྲིད་བྱས། དེ་སྟབས་ཀྱིས་སློབ་ཕྲུག་རྣམས་པས་ཆུང་དུས་ནས་ཨུ་རུ་སུའི་སྐད་ཆ་སྦྱངས་ནས་རང་གི་པཱོ་ལན་གྱི་ཕ་སྐད་བཤད་ན་དེ་འདྲ་ཚད་ལྡན་དང་ངང་ངམ་ཤུགས་ཀྱིས་བྱུང་བ་འདྲ་ཞིག་མིན། སྟབས་ལེགས་པ་ཞིག་ལ་སློབ་གྲྭ་འདི་དག་གི་དགེ་རྒན་ཚང་མ་པཱོ་ལན་གྱི་མི་རེད། ཁོ་ཚོས་དབང་བསྒྱུར་པའི་རྩུབ་སྤྱོད་འདི་དང་ལེན་བྱས་མ་འདོད་པར་ཐབས་བརྒྱ་ཇུས་སྟོང་གིས་སློབ་མ་རྣམས་པར་པཱོ་ལན་སྐད་སློབ་དུ་བཅུག གཞུང་གཉེར་སློབ་གྲྭ་མ་གཏོགས་སྒེར་བཙུགས་སློབ་གྲྭ་ལ་ཚད་ལྡན་གྱི་མཐར་ཕྱིན་འཛིན་ཡིག་སྟེར་རྒྱུའི་ཐོབ་ཐང་མེད།

ཨུ་རུ་སུའི་བཙན་བསྒྱུར་པས་གཞུང་གཉེར་སློབ་གྲྭ་ཚང་མར་ཚོད་འཛིན་བྱས་ཡོད་ལ་ནམ་རྒྱུན་དུ་པཱོ་ལན་ཀྱི་མི་རིགས་འདུ་ཤེས་ལ་གཉའ་གནོན་དྲག་པོ་བྱས། སློབ་གྲྭ་ནང་གི་སློབ་གཞི་ཚང་མ་ཨུ་རུ་སུའི་དགེ་རྒན་གྱིས་ཨུ་རུ་སུའི་སྐད་རྒྱག་བཞིན་ཟུར་ཁྲིད་བྱས་བཞིན་ཡོད། དགེ་རྒན་དེ་ཚོ་པཱོ་ལན་མི་རིགས་ལ་སྡང་སེམས་ཆེན་པོ་སྐྱེས་པས་སློབ་མ་ཚོ་ནི་དགྲ་བོ་ལ་ངོས་འཛིན་བྱས་བཞིན་ཡོད་པ་འདྲ། སྡང་སེམས་འདི་འདྲ་བའི་རྐྱེན་གྱིས་ཀུན་སྤྱོད་བཟང་བ་དང་ཤེས་ཡོན་གྱི་ཕྱུག་པའི་དགེ་རྒན་ཕལ་ཆེར་སློབ་གྲྭ་འདི་འདྲ་བ་ནས་སློབ་ཁྲིད་བྱས་པའི་སྤྲོ་བ་ཉམས་འདུག སློབ་རའི་ཁོར་ཡུག་འདི་འདྲ་བའི་ནང་ནས་སློབ་ཕྲུག་ཚོའི་རྒྱུ་ལ་ཤེས་བྱ་འབྱོར་མིན་ནི་ཧ་ཅང་དོགས་པ་ཟ་འོས་ལ་དེ་ལས་ཀྱང་ཚད་ལས་བརྒལ་བ་ཞིག་ནི་འདི་འདྲའི་ཁོར་ཡུག་གིས་སློབ་མའི་ཀུན་སྤྱོད་ལ་གནོད་པ་ཚད་ཆེན་ཐེབས་ཡོད་པ་ནི་གདོན་མི་ཟ་བ། སློབ་བུ་རྣམས་ཀྱི་ཉམས་མ་་བཞག་པར་པཱོ་ལན་སྐད་ཚིག་གཅིག་ཁ་ནས་ཤོར་ནའང་ཆད་པ་ནན་མོ་གཅོད་པ་རེད། དེ་མ་ཟད་འགན་དེ་ནི་ཁོ་མི་གཅིག་པོའི་དང་དུ་ལེན་པ་ཙམ་མིན་པར་ཁྱིམ་མི་ལ་ཡང་ཉེས་བ་བཀལ་འགྲོ ཁོར་ཡུག་འདི་འདྲའི་སྡུག་རྩུབ་ཅན་གྱི་ནང་ནས་བྱིས་པ་ཚོས་བློ་གསལ་བག་ཕེབས་ཀྱི་གཤིས་ཀ་དེ་ཚོ་སྣུམ་ཟད་སྒྲོན་མེ་ལྟ་བུར་གྱུར་ནས་ཚེ་སྲོག་གི་སྤྲོ་སྣང་ཐ་དག་ལ་མྱོང་རོལ་བྱས་ཐུབ་རྒྱུ་མེད། ཡང་ཕྱོགས་གཅིག་ནས་བཤད་ན་འཇིགས་སྣང་གིས་ཁེངས་པའི་ཁོར་ཡུག་འདིའི་བག་ཆགས་གིས་ན་གཞོན་ཚོའི་མི་རིགས་ཀྱི་འདུ་ཤེས་དང་རྒྱུབ་ཁབ་གྱི་འདུ་ཤེས་ཀྱང་ཡར་ངོའི་ཟླ་ལྟར་འཕེལ་ཡོད།

མི་རིགས་གཞན་གྱི་གཉའ་གནོན་དང་མ་ཡུམ་འདས་བའི་སྐྱོ་ངལ་གཉིས་ཀྱི་ཀློང་ནས་ངའི་གཞོན་དུས་གྱི་འཚོ་བ་ནི་ཡིད་མུག་དང་སྐྱོ་ངལ་གྱི་ཁེངས་ཡོད་སྤྲོ་བ་ཚང་མ་ཟད་ཡོད་མོད། དེ་འདྲ་ཡིན་ཡང་དོན་དག་གཅིག་རེ་གཉིས་རེ་འང་སྤྲོ་སྐྱིད་ལྡན་ལ་ངའི་འཚོ་བ་ལ་སྔར་མེད་གྱི་སེམས་གསོ་དང་རེ་བ་བྱིན་ཡོད། དོན་དེ་དག་ཏུས་ད་ལྟའི་བར་དུ་ངའི་དྲན་འཛིན་གྱི་ལྡེབས་རིས་ངོས་སུ་བཀྲམ་བཞིན་གདའ། དེ་མ་ཟད། ངའི་ཨ་ཕ་རྩོམ་རིག་ལ་མོས་པ་ཆེན་པོ་ཡོད་པ་དང་ཁོས་པཱོ་ལན་རྒྱལ་ཁབ་དང་དེ་མིན་ཕྱི་རྒྱལ་གྱི་སྙན་ངག་པའི་བྲཙམས་ཆོས་མང་པོ་ཡིད་ལ་བཟུང་ཡོད། དེ་མ་ཟད་ཁོས་ཀྱང་སྙན་ངག་འབྲི་བར་བརྩོན་ཞིང་དུས་རྒྱུན་དུ་ཕྱི་རྒྱལ་གྱི་སྙན་ངག་ཡག་ཤོས་མང་པོ་པཱོ་ལན་སྐད་དུ་བསྒྱུར་ངེས་ཡིན། ཨ་ཕས་ཁྱིམ་ཚང་གི་དོན་དག་ཕྲན་ཚེག་དེ་དག་བརྗོད་བྱར་བཟུང་བའི་སྙན་ངག་ཐུང་ངུ་དེ་རྣམས་ཀྱིས་ང་ཚོར་ཡིད་སྨོན་དང་དགའ་བ་ཚད་མེད་སྐྱེས་སུ་བཅུག ཞག་མ་རེའི་མཚན་མོར་ང་ཚོ་ཚང་མ་ཁོའི་གམ་དུ་བསྐོར་ནས་ཁོས་ང་ཚོར་པཱོ་ལན་གྱི་སྙན་ངག་དང་ལྩུག་རྩོམ་སྐད་གྲགས་ཅན་གྱེར་འདོན་བྱས་པར་ཉན་པ་ཡིན། འདི་འདྲ་བའི་མཚན་མོ་ནི་སྤྲོ་སྐྱིད་ཀྱིས་ཁེངས་ལ་ཅི་བསམ་འདི་བསམ་མེད་པར་ང་ཚོའི་རྒྱལ་གཅེས་གྱི་འདུ་ཤེས་ཉིན་རེ་ནས་ཉིན་རེ་ཆེ།

ང་རང་ཆུང་དུས་ནས་སྙན་ངག་ལ་ཤིན་ཏུ་དགའ་པོ་ཡོད། དེ་བས་པཱོ་ལན་གྱི་སྙན་ངག་པ་གྲགས་ཅན་ཁ་ཤས་ཀྱི་སྙན་ངག་མང་པོ་ཚན་པ་ཆེན་པོ་རེ་བློར་བཟུང་ཡོད། སྙན་ངག་པ་འདི་དག་ལས་ང་རང་ཆེས་དགའ་ས་ནི་མི་ཚཱེ་ཁཱར་ཝེ་ཆི་དང་ཁེ་ལ་ཤཱེ་ཚེ་ཆི། ད་དུང་སུ་ཝོ་ཝ་ཚེ་ཆི་བཅས་ཡིན།

ངས་རྗེས་ནས་ཕྱི་གླིང་གི་རྩོམ་རིག་ལ་སློབ་གཉེར་སྐབས་སུ་རྩོམ་རིག་ལ་དགའ་བའི་སེམས་ཤུགས་ནི་ཇེ་དྲག་ཏུ་སོང་། ངས་ལོ་ན་ཆུང་དུས་ནས་ཧྥ་རན་སུའི་སྐད་དང་འཇར་མན་གྱི་སྐད། ད་དུང་ཨུ་རུ་སུའི་སྐད་སོགས་ལ་སྦྱངས་བ་བྱས་ནས་སྐད་རིགས་འདི་དག་བདེ་སྤྱད་ནས་ཕྱི་རྒྱལ་གྱི་བརྩམས་ཆོས་མང་པོ་ལ་ལྟ་ཀློག་འདོན་བྱས་ཐུབ། ལོ་མང་པོའི་རྗེས་སུ་ངའི་དབྱིན་སྐད་ནི་ཤིན་ཏུ་སྤྱོད་སྒོ་ཆེ་བསམ་ནས་དབྱིན་ཡིག་སྦྱངས་མགོ་བརྩམས་པ་ཡིན་ལ་རྗེས་སུ་དབྱིན་ཡིག་གི་དཔེ་ཆ་ཀློག་འདོན་བྱས་ཐུབ། རོལ་དབྱངས་ཀྱི་སྐོར་ལ་ངའི་ཞིབ་འཇུག་བྱས་པ་ཤིན་ཏུ་ཉུང། ངའི་ཨ་མ་ནི་རོལ་མོ་བ་ཞིག་ཡིན་ལ་སྐད་ངག་ཧ་ཅང་སྙན་མོ་ཡོད། མོའི་རེ་བ་ནི་ངས་མོ་དང་འདྲ་བར་རོལ་མོ་ལ་སྦྱངས་བ་བྱས་བསམ་པ་ཡོད་མོད། འོན་ཀྱང་ང་རོལ་མོ་ལ་དེ་འདྲའི་སྤྲོ་བ་མེད་པས་རོལ་དབྱངས་ཀྱི་བློ་སྒོ་ཕྱེ་མ་ཐུབ། ཨ་མ་ཚེ་ལས་འདས་རྗེས་ང་ལ་ཤུགས་རྒྱག་མཁན་དང་ལྟ་རྟོག་བྱས་མཁན་མེད་པས་སྔོན་ལ་ཨ་མ་དང་འགྲོགས་ན་ཤེས་ཡོད་པའི་རོལ་དབྱངས་སྐོར་གྱི་ཤེས་བྱ་ཉག་མ་ཙམ་པོ་དེའང་བརྗེད་ནས་ཚར། མཚམས་ལན་རེར་ངས་དོན་འདི་དག་བསམ་ཚེ་འགྱོད་སེམས་སྐྱེས་འོངས།

སློབ་འབྲིང་སྐབས་སུ་རྩིས་མཐོང་ཧ་ཅང་ཆེ་བའི་གྲངས་རིག་དང་དངོས་ལུགས་ཀྱི་བསླབ་གཞི་ངས་སྦྱངས་པ་ཤིན་ཏུ་བཟང་བ་མ་ཟད་རྒྱུགས་འབྲས་ཀྱང་ཧ་ཅང་ལེགས། སློབ་སྦྱོང་གི་སྐབས་སུ་གནད་དོན་ལ་ཐུག་ཚེ་ངས་ནམ་རྒྱུན་ཨ་ཕ་ལ་དྲིས་པ་ཡིན། ཨ་ཕ་ཚན་རིག་ལ་དུངས་བ་ཟབ་མོ་ཡོད་པ་དང་སློབ་གྲྭ་ནས་ཡང་འདིའི་སྐོར་ལ་ཟུར་ཁྲིད་བྱས་བཞིན་ཡོད། ཁོས་རང་ནུས་ཅི་ཡོད་ཀྱིས་ང་ཚོ་ལ་རང་བྱུང་ཁམས་ཆེན་མོའི་གསང་བ་དང་ཁོའི་ཞིབ་འཇུག་གི་འབྲས་བུ་བཤད་རྒྱུར་མོས་པ་ཧ་ཅང་ཆེ། ཡིད་ཕངས་བ་ཞིག་ལ་ཁོ་ལ་རང་ཉིད་ཀྱི་དངོས་དཔྱད་ཁང་མེད་པས་ཆེད་ལས་ཚོད་ལྟ་ཞིབ་འཇུག་གི་ལས་ལ་འཇུག་ཐབས་བྲལ།

གུང་གསེང་ཆེན་པོའི་སྐབས་ནི་ང་ལ་མཚོན་ན་ཆེས་དགའ་འོས་པ་ཞིག་རེད། ང་ཚོ་ཞིང་གྲོང་གི་གཉིན་ཉེ་ཚོའི་ཁྱིམ་དུ་བསྡད་ནས་ཉེན་རྟོག་པའི་ཞིབ་བཤེར་ལ་གཡོལ་ཐུབ་སོང་བ་མ་ཟད་རང་དབང་རང་འཐད་དང་སྐྱོ་སྡུག་དང་བྲལ་བའི་འཚོ་བ་རོལ་ཆོག ང་ཚོས་ནགས་འདབས་ནས་ཀི་རིང་འཐེན་པ་དང་མཐའ་ཡས་བའི་ཞིང་ཁ་ནས་ངལ་རྩོལ་བྱས་པ་ཡིན་ལ་སེམས་རབ་ཏུ་སྤྲོ། མཚམས་ལན་རེར་ང་ཚོ་ཨུ་རུ་སུའི་རྒྱལ་ཁབ་གྱི་ས་མཚམས་དང་བརྒལ་ནས་ཅཱ་ལེ་ཤེ་ཡའི་རི་ཁྲོད་དུ་ཐོན་ངེས་ཡིན། ས་དེ་ག་ཨུ་རུ་སུའི་མངའ་ཁོངས་དུ་མི་གཏོགས་ལ་ཨོ་ཐྲི་ལེར་ར་མི་རིགས་ཀྱི་དབང་འཛིན་བྱས་ཡོད། ཨོ་ཐྲི་ལེར་རྒྱལ་ཁབ་གྱི་མི་རྣམས་ཨུ་རུ་སུའི་མི་དང་བསྡུར་ན་ཅུང་བྱམས་པ་ཡིན་པས་ང་ཚོ་བཙོན་ཁང་དུ་བསྐྱལ་བར་དོགས་མི་དགོས་པར་རང་འདོད་དུ་པཱོ་ལན་སྐད་བཤད་ཆོག་ལ་སྐད་གསེང་མཐོན་པོས་རྒྱལ་གཅེས་གླུ་དབྱངས་ལངས་ཆོག

ཆུང་དུས་ནས་ཐང་བདེ་ས་དམའ་ས་ནས་མཚར་ལོང་བྱུང་བ་ཡིན་ཕྱིར་རི་རབ་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། དེ་མ་ཟད་ང་རང་ཉིད་ཁཱ་ཨར་པའ་ཆན་རི་འདབས་ཀྱི་སྡེ་བ་ནས་འདུག་རྒྱུར་ཧ་ཅང་དགའ། ང་རང་བརྗིད་ཉམས་ལྡན་པའི་དྲག་རི་ཆེན་པོར་དགའ་ལ་རི་ལུང་བར་གྱི་“རྒྱ་མཚོའི་མིག”ཅེས་བསྔགས་པའི་མཚོ་མོ་དེ་དག་གི་འགྲམ་ནས་བྲལ་མི་འདོད་པའི་བདེ་སྣང་སྐྱེས།

འོན་ཀྱང། ངའི་ཡིད་ངོས་ནས་མུ་མཐའ་མེད་པའི་བདེ་ཐང་ལ་དུངས་བ་ནམ་ཡིན་ཡང་ཡལ་མ་མྱོང་། ཡངས་བའི་མཐོང་རྒྱ་དང་ཞི་འཇམ་གྱི་ཁ་མདོག་དེ་རྣམས་ཀྱིས་ངའི་ཡིད་སེམས་ལ་དངངས་འདར་རྒྱག་པའི་ཚོར་བ་ཞིག་བསྐྱེད།

རྗེས་སུ་ཨ་ཕས་ང་རང་ཁྲིད་ནས་ལྷོ་ཕྱོགས་ཀྱི་པཱོ་དོ་ནེ་ཡ་རུ་སྤྲོ་གསེང་དུ་སོང་བ་ཡིན་ལ་དེ་དུས་ངའི་ཨོ་ཏི་ས་ས་ཆ་ནས་རྒྱ་མཚོ་ཆེན་མོ་ཐེངས་དང་པོར་མཐོང་སོང་། རྗེས་སུ་ང་རང་ཧྥ་རན་སུ་ལ་སོང་ཙ་ན་ད་གཟོད་རྒྱ་མཚོ་ཆེན་མོའི་དྲག་ཅིང་རྒོལ་པའི་རྦ་རླབས་དང་མཚོ་ཆུ་འཕེལ་འགྲིབ་གྱི་བརྗིད་ཉམས་ལྡན་པའི་སྣང་ཚུལ་ལ་རྒྱུས་ལོན་བྱུང་སོང་། ངའི་མི་ཚེ་ནང་དུ་རང་བྱུང་ཁམས་ཆེན་མོའི་སྣང་ཚུལ་གསར་བ་མཐོང་ཐེངས་རེ་ང་ནི་བྱིས་པ་ཞིག་དང་འདྲ་བར་དགའ་དྲགས་ནས་གནམ་ལྡིང་ས་ལྡིང་བྱས།

ང་ཚོའི་སློབ་གཉེར་གྱི་འཚོ་བ་དུས་ཡུན་རིང་བོ་མི་སོང་བར་མཇུག་བསྡུས་སོང་། ཀླད་པ་འགུལ་དགོས་པའི་བསླབ་ཚན་དེ་དག་ང་ཚོས་སླ་མོའི་ངང་སྦྱངས་ཚར་པ་ཡིན་ལ་སློབ་སྦྱོང་བྱས་དུས་ཡང་དཀའ་ལས་ཆེན་པོ་མེད། ངའི་ཕུ་བོ་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་སྨན་པ་ཞིག་བྱས་སོང་། རྗེས་སུ་ཁོ་རང་གྲོང་ཁྱེར་དཔའ་ཧྲ་ནས་སྙན་གྲགས་རྒྱས་པའི་སྨན་པ་ཞིག་ཏུ་གྱུར། ང་དང་ངའི་ཨ་ཅེ་གཉིས་དང་ཐོག་ཕ་མ་ལྟར་དགེ་རྒན་བྱས་རྒྱུའི་སེམས་ཐག་བཅད་ཡོད་ནའང་། ལོ་ཟླའི་འཕེལ་རིམ་དང་བསྟུན་ནས་ངའི་ཨ་ཅེ་ཆེ་བས་བློ་ཁ་འགྱུར་སྟེ་སྨན་པ་བྱས་རྒྱུའི་ཐག་བཅད། མོས་ཕཱ་རེ་སློབ་ཆེན་ནས་གསོ་རིག་གི་འབུམ་རམས་པའི་སློབ་གནས་བླངས་སྟེ་པཱོ་ལན་གྱི་སྨན་པ་ཏུ་ལུའུ་སེ་ཇུ་ཡི་ཆུང་མ་བྱས། རྗེས་སུ་ཁོར་བཟའ་ཟླ་གཉིས་ཨོ་ཏྲི་ལེ་ལ་གཏོགས་པའི་པཱོ་ལན་ཁཱ་ཨེར་པཱ་ཆན་གྱི་ཡུལ་ལྗོངས་རྣམ་པར་གྲོལ་བའི་རི་གྲོང་ཞིག་ནས་གསོ་རིག་བསྟི་གནས་ཆེན་པོ་ཞིག་བཙུགས། ངའི་ཨ་ཅེ་འབྲིང་བ་གྲོང་ཁྱེར་དཔའ་ཧྲ་ནས་སྐུ་ཞབས་སུ་ཀྲ་ལཱེ་ཡི་ཆུང་མ་བྱས། མོ་རང་སློབ་གྲྭ་ཞིག་ནས་འབད་པ་ཧུར་བརྩོན་གྱིས་དགེ་རྒན་བྱས་ནས་ལོ་མང་པོ་འགོར། པཱོ་ལན་རང་བཙན་བྱས་རྗེས་སུ་ཁོ་མོས་སློབ་འབྲིང་གི་སློབ་གཙོ་ཞིག་གི་འགན་བཞེས།

སློབ་འབྲིང་འགྲིམ་པའི་སྐབས་སུ་ངའི་རྒྱུགས་འབྲས་རྒྱུན་པར་སྔོན་གྲས་སུ་ཚུད། མཐར་ཕྱིན་རྗེས་ང་ལོ་བཅོ་ལྔ་ལ་སླེབས་གྲབས་འདུག ཧུར་བརྩོན་གྱིས་སློབ་སྦྱོང་བྱས་དྲགས་པའི་རྐྱེན་གྱིས་ངའི་འབྱུང་བཞི་ལུས་ཕུང་ལ་ངལ་ཚེགས་བྱུང་། དེ་ནས་ང་རང་སློབ་མཐར་ཕྱིན་རྗེས་ཞིང་གྲོང་ནས་ལོ་གཅིག་ཙམ་ལ་མི་འདུག་ག་མེད་བྱུང་། དེའི་རྗེས་ནས་ང་གྲོང་ཁྱེར་དཔའ་ཧྲ་ལ་ཕྱིར་ལོག་ནས་ཨ་ཕ་དང་ལྷན་མཛོམས་བྱུང་། དང་ཐོག་ངས་སྙིང་རྗེ་སློབ་གྲྭ་ཞིག་ནས་དགེ་རྒན་བྱས་རྒྱུའི་སེམས་ཐག་བཅད་ཡོད་མོད། ཁྱིམ་གྱི་ཆ་རྐྱེན་ཞན་པའི་དབང་གིས་ངས་རང་གི་གདམ་གསེས་དེ་བསྒྱུར་དགོས་བྱུང་། དེ་དུས་ངའི་ཨ་ཕ་ལོ་རྒས་ནས་ལུས་སེམས་གཉིས་ཀ་ཐང་ཆད་སླ་བས་རྒྱུན་པར་ངལ་གསོ་དགོས། འོན་ཀྱང་ཁོང་གི་ཡོང་འབབ་དམའ་བའི་ངས་ཡོངས་འབབ་ཅུང་བཟང་བའི་ལས་ཀ་ཞིག་གཉེར་ནས་ཨ་ཕའི་འཚོ་བའི་ཆ་རྐྱེན་ཇེ་མཐོ་རུ་འདེགས་པར་སེམས་ཐག་བཅད། དེ་བས་ང་རང་ལོ་བཅུ་བདུན་གྱི་སྐབས་སུ་ངའི་ཁྱིམ་སྡོད་དགེ་རྒན་ཞིག་གི་བྱ་བ་དང་ལེན་བྱས་ནས་རང་ཉིད་གཅིག་པུ་ཨ་ཕ་ལ་ཁ་བྲལ་ནས་ཕྱི་ཡུལ་གྱི་འཚོ་བ་འགྲིམ་མགོ་བརྩམས།

ཁྱིམ་ལ་ཁ་བྲལ་སྐབས་ཀྱི་ཉིན་དེ་ད་དུང་ངའི་མིག་ལམ་དུ་ཤར་འོང་ལ་མི་ཚེ་འདི་ལ་བརྗེད་ཐབས་ཟད། མེ་འཁོར་ནང་ལ་བུད་པའི་དུས་དེར་ངའི་སེམས་པ་ཧ་ཅང་ལྗིད་མོ་ཡིན། ང་མི་འགྱངས་བར་མེ་འཁོར་ལ་བསྡད་ནས་ཆུ་ཚོད་འགར་བསྐྱོད་ན་ད་གཟོད་ཐོན་པའི་ཡུལ་ཐག་རིང་དུ་སོང་བ་ཡིན། དེ་མ་ཟད་མེ་འཁོར་ལས་བབས་ནས་ད་དུང་ཆུ་ཚོད་ལྔ་ཙམ་གྱི་ལམ་ལ་ཤིང་རྟར་བསྡད་ནས་འགྲོ་དགོས། མེ་འཁོར་གྱི་དྲ་མ་ལས་མིག་མདུན་གྱི་བདེ་ཐང་དེ་གཤོག་པ་ཐོག་པ་ལྟར་མིག་མཐའ་རུ་བཞུད། མི་འགྱངས་བར་ཅི་ཞིག་འབྱུང་ངམ་བསམ་ནས་ངའི་སེམས་པ་ཞ་ཉེ་གོང་བུ་ལྗིད་མོ་ཞིག་ལྷུང་བ་དང་འདྲ་བར་ལྗིད་ཏིག་ཏིག་ཏུ་སྣང་།

ང་ཁྱིམ་སྡོད་དགེ་རྒན་བྱས་དུ་སོང་བའི་ཁྱིམ་བདག་ནི་ཞིང་ར་ཆེན་པོའི་བདག་གཉེར་པ་ཡིན། ཁོའི་བུ་མོ་ཆུང་བ་དེ་ང་དང་ལོ་ཚོད་འདྲ་མཉམ་ཡིན་ལ་ང་དང་བསྟུན་ནས་སློབ་སྦྱོང་བྱས་སྐབས་ག་ལེ་ག་ལེ་ངའི་གྲོགས་པོར་གྱུར་སོང་། མོ་མ་གཏོགས་ཁྱིམ་ཚང་འདི་ལ་ད་དུང་བུ་ཕྲུག་ཞིག་དང་བུ་མོ་ཞིག་ཡོད་ལ་ང་ཁོ་ཚོ་ལ་འཛེམ་པ་ཅི་ཡང་མེད་པར་འབྲེལ་བ་ཧ་ཅང་བཟང་། ཉིན་རེར་སློབ་ཁྲིད་བཞག་རྗེས་ང་ཚོ་མཉམ་དུ་འཆམ་འཆམ་དུ་སོང་བ་ཡིན། ང་རང་ཞིང་གྲོང་གི་འཚོ་བ་ལ་དུངས་ཞེན་ཤིན་ཏུ་ཆེ་བས་ས་འདི་ག་ནས་བསྡད་ན་ང་སུན་སྣང་ཉག་ཙམ་ཡང་སྐྱེས་མ་མྱོང་། ས་འདིའི་ཡུལ་ལྗོངས་དེ་འདྲའི་ཡག་པོ་ཞིག་མིན་ནའང་དུས་བཞིའི་འགྲོས་དང་བསྟུན་ནས་རྣམ་པ་མི་འདྲ་བར་མངོན་པས་ང་ལ་སྤྲོ་སྣང་ཆེན་པོ་བསྐྱེད་པ་དང་ཡིད་ཚིམ་དུ་བཅུག ཞིང་ར་ཆེན་པོ་འདིའི་སྔོན་ཐོན་གྱི་རྨོན་འདེབས་ལག་རྩལ་ནི་ས་ཆ་འདིའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་དང་ང་ལ་མཚོན་ན་དེ་ལ་སྤྲོ་སྣང་ཆེན་པོ་ལྡན། ཡུན་རིང་མ་འགོར་བར་ངའི་རྨོན་འདེབས་ཀྱི་ལག་རྩལ་ཤེས་ལ་ནམ་རྒྱུན་དུ་འབྲུ་རིགས་མྱུག་ཁ་འབུས་རྗེས་ཀྱི་གནས་ཚུལ་ལ་དོ་སྣང་བྱས་ནས་བསྡད། ཞིང་ར་ཆེན་པོ་འདིའི་རྟ་ར་ནང་ནས་ངས་ད་དུང་འདོ་བ་རྟ་ཡི་གཤིས་ཀ་ཡང་ཤེས་ཚོར་བྱུང་།

དགུན་ཁ་ཐོན་པའི་དུས་སུ་མུ་མཐའ་མེད་པའི་ས་གཞི་ལ་ཁ་བས་གཡོགས་ན་མཇེས་པ་ལྟ་བས་མི་ངོམས། མཚམས་ལན་རེརར་ང་ཚོས་ཁ་ལོ་བྱས་ཏེ་ཁ་བའི་ཐོག་ནས་རོལ་རྩེད་བཏང་། མཚམས་ལན་རེརར་དགའ་དྲགས་པས་ལམ་ཡང་མཐོང་རྒྱུ་མི་འདུག ང་སྐྲག་ནས་ཁ་ལོ་བར་མདུན་གྱི་ཆུ་རྐ་ལ་མཉམ་འཇོག་བྱས་ཞེས་བཤད་མོད། ཁ་ལོ་བས་ང་ལ་དོ་སྣང་མེད་པའི་ངང་ནས་སྐྲག་མི་དགོས། ད་ལྟ་ཁྱོད་ཁྲིད་ནས་ཆུ་རྐའི་ཕྱོགས་སུ་བུད་འགྲོ་ཅེས་བཤད། བཤད་དབང་གཏམ་དབང་མེད་པར་འགྲེ་ལོག་ཅིག་རྒྱབ་བྱུང་། གངས་ཐང་ནས་འགྲེལ་ལོག་རྒྱབབ་ན་འཇིགས་སྣང་མེད་པར་མ་ཟད་ང་ཚོ་འཆམ་འཆམ་དུ་ཕྱིན་པ་ལ་སྤྲོ་བ་མི་ཉུང་བ་ཞིག་བསྣན་སོང་།

ངའི་དྲན་འཛིན་དུ་ལོ་ཞིག་གི་དགུན་ཁར་ཁ་བ་ཆེན་པོ་བབས་ནས་ས་གཞི་ཡོངས་ལ་ཁ་བས་གཡོགས། ང་ཚོས་ཁ་བ་སྤུངས་ནས་དབྱིབས་རྣམ་པ་སྣ་ཚོགས་ཀྱི་ཁང་པ་ཞིག་བསྐྲུན་པ་དང་ནང་ནས་ཙོག་པུ་བསྡད་ནས་རྒྱང་རིང་གི་ཉི་འོད་འཕྲོས་ནས་དམར་མདོག་ལྡན་པའི་གངས་རྗེས་ཀྱི་ཐང་ཆེན་དུ་རྒྱང་ལྟ་བྱས། ང་ཚོ་དུས་རྒྱུན་དུ་དར་ཆགས་པའི་ཆུ་ཀླུང་དུ་སོང་ནས་དར་རྩེད་བཏང་། དགུན་གྱི་རྩེད་མོ་ཡོད་དོ་ཅོག་གིས་ང་ཚོ་ལ་རབ་ཏུ་སྤྲོ་སྐྱིད་ལྡན་པའི་སྣང་བ་སྟེར་མོད་སྤྲོ་སྣང་ཀྱི་གསེབ་ནས་གལ་སྲིད་གནམ་གཤིས་ཇེ་དྲོ་དུ་སོང་ན་སྤྲོ་སྐྱིད་འདི་དག་ཉམས་འགྲོ་བསམ་ནས་སེམས་ཕྲལ་བྱས། གནམ་གཤིས་ཇེ་དྲོ་རུ་སོང་ན་ང་ཚོས་སྤྲོ་སྣང་འདི་དག་ཡང་དུས་ཚོད་ཀྱི་ཕོ་ཉས་འཕྲོག་འགྲོ

ཞིང་སྡེའི་ནང་གི་ལས་ཀས་ངའི་དུས་ཚོད་མང་པོ་བོར་བརླག་ཏུ་བཏང་མེད། དེ་བས་ངའི་ཟུར་ཁྲིད་བྱས་ཚར་རྗེས་སྡེ་བའི་ནང་གི་ཨུ་རུ་སུའི་དབང་བསྒྱུར་འོག་སློབ་གྲྭར་འགྲིམ་མ་ཐུབ་པའི་བྱིས་པ་ཚོ་དང་ང་ཚོའི་གྲས་སུ་ཞུགས་འདོད་པའི་བུ་མོ་རྣམས་འཛིན་གྲྭ་གཅིག་ཏུ་བསྡུས་ནས་པཱོ་ལན་སྐད་ཀྱི་སློབ་དེབ་བཀོལ་ནས་ཁོ་ཚོར་ཡི་གི་འབྲི་ཀློག་སོགས་བསླབས། སློབ་ཁྲིད་བྱས་དུས་སུ་ཞིང་རའི་བདག་གཉེར་བའི་བུ་མོ་ཆེ་བ་ངའི་ལག་རོགས་དུ་གྱུར་སོང་། བྱིས་པ་ཚོའི་ཕ་མ་གཉིས་ཀྱིས་ང་ལ་བཀའ་དྲིན་ཚད་མེད་ཞུས། འོན་ཀྱང་དྲང་མོར་བཤད་ན་འདི་འདྲའི་སློབ་ཁྲིད་བྱས་ན་ཉེན་ཁ་ལ་གཞོལ་དགོས། ངའི་ཟུར་ཁྲིད་ཀྱི་ལས་འགན་འདི་ལ་བཟང་མ་གཏོགས་ངན་གཅིག་ཀྱང་མེད་པ་ཡིན་མོད་འོན་ཀྱང་སྲིད་གཞུང་གིས་དེ་ནི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་ཆེ་བསམ་ནས་བཀག་སྡོམ་བྱས་ཡོད་པ་རེད། དེ་བས། གལ་སྲིད་ངས་འདི་འདྲའི་བྱ་འགུལ་སྤེལ་ཡོད་པ་སྲིད་གཞུང་གི་མི་སྣ་ཚོས་ཤེས་སོང་ན་ང་དེ་མ་ཉིད་དུ་བཙོན་དུ་འཇུག་རྒྱུའམ་ཡང་ན་ས་འཁྱག་གནམ་འཁྱག་གི་ཧེ་པཱ་ལེ་ཡར་སྤྱུག་ངེས་ཡིན།

མཚན་མོའི་དུས་ཀྱི་ཁོམ་སྐབས་ལ་ངས་ནམ་རྒྱུན་དུ་སློབ་སྦྱོང་བྱས་ནས་བསྡད། ངས་སྔོན་ཆད་ཨུ་རུ་སུའི་གྲོང་ཁྱེར་པཱེ་ཏུ་གེ་ལི་དང་ཡང་ན་རྒྱལ་ཁབ་གཞན་པའི་བུད་མེད་འགའ་ཤས་ཀྱིས་ས་ས་གི་ཆེད་ལས་ཁྱབ་ཁོངས་སུ་འབད་པ་ཚད་མེད་བྱས་ནས་བྱ་གཞག་གི་ཐོག་ལ་ལེགས་གྲུབ་ཆེན་པོ་བྱུང་ཡོད་པའི་གཏམ་རྒྱུད་དེ་དག་རྣ་ཐོས་ཡོད། དེ་ཕྱིར་ངས་ཁོ་མོ་ཚོར་དཔེལྟ་བྱས་ནས་འབད་དེ་ཁོ་མོ་ཚོ་དང་འདྲ་བའི་གྲུབ་འབྲས་ཞིག་ལེན་རྒྱུའི་སེམས་ཐག་བཅད།

དེ་དུས་ངས་ད་དུང་མ་འོངས་པར་ཁ་གང་ལ་ཕྱོགས་དགོས་པ་སེམས་ཐག་བཅད་མེད། དང་ཐོག་ངས་རྩོམ་རིག་དང་སྤྱི་ཚོགས་རིག་པ་ལ་སྤྲོ་སྣང་ཆེན་པོ་ལྡན། འོན་ཀྱང་ལོ་གསུམ་གྱི་རིང་ལ་སློབ་སྦྱོང་བྱས་མཐར་ག་ལེ་ག་ལེར་ང་རང་ཉིད་དུངས་བ་ཟབ་མོ་ཡོད་པ་ནི་གྲངས་རིག་དང་དངོས་ལུགས་ཡིན་པ་ཚོར་བྱུང་། དེ་བས་ང་རང་ཉིད་ཀྱང་གོམ་པ་གཅིག་རེ་གཅིག་རེ་སྤོས་ནས་འདིའི་ཕྱིགས་ལ་འབད་པ་བྱས་པ་དང་དེ་མ་ཟད་རྗེས་ཕྱོགས་སུ་གྲོང་ཁྱེར་ཕཱ་རེ་ལ་སློབ་གཉེར་བྱས་དུ་འགྲོ་རྒྱུའི་སེམས་ཐག་བཅད། དེ་ཡིན་སྟབས་ངས་ད་དུང་གཟབ་ནན་གྱིས་གྲ་སྒྲིག་གང་ལེགས་བྱས་པ་ཡིན་ལ་མ་འོངས་པར་གྲོང་ཁྱེར་ཆེན་མོ་ནས་འཚོ་བ་རོལ་དགོས་ཕྱིར་ངས་ལམ་བྲོ་སྒོར་མོ་ཅུང་ཟད་གསོག་རྒྱུའི་འཆར་གཞི་ཡང་བཟོས་ཡོད།

རང་སྦྱོང་བྱས་པའི་ཁྲོད་དུ་དཀའ་ངལ་མང་པོ་ཡོད། ངའི་སློབ་འབྲིང་སྐབས་སུ་སྦྱངས་བའི་ཤེས་བྱའི་རྣམ་གྲངས་ཡང་དེ་འདྲ་འཐུས་ཚང་ཅན་ཞིག་མ་ཡིན། དེ་ནི་ཧྥ་རན་སུའི་སློབ་འབྲིང་དང་བསྡུར་ན་ཧ་ཅང་དོ་མི་མཉམ་པ་ཞིག་རེད། གནས་ཚུལ་འདི་སེལ་དགོས་ཕྱིར་ང་རང་གིས་དཔེ་ཆ་འགའ་ཞིག་གདམ་གསེས་བྱས་ནས་རང་སྦྱོང་བྱས་པ་ཡིན། ཐབས་ཇུས་འདི་དེ་འདྲ་འདོད་བློ་ཚིམ་ཐུབ་པ་ཞིག་མ་ཡིན་མོད་འོན་ཀྱང་གྲུབ་འབྲས་མི་དམན་པ་ཞིག་ཐོབ་སོང་། ཤེས་བྱ་དི་དག་གིས་ངའི་མ་འོངས་བའི་སློབ་གཉེར་ལ་རམ་འདེགས་གང་མང་བྱས་སོང་བ་ལ། ང་ལ་མཚོན་ན་ཤེས་བྱ་དེ་དག་གིས་རང་རྟོག་གིས་བསམ་བློ་གཏོང་རྒྱུའི་གོམས་གཤིས་ཆགས་སུ་བཅུག

ངའི་ཨ་ཅེ་ཆེ་བ་གྲོང་ཁྱེར་ཕཱ་རེ་རུ་གསོ་རིག་གི་ཆེད་ལས་སློབ་གཉེར་བྱས་དུ་འགྲོ་རྒྱུའི་ཐག་བཅད་རྗེས་ངས་རང་ཉིད་ཀྱི་འཆར་གཞི་དེ་ལ་བཅོས་བསྒྱུར་བྱས་དགོས་སོང་། ཁྱིམ་གྱི་ཆ་རྐྱེན་ཞན་པའི་དབང་གིས་མིང་སྲིང་གཉིས་དུས་མཉམ་དུ་ཕྱི་རྒྱལ་ལ་སློབ་གཉེར་བྱས་པར་འགྲོ་མི་ནུས། དེའི་ཕྱིར་ངའི་མིང་སྲིང་གཉིས་གྲོས་ཁ་འཆམ་ནས་ཕན་ཚུན་ལ་རོགས་རམ་པའི་དམ་བཅོས་ནས་སྔ་གཞུག་ཏུ་སློབ་ཆེན་དུ་འགྲིམ་རྒྱུའི་ཐག་བཅད། སྔ་རྗེས་སུ་ངའི་སློབ་མ་གསུམ་པའི་བསླབ་གཞི་ཚང་མ་ཁྲིད་ཚད་རགས་བར་དུ་ང་ཞིང་རའི་བདག་གཉེར་བ་ཚང་ནས་བསྡད་པ་ཡིན། དེ་རྗེས་ནས་ང་ཕྱིར་གྲོང་ཁྱེར་དཔའ་ཧྲར་ཡོང་ནས་ས་དེ་ནས་ཁྱིམ་སྡོད་དགེ་རྒན་གྱི་བྱ་བ་ཞིག་སྒྲུབ་མགོ་བརྩམས།

བྱ་བ་འདི་ངས་ལོ་གཅིག་ལྷག་ལ་སྒྲུབ་པ་ཡིན་ལ་རྗེས་སུ་ར་རང་ངལ་གསོ་བྱས་རྗེས་ཁེར་སྡོད་བྱས་ཡོད་པའི་ཨ་ཕའི་གམ་དུ་ལོག་ནས་ཁོ་དང་མཉམ་དུ་ལོ་གཅིག་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ནས་བསྡད། ལོ་འདིའི་ནང་དུ་ཨ་ཕས་བརྩམས་ཆོས་འགའ་བརྩམས་བྱུང་། ང་རང་ཁྱིམ་སྡོད་དགེ་རྒན་བྱས་ནས་གླ་དངུལ་བེད་སྤྱད་ནས་འཚོ་བ་བསྐྱངས་པ་ཡིན། དེ་དུས་སུ་ངས་ད་དུང་ཡང་དུས་ཚོད་དམ་འཛིན་བྱས་ནས་རང་སྦྱོངས་བྱས་ནས་བསྡད། ཨུ་རུ་སུའི་དབང་བསྒྱུར་འོག་གི་གྲོང་ཁྱེར་དཔའ་ཧྲ་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱས་རྒྱུ་ནི་དེ་འདྲ་ལས་སླ་མོ་ཞིག་མ་ཡིན། འོན་ཀྱང་སྔོན་ཆད་ཀྱི་ཞིང་གྲོང་དང་བསྡུར་ན་གྲོང་ཁྱེར་ཆེན་པོ་ནས་ལེགས་འགྲུབ་གྱི་གོ་སྐབས་ཅུང་ཟད་ཆེ། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་གྲོང་ཁྱེར་འདི་ནས་ང་སྐྱེས་པ་འདིའི་ཐེངས་དང་པོར་དངོས་དཔྱད་ཁང་གི་ནང་ནས་སློབ་སྦྱོང་བྱས་ཐུབ་པའི་སྐལ་བ་བྱུང་། དེ་ནི་གྲོང་ཁྱེར་སྲིད་གཞུང་གི་བདག་གཉེར་བྱེད་ཀྱིན་པའི་དངོས་དཔྱད་ཁང་ཆུང་ཆུང་ཞིག་རེད་ལ་ངའི་མ་སྤུན་ཕུ་བོ་ཞིག་དངོས་དཔྱད་ཁང་འདིའི་འགན་ཁུར་བ་རེད། ནམ་རྒྱུན་དགོང་མོའི་དུས་དང་གཟའ་ཉི་མའི་དུས་མ་གཏོགས་ང་ལ་དངོས་དཔྱད་ཁང་དུ་འགྲོ་བའི་ཁོམ་ལོང་མ་བྱུང་། ཚོད་ལྟ་ཕལ་ཆེར་ང་རང་གཅིག་པུས་བྱེད་བཞིན་ཡོད། སློབ་དེབ་སྟེང་གི་བྱེད་ཐབས་བེད་སྤྱད་ནས་ངས་དངོས་ལུགས་དང་རྫས་འགྱུར་གྱི་ཚོད་ལྟ་གང་མང་བྱས་པ་ཡིན་ལ་དུས་རྒྱུན་དུ་བསམ་ཡུལ་ལས་འདས་བའི་གྲུབ་འབྲས་བྱུང་ངོ། དེ་དུས་སུ་ང་རང་ཉིད་ཚོད་ལྟའི་འབྲས་བུ་ལ་བལྟས་ནས་དགའ་བ་ཚད་མེད་སྐྱེས་སྲིད་ལ་མཚམས་ལན་རེརར་ང་ཡང་ཉམས་མྱོང་མེད་པའི་དབང་གིས་ཕན་ཁ་བྱུང་བ་ལ་ཡིད་སེམས་རབ་ཏུ་སྐྱོ། མྱོང་རྒྱུད་འདི་དག་གིས་ང་ལ་ལེགས་འགྲུབ་གྱི་རྒྱུད་རིམ་ནི་ཀྱག་ཀྱོག་ཆེ་བའི་བློ་སྐྱེད་ཆེན་པོ་ཐོབ། དེ་མ་ཟད་ཚོད་ལྟ་རབ་དང་རིམ་པ་རྒྱུད་ནས་ངས་ང་རང་ཉིད་ཀྱང་རང་གཤིས་ཀྱི་ཟབ་ས་ནས་དངོས་ལུགས་དང་རྫས་འགྱུར་ཚོད་ལྟ་ལ་འོས་འགྲིག་པ་རྟོགས་སོང་།

དེའི་རྗེས་ནས་ངས་སློབ་ཁྲིད་ཀྱི་ལས་གནས་ཞིག་རྙེད་བྱུང་། ང་རང་གྲོང་ཁྱེར་དཔའ་ཧྲའི་སློབ་སྦྱོང་རྩ་འཛུགས་ཞིག་གི་ནང་ལ་ཞུགས་ལ་རྩ་འཛུགས་དེས་སློབ་གསོའི་བྱ་གཞག་ལ་དོ་སྣང་དང་གཙུག་ཆེན་བཟུང་ཡོད་པ་དང་མཉམ་དུ་སློབ་སྦྱོང་བྱས་འདོད་ཀྱི་འདུན་པ་ཡོད་པའི་ན་གཞོན་འགའ་ཡིས་གྲུབ་པ་རེད། ཁོ་ཚོ་ལ་རང་སྟེང་གི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་བྱས་ཐབས་ཡོད་པ་རེད། རྩ་འཛུགས་འདི་ལ་ཆབ་སྲིད་ཀྱི་ཆ་ཅུང་ཟད་འདྲེས་པ་དང་ཚོགས་མི་ཡོངས་ལ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་མེས་རྒྱལ་ལ་ཞབས་འདེགས་ཞུ་བའི་རྩ་དོན་འདི་གཉིས་རང་གི་འོས་འགན་དུ་ལེན་དགོས་པའི་སྒྲིག་ལམ་བཟོས་ཡོད། ཐེངས་ཤིག་གི་གསོལ་སྟོན་སྟེང་དུ་ན་གཞོན་ཞིག་གིས་བཤད་རྒྱུར། མེས་རྒྱལ་གྱི་མ་འོངས་བ་མི་དམངས་ཀྱི་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་འདེགས་རྒྱུ་དང་སྤྱི་ཚོགས་ཀྱི་སྤྱིའི་ཀུན་སྤྱོད་ཀྱི་ཆུ་ཚད་ཡར་སྐུལ་གྱི་བྱ་གཞག་ལ་རགས་ལས་ཡོད། ལས་འདི་གཉིས་ལ་དམ་པོར་འཇུག་པ་ན་ད་གཟོད་ང་ཚོའི་མེས་རྒྱལ་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོའི་གྲས་ནས་གོ་གནས་འཕར་ཐུབ། དེ་བས་ད་ལྟ་ང་ཚོའི་འོས་འགན་གཙོ་བོ་སློབ་སྦྱོང་འབད་པ་བྱེད་རྒྱུ་དེ་ཡིན་པར་མ་ཟད་ཁོམ་སྐབས་དང་དུས་ཚོད་ཡོད་ན་བཟོ་ལས་བ་དང་ཞིང་བ་རྣམས་ལ་ཤེས་ཡོན་དར་སྤེལ་བྱས་རྒྱུ་དེ་ཡིན། གཏམ་འདི་ལ་རྐྱེན་བྱས་ནས་ང་ཚོས་དགོང་མོའི་མཚམས་སུ་མི་དམངས་མང་ཚོགས་ལ་རང་གི་བྱང་ཆ་ཡོད་པའི་ཤེས་ཡོན་དག་འཆད་ཁྲིད་བྱས་རྒྱུར་བགྲོས་པ་གཅིག་མཐུན་གྱིས་ཐག་བཅད། གདོན་མི་ཟ་བ་ཞིག་ནི་རྩ་འཚུགས་འདི་གསང་བའི་རང་བཞིན་ཅན་གྱི་རྩ་འཇུག་ཞིག་ཡིན་པ་དང་བྱ་བ་མང་པོ་སྒྲུབ་སྐབས་དཀའ་ཁག་མང་པོ་བྱུང་། དུས་ད་ལྟ་ཡིན་ནའང་རྩ་འཛུགས་འདིའི་ཚོགས་མི་རྣམས་ཀྱིས་མེས་རྒྱལ་དང་སྤྱི་ཚོགས་ཡོངས་ལ་ཕན་ཐོག་པའི་ལས་གཉེར་བཞིན་ཡོད་པར་ང་ཡིད་ཆེས་བརྟན་པོ་ཡོད།

དུས་ད་ལྟ་ཡིན་ནའང་རང་ཉིད་ལ་སྤྲོ་སྣང་ཚད་མེད་སྦྱིན་མྱོང་བའི་རྩ་འཛུགས་འདི་ཡིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། སྐབས་དེའི་ཕན་ཚུན་ལ་རོགས་རམ་བྱད་པ་དང་ཐུགས་ཁུར་བྱས་པའི་རྣམ་པ་དེ་ཐམས་ཅད་ད་ལྟ་ཕྱིར་དྲན་རེ་བྱས་ན་འང་ང་རང་སེམས་འགུལ་ཐེབས་སུ་བཅུག མ་དངུལ་མ་འདང་བའི་རྐྱེན་གྱིས་རྩ་འཛུགས་འདི་ལ་ལེགས་འབྲས་ཆེན་པོ་འཁྱོངས་མེད་ནའང་། ད་ལྟ་བསམ་ན་དུས་སྐབས་དེར་ང་ཚོར་སེམས་ཤུགས་དེ་འད་ལྡན་པ་ནི་པཱོ་ལན་སྤྱི་ཚོགས་ཡར་སྐུལ་གྱི་ཐབས་ལམ་ཉག་གཅིག་ཡིན་ཞེས་ང་རང་གཞི་ནས་ཡིད་ཆེས་ཡོད། གལ་སྲིད་སྤྱི་ཚོགས་ཞིག་གི་ནང་གི་སྐྱེ་བོ་མཐའ་དག་ལ་སློབ་གསོ་མྱོང་བའི་སྐལ་བ་ཆད་པ་ཡིན་ན་ཀུན་སྤྱོད་ལྡན་པའི་འཆམ་མཐུན་སྤྱི་ཚོགས་ཞིག་འབྱུང་རྒྱུའང་གཞི་ནས་ཡོད་ས་མ་རེད། ཀུན་སྤྱོད་ལྡན་པའི་སྤྱི་ཚོགས་ཞིག་མངོན་འགྱུར་བྱས་ཆེད་སྐྱེ་བོ་སོ་སོས་རང་ཉིད་ལེགས་རྒྱས་གཏོང་དགོས་པ་དང་མཉམ་དུ་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལེན་བྱས་ནས་རང་ནུས་ཅི་ཡོད་ཀྱིས་བྱ་བའི་སྟེང་དུ་ཞུགས་དགོས། དེ་མ་ཟད་གཞན་ཕན་གྱི་ལྷག་བསམ་བཅིངས་ནས་མི་གཞན་པར་རོགས་རམ་བྱས་དགོས། དེ་ལྟར་བྱས་ན་ད་གཟོད་རང་ཉིད་ཀྱི་ཚེག་སྲོག་ལ་དེ་བས་ཀྱང་རིན་ཐང་ཡོད་པ་ཚོར་ཐུབ།

དུས་སྐབས་འདིའི་མྱོང་རྒྱུད་ཀྱིས་ངའི་མ་འོངས་པའི་སློབ་གཉེར་གྱི་འདུན་པ་ལ་ཤུགས་བསྣོན་བརྒྱབ། ངའི་ཨ་ཕའི་འབྱོར་བ་ཞན་ནའང་བུ་མོ་ལ་བརྩེ་བའི་ལྷག་བསམ་བཅིངས་ནས་ཁོས་ང་ལ་ཕུགས་བསམ་མངོན་འགྱུར་བྱས་ཆེད་རོགས་རམ་བྱས་པར་ཧ་ཅང་མོས། ངའི་ཨ་ཅེ་གྲོང་ཁྱེར་ཕཱ་རེ་ནས་གཉེན་སྒྲིག་བྱས་མ་ཐག་ང་རང་མྱུར་དུ་དེ་རུ་སློབ་གཉེར་འགྲོ་རྒྱུའི་སེམས་ཐགས་བཅད། ང་དང་ཨ་ཕ་གཉིས་ཀྱིས་ཉིན་ཞིག་གི་ཚེ་ན་ངའི་སློབ་གཉེར་གྱི་རིམ་པ་རྫོགས་ནས་སླར་ཡང་ཁྱིམ་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལྷན་འཛོམས་བྱུང་བར་རེ་སྨོན་རྒྱབ་པ་ཡིན་མོད། འོན་ཀྱང་རྗེས་སུ་ང་རང་གྲོང་ཁྱེར་ཕཱ་རེ་ནས་གཉེན་སྒྲིག་བྱས་པ་ནས་བཟུང་ས་དེ་ནས་གཞི་སྡོད་བྱས་ཏེ་ཨ་ཕའི་གམ་དུ་འགྲོ་མ་ཐུབ། ཚན་རིག་ཞིབ་འཇུག་གི་ལས་ལ་འཇུག་རྒྱུ་ནི་ཨ་ཕ་ལགས་གཞོན་དུས་ནས་སྐྱེས་པའི་རེ་འདུན་ཡིན་ལ་རྗེས་སུ་ཁོས་ང་རང་ཧྥ་རན་སུ་ནས་ཞིབ་འཇུག་གི་ཕྱོགས་ལ་ལག་རྗེས་ཆེན་པོ་ཐོབ་པ་གསན་དུས་ཐག་རིང་པཱོ་ལན་གྱི་ཡུལ་ནས་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ཟེར། ཨ་ཕའི་ཟོལ་མེད་ཀྱི་ལྷག་བསམ་དེ་ངས་ནམ་ཡིན་ཡང་བརྗེད་ཐབས་ཟད། རྗེས་སུ་ཨ་ཕ་ཕུ་བོའི་གམ་ནས་བསྡད་ཅིང་ཁོང་གི་ཚ་བོ་རྣམས་ལ་གཅེས་སྐྱོང་བྱས་ནས་བསྡད། ༡༩༠༢ལོར་ལོ་བདུན་བཅུ་ལ་སོན་པའི་ཨ་ཕ་ང་ཚོ་དང་གཏན་དུ་བྲལ་སོང་བས་ངའི་མིང་སྲིང་ཚོ་སེམས་པ་རབ་ཏུ་སྐྱོ།

༡༨༩༢ལོའི་ཟླ་༡༡པར་ང་རང་ལོ་ཉེར་བཞི་ལ་སོན་སྐབས་ངས་ལོ་མང་ལ་བཅིངས་བའི་ཕུགས་བསམ་མངོན་འགྱུར་ཐུབ་སོང་།

ང་རང་གྲོང་ཁྱེར་ཕཱ་རེ་རུ་སླེབས་སྐབས་ངའི་ཨ་ཅེ་ཁྱོ་ཟླ་གཉིས་ཀྱི་ཐུགས་ཁུར་དང་དགའ་བསུ་བྱེད་མོད། འོན་ཀྱང་ཁོ་བཟའ་ཟླ་གཉིས་འཕྲོད་བརྟེན་ལ་སྟབས་བདེ་བས་གྲོང་ཁྱེར་ཕཱ་རེའི་གྲོང་ཁྱེར་མཐའ་སྐོར་དུ་བསྡད་ཡོད་ལ་དེ་ནི་ངའི་སློབ་གཉེར་བྱས་ས་ལ་ཧ་ཅང་ཐག་རིང་། ང་སློབ་གྲྭ་དང་ཐག་ཉེ་ས་ཞིག་ནས་བསྡད་ཏེ་དུས་ཚོད་བེད་སྤྱད་ནས་སློབ་སྦྱོང་ལ་བརྩོན་དགོས་བས་ཟླ་འགའི་རྗེས་སུ་ངས་སྡོད་ས་གཞན་ཞིག་བཙལ་ནས་དེ་རུ་འཚོ་བ་རོལ་ནས་བསྡད། པཱོ་ལན་ནས་ཐོན་པའི་སློབ་མ་ཚོ་དང་འདྲ་བར་ངར་ཅ་ལག་སོགས་ཧ་ཅང་ཉུང་བའི་ཁང་བ་ཆུང་ཆུང་ཞིག་གླས་ནས་དཀའ་ཁག་གང་མང་མྱངས་ནས་ལོ་བཞིའི་རིང་གི་སློབགཉེར་གྱི་འཚོ་བ་དེ་ལྟར་བསྐྱངས་པ་ཡིན།

ལོ་བཞིའི་རིང་དུ་ངས་སློབ་སྦྱོང་གི་ཕྱོགས་ནས་ཐོན་པའི་ཡར་རྒྱས་ཡོད་དོ་ཅོག་གཅིག་གཅིག་གཉིས་གཉིས་ཀྱིས་བཤད་རྒྱུ་ནི་དཔེ་མི་སྲིད། ང་རང་མི་གཅིག་པུར་བར་ཆད་ཅི་ཡང་མེད་པར་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་གི་སྟེང་ལ་འབད་པ་བྱས་པ་ཡིན། སློབ་སྦྱོང་ཡར་ཐོན་ཡོང་བས་ན་ང་རང་ཡིད་ཚིམ་པ་ཡིན་ལ་ཡིད་སེམས་སྤྲོ་བས་ཁེངས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་དཀའ་ལས་ཧ་ཅང་མང་པོ་མྱངས་སོང་། ངར་མ་དངུལ་གྱི་གསོག་འཇོག་ཉུང་བའི་ཁར་གཉེན་ཉེ་ཚོ་ལའང་ངར་རོགས་རམ་བྱས་ཐུབ་པའི་ཆ་རྐྱེན་མི་ལྡན། འོན་ཀྱང་སྐབས་དེར་ང་རང་གཅིག་པུའི་གནས་ཚུལ་དེ་འདྲའི་འོག་ཏུ་ཚུད་ཡོད་པ་ཞིག་གཏན་ནས་མ་ཡིན་ལ་ངས་ཤེས་གསལ་ལྟར་ན་རྒྱལ་ཁབ་པཱོ་ལན་ནས་ཐོན་པའི་སློབ་གཉེར་པ་མང་པོ་ཞིག་གི་གནས་ཚུལ་ང་དང་ཁྱད་པར་ཆེན་པོ་མེད་པ་རེད། ང་རང་གི་སྡོད་ཁང་དེ་ཁང་བརྩེགས་གི་ཆེས་མཐོ་ས་དེ་ཡིན་ཕྱིར་དགུན་ཁ་གྲང་ངར་ཧ་ཅང་ཆེ། ཁང་བའི་ནང་གི་ཐབ་ཀ་ཆུང་བ་དང་དུས་རྒྱུན་དུ་རྡོ་སོལ་མི་འདང་བའི་དབང་གིས་ཁང་བའི་ནང་ལ་དྲོད་ངད་མེད་པས་གྲང་ངར་གྱི་མི་གཟོད། དགུན་དུས་སུ་ཕལ་ཆེར་ངའི་ངོ་བཀྲུ་བྱས་ཀྱི་ཀ་ཏོ་རའི་ནང་ལ་འང་ཆབ་རོམ་ཆགས་འགྲོ མཚན་མོ་གཉིད་ཁུག་པའི་ཆེད་དུ་ངས་རང་གི་ལྭ་བ་ཡོད་ཚད་མལ་ཁྲི་སྟེང་་དུ་གཡོགས། འདི་འདྲ་བའི་ཁང་བ་ཐབས་རྡུག་ཞིག་གི་ནང་ནས་ངས་ཆང་བཅུད་ཀྱི་ཐབ་ཀ་དང་ཅ་ལག་འགའ་ཤས་ཀྱིས་ཟ་མ་ལས་པ་ཡིན་ལ། དུས་ཚོད་དང་སྒོར་མོ་གྲོན་ཆུང་བྱས་ཆེད་དུ་ངས་རྒྱུན་པར་བག་ལེབ་དང་ཁོ་ཧྥེ་ཇ་ཕོར་གང་རེ། བྱ་སྒོང་འགའ་དང་སིལ་ཏོག་ཉུང་ངུ་ཙམ་གྱིས་འཚོ་བ་རོལ་བ་ཡིན། ང་རང་གཅིག་པུས་ཁྱིམ་ལས་ཚང་མ་གཉེར་པ་ཡིན་ལ་མི་གཞན་པའི་རོགས་རམ་ཙུང་ཙམ་ཡང་བྱེད་མ་མྱོང་། ཐ་ན་རྡོ་སོལ་ལེན་དགོས་ནའང་ང་རང་གཅིག་པུས་ཁང་བརྩེགས་བདུན་པའི་བར་དུ་ཡར་རྒྱུག་མར་རྒྱུག་བྱེད་ནས་བླངས་པ་ཡིན།

མི་གཞན་པས་མིག་ནང་ལ་ངའི་འཚོ་བ་འདི་ནི་ཇབས་རྡུག་རེད་བསམ་ནའང་འོན་ཀྱང་ང་རང་ཉིད་འཚོ་བ་འདི་ལྟ་བུའི་ཁྲོད་ནས་གང་དགའ་གང་སྐྱིད་བྱས་ནས་བསྡད་པ་ཡིན་ལ་ཉིན་གང་བོར་སློབ་སྦྱོང་ལ་མགོ་འཁོར་ནས་ཡ་ཆུང་སེམས་པ་རབ་ཏུ་སྤྲོ། འཚོ་བའི་མྱོང་རྒྱུད་འདི་འདྲ་བའི་ཁྲོད་ནས་ངས་རང་དབང་དང་རང་ཚུགས་ཐུབ་བའི་གཤིས་ཀ་སོགས་ནི་ཤིན་ཏུ་རིན་ཐང་ལྡན་པ་ཚོར་བྱུང་། ཆེ་དྲགས་པའི་གྲོང་ཁྱེར་ཕཱ་རེ་ནས་ང་རང་གཅིག་པུ་ནི་གྲགས་འགུལ་ཅི་ཡང་མེད་པར་རང་ཉིད་ཀྱི་འཇིག་རྟེན་ཆུང་ཆུང་དེ་གར་ཆགས་ཡོད། ང་རང་ས་ཆ་དེ་ནས་ཉེ་དུ་ཅི་ཡང་མེད་ལ་གྲོགས་པོ་ཡང་མེད་ནའང་ང་རང་སེམས་ཤུགས་ཟད་འགྲོ་བ་དང་རྒུད་པའི་གནས་སུ་ལྷུང་མ་མྱོང་། མཚམས་ལན་རེརར་ཁེར་རྐྱང་གི་དབང་གིས་གློ་བུར་དུ་སུན་སྣང་སྐྱེ་ཡོང་ནའང་ངས་སེམས་ཁམས་སྙོམས་པ་ཡིན་སྟབས་ཁེར་རྐྱང་གི་སྣང་བ་ཡུན་ཐུང་ཙམ་དུ་མ་གཏོགས་མི་གནས།

ངས་སློབ་སྦྱོང་གི་ཕྱོགས་ལ་དཀའ་ཁག་ཆེན་པོ་མྱང་དགོས་བྱུང་། ལྷག་པར་དུ་ཆེས་ཐོག་མའི་སྐབས་སུ་ཧ་ཅང་དཀའ། དེ་བས་ངས་སྟོབས་ཤུགས་ཡོད་ཚད་སློབ་སྦྱོང་གི་སྟེང་དུ་ཕྱོགས་བསྡུས་བྱས་པ་ཡིན། དོན་དངོས་སུ་ངའི་སྔོན་ཆད་ཀྱི་རྨང་གཞི་ཤེས་བྱ་དག་ཕལ་ཆེར་རང་སྦྱོང་བྱས་ནས་ཡོང་བ་ཡིན་པས་ཧྥ་རན་སུའི་སློབ་གྲོགས་ཚོ་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེ་བ་རེད། ནང་སྒོས་སུ་གྲངས་རིག་གི་ཤེས་བྱ་ཁག་ལ་ངའི་རྨང་གཞིའི་ཤེས་བྱ་ཧ་ཅང་ཞན། དེ་རྐྱེན་གྱིས་ངས་ངེས་པར་དུ་འབད་པ་ཚད་མེད་བྱས་ནས་རང་གི་མི་ཤེས་ས་དང་མི་འདང་ས་ལ་ཤུག་རྒྱབ་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པ་རེད། ཉིན་དཀར་ང་སློབ་ཁང་དང་དངོས་དཔྱད་ཁང་། ད་དུང་དཔེ་མཛོད་ཁང་གསུམ་པའི་བར་ན་བྲེལ་བ་ཆེ་ལ་དགོང་མོར་རང་གི་སྡོད་ཁང་ནང་ནས་སློབ་ལ་བརྩོན་ནས་རྒྱུན་པར་མཚན་ཕྱེད་དུ་ཟིན་འགྲོ་བ་རེད། ཐེངས་རེ་རེར་ཤེས་བྱ་གསར་བ་རེ་བློ་ལ་ངེས་སོང་ན་ང་རང་དགའ་དྲགས་ནས་སེམས་པ་ཧ་ཅང་སྐྱིད། ཚན་རིག་གི་གསང་བ་ནི་ངའི་མདུན་དུ་འཇིག་རྟེན་གསར་བ་ཞིག་བཀྲམ་པ་ཇི་བཞིན་ངས་རང་རྟོག་གིས་སློབ་སྦྱོང་བྱས་པ་དང་ལག་ལེན་བྱ་ཐུབ་པ་ཡིན། ངའི་སྤྲོ་སེམས་ཐམས་ཅད་དེ་ནས་སྐྱེས་ཤིང་མོས་པ་ཐམས་ཅད་དེ་ལ་ཕྱོགས།

དང་ཐོག་གྲོང་ཁྱེར་ཕཱ་རེ་རེ་ཐོན་མ་ཐག་ཏུ་ང་སྐད་ཆ་བཤད་རྒྱུར་མི་དགའ་ལ་རིག་རིག་ཐུག་ཐུག་ལ་ངོ་གནོང་པར་གྱུར། འོན་ཀྱང་རིངས་བོ་མི་ཐོགས་པར་ངའི་སློབ་གྲོགས་ཚང་མ་སློབ་སྦྱོང་ལ་ཡག་པོ་བྱས་པ་དང་ཀུན་ལ་བྱམས་པ་ཚོར་བས་ན་ངས་དེའི་རྗེས་སུ་ཁོ་ཚོར་དང་འགྲོགས་ནས་སློབ་སྦྱོང་ཕྱོགས་ཀྱི་དྲི་བ་བཏོན་པ་ཡིན་ལ། སློབ་གྲོགས་ཚོ་དང་འཆམ་མཐུན་གྱིས་འགྲོགས་པའི་གོ་རིམ་ཁྲིད་དུ་ཁོ་ཚོས་ང་ལ་དགའ་རུང་བའི་བག་ཆགས་ཟབ་མོ་བཞག ང་རང་སློབ་སྦྱོང་ལ་དེ་བས་ཀྱང་དགའ་བར་གྱུར།

ངའི་ཆེད་ལས་དེའི་ནང་དུ་རྒྱལ་ཁབ་པཱོ་ལན་ནས་ཡོང་བའི་སློབ་གཉེར་བ་མི་གདའ། འོན་ཀྱང་ང་རང་པཱོ་ལན་གྱི་ཕྱི་སྡོད་རིགས་གཅིག་སྤུན་ཟླའི་རྩ་འཛུགས་ཤིག་དང་འབྲེལ་བ་ཤིན་ཏུ་ཟབ། ང་དུས་རྒྱུན་དུ་ཁོ་ཚོས་ཁང་ཆུང་ཞིག་ནས་ཚོགས་པའི་གྲོས་ཚོགས་ལ་ཞུགས་པ་ཡིན་ལ། དེ་ལས་ནམ་རྒྱུན་དུ་མེས་རྒྱལ་གྱི་གནད་དོན་སྣ་ཚོགས་ལ་བགྲོ་གླེང་བྱས་ནས་བསྡད། ས་དེ་ནས་ངའི་མེས་རྒྱལ་གྱི་གདུང་སེམས་འདོད་པ་ལྟར་དུ་ཚིམས་སོང་། ང་ཚོ་མཚམས་ལན་རེརར་མཉམ་དུ་འཆམ་འཆམ་དུ་སོང་པ་ཡིན་ལ་མཚམས་ལན་རེརར་སྤྱི་བྱིངས་ཀྱི་ཚོགས་ཆེན་ལ་ཞུགས་པ་ཡིན་པས་ཆབ་སྲིད་ལ་དོ་སྣང་ཆེན་པོ་བྱེད་ཅིང་གདའ། འོན་ཀྱང་སློབ་ལོ་དང་པོ་འཇུག་རྫོགས་ལ་ཉེ་བའི་དུས་སྐབས་དེར་ངས་སྟོབས་ཤུགས་ཡོད་དགུ་སློབ་སྦྱོང་གི་སྟེང་དུ་བཞག་ན་འགྲིག་བསམ་ནས་ཚོགས་པ་ཆུང་ཆུང་འདི་ལས་ཕྱིར་མི་འཕུད་ག་མེད་བྱུང་། དབྱར་གནང་དགུན་གནང་གི་སྐབས་སུའང་ངའི་ཁང་ཆུང་ནང་ནས་གྲངས་རིག་ལ་རང་སྦྱོང་བྱས་བཞིན་བསྡད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།། ཅེས་པའི་དཔེ་ཇི་བཞིན། ངའི་དུས་ཡུན་རིང་པོའི་འབད་པ་ལ་འབྲས་བཟང་བྱུང་ནས་རང་གི་ཡར་སྔོན་ཤེས་ཡོན་གྱི་ཆུ་ཚད་དམའ་བའི་གནས་ཚུལ་དེ་བདེ་བླག་ངང་སེལ་ནས་སློབ་གྲོགས་ཚོ་དང་མཉམ་དུ་རྒྱུགས་ལེན་པའི་གོ་སྐལ་ཐོབ་སོང་། ༡༨༩༣ལོར་ངས་ཕུལ་དུ་བྱུང་བའི་སྦྱངས་འབྲས་བླངས་ནས་དངོས་ལུགས་རིག་པའི་མཐར་ཕྱིན་ཡིག་རྒྱུགས་རྫོགས་པར་བྱས། ༡༨༩༤ལོར་གྲངས་རིག་གི་མཐར་ཕྱིན་རྒྱུགས་ལེན་པའི་སྐབས་སུ་ངའི་སྦྱངས་འབྲས་ཅུང་བཟང་བའི་ཚད་ཐིག་ལ་ཐོན་ཡོད། སྦྱངས་འབྲས་འདི་ཚོ་ལ་ང་རང་ཤིན་ཏུ་ཡིད་ཚིམས་ཡོད།

རྗེས་སུ་ངའི་ཨ་ཅེའི་ཁྱོ་གས་ངས་དུས་དེ་ལ་འབད་ཐད་ཀྱི་སློབ་སྦྱོང་བྱས་པའི་གནས་ཚུལ་ཡང་བསྐྱར་ལབ་གླེང་བྱས་དུས་དུས་ཚོད་དེ་ནི་ང་རང་མི་ཚེ་ཧྲིལ་བོ་ནང་གི་ཆེས་དཔའ་ངར་ལྡན་ཞིང་བརྟན་ཚུགས་ཀྱི་ལོ་ཟླ་རེད་་ཟེར། ངས་ཀྱང་དཀའ་བ་རྒྱ་ཕྲག་སྟོང་ཕྲག་གདོང་གིས་བསུས་པའི་དུས་དེ་ནི་ངའི་མི་ཚེ་ནང་གི་ཆེས་ཕྱི་དྲན་གྱི་རིན་ཐང་ལྡན་པའི་དུས་ཚོད་ཅི་ལ་བརྩིས་ཡོད། དུས་དེར་ང་རང་གཅིག་པུ་གཉིད་ཆག་ཟས་བརྗེད་ཀྱིས་ཚོད་ལྟ་ལ་ཞུགས་ཡོད་པ་དང་། ད་ལྟའི་དུས་སུ་དངོས་སུ་ཚན་རིག་ཞིབ་འཇུག་གི་བྱ་བ་གཉེར་ཐུབ་སོང་བ་ཡང་ངས་དུས་ཡུན་རིང་པོར་རེ་མོས་བྱས་ཡོད་པ་ཡིན་ནོ།།

༡༨༩༤ལོའི་ཉིན་མོ་ཞིག་ལ་ང་རང་ཕཱེ་ཨར་ཅོ་རེ་དང་འཕྲད་སོང་། པཱོ་ལན་ནས་སྐྱེསཤིང་ཧྥེ་རེ་པཱོ་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་འགན་བཞེས་ཡོད་པའི་དགེ་རྒན་ཞིག་གིས་ང་ལ་ཁ་པར་བཏང་ནས་ཁོ་ཚང་ལ་ཕེབས་པར་གདན་འདྲེན་ཞུས། དེ་ཡི་གྲས་སུ་ང་མ་གཏོགས་ད་དུང་ཁོའི་ཧ་ཅང་གསལ་ཆ་ཡོད་པའི་ཧྥ་རན་སུའི་ན་གཞོན་དངོས་ལུགས་རིག་པ་བ་ཞིག་ཀྱང་ཡོད། དགེ་རྒན་ཁོང་གིས་ན་གཞོན་དངོས་ལུགས་རིག་པ་བ་འདི་ལ་བསྟོད་པ་གང་མང་བྱས་བྱུང་། ང་རང་ཉིན་དེར་སློབ་དཔོན་ཚང་གི་ཁང་ཆེན་ནས་ན་གཞོན་དེ་མཐོང་སོང་། ཁོ་ཏག་ཏག་ཉེ་ཕྱོགས་སུ་བཙུགས་ཡོད་པའི་ཧྥ་རན་སུའི་རྣམ་པ་ཅན་གྱི་རབ་གསལ་ཞིག་གི་གམ་ན་ལངས་ནས་བསྡད་ཡོད་པ་དང་། དེ་ནི་ཁོ་རང་སྒེ་ཁུང་གི་ཤེལ་གྱི་ངོས་ལ་རི་མོ་དངོས་བྲིས་མ་ཞིག་སྦྱར་ཡོད་པ་དང་འདྲ། ཁོའི་གཟུགས་རིང་ལ་སྐྲ་མདོག་དམར་ལ་སྐྱ་བོ་འདྲེས་ཡོད། མིག་ཆེན་པོ་ཆ་གཅིག་དེ་དྭངས་ཞིང་འོད་མདངས་ཀྱིས་ཁེངས་ཡོད། ཁོའི་བཟོ་ལྟ་ལ་ཉམས་འགྱུར་ལྡན་ཞིང་ཞལ་རས་ལྷུན་ཆགས་པ་དང་བྱམས་བརྩེ་ཡི་མདངས་ཤིག་ཤར་ཡོད། ཐོག་མར་ཁོ་མཐོང་པ་ཙམ་གྱི་ངས་ད་དུང་ཁོ་རང་བསམ་གཞིག་གི་ཀློང་ལ་ཚུད་ཡོད་པའི་བསམ་བློ་བ་ཞིག་ཡིན་པར་དོགས། ཁོས་ང་ལ་ལྷད་མེད་ཀྱི་རྣམ་འགྱུར་ཞིག་སྟོན་པ་དེ་འང་ང་ལ་ཞེན་པ་ཆགས་ཡོད་པ་དང་འདྲ། ཐེངས་དང་བོ་ངོ་འཕྲད་པའི་རྗེས་ནས་ཁོས་ང་ལ་ཡང་བསྐྱར་ངོ་འཕྲད་ནས་གྲངས་རིག་དང་སྤྱི་ཚོགས་ཀྱི་གནད་དོན་སྐོར་སྣ་ཚོགས་ལ་མུ་མཐུད་དུ་བགྲོ་གླེང་བྱ་རྒྱུའི་རེ་བ་བཏོན། གནད་དོན་མང་པོ་ཞིག་ལ་ངེད་གཉིས་ཀྱི་ལྟ་ཚུལ་གཅིག་མཚུངས་ཡིན་པ་དང་རོགས་མཐུན་གྱི་གཏམ་མང་དུ་སྣང་།

དེ་རྗེས་ནས་ཁོ་རང་ངའི་སློབ་གྲྭའི་ཉལ་ཁང་དུ་ང་ལ་ངོ་ཐུག་གིས་ཡོང་པ་ལ། ག་ལེ་ག་ལེར་ང་གཉིས་པོ་བློས་མཐུན་གྱི་གྲོགས་པོར་གྱུར་སོང་། ཁོས་ང་ལ་ཁོའི་ཉིན་རེའི་བྱ་བའི་གནས་ཚུལ་དང་ཞིབ་འཇུག་གི་གནས་ཚུལ། ད་དུང་ཕུགས་འདུན་དང་སེམས་ཐག་ཚང་མ་ང་ལ་བཤད་བྱུང་། ཡུན་རིང་མ་ཐོགས་པར་ཁོས་ང་ལ་རྗེས་ཕྱོགས་མཉམ་དུ་འཚོ་བ་རོལ་རྒྱུ་དང་ལྷན་གཅིག་ཏུ་ཚན་རིག་ལ་དུང་ཕྱིར་ཕུགས་འདུན་བཅིངས་ནས་བརྩོན་ལེན་བྱས་ཞེས་པའི་རེ་བ་འདོན། འོན་ཀྱང་མགོ་བརྩམས་མ་ཐག་ཏུ་ངས་ད་དུང་སེམས་ཐག་གཅོད་མ་ཐུབ། དེ་རྒྱུ་མཚན་ནི་གལ་སྲིད་ངས་དེ་འདྲ་བྱས་ན་ང་རང་ངེས་པར་དུ་རང་གི་མེས་རྒྱལ་དང་བཟའ་མི་ཚོ་དང་གཏན་དུ་ཁ་བྲལ་དགོས་བྱུང་བ་རེད།

དབྱར་གནང་གི་དུས་ལ་སླེབས་ཙ་ན་ང་རང་པཱོ་ལན་ལ་ལོག་པ་ཡིན། དེ་དུས་སུ་ངས་ད་དུང་གྲོང་ཁྱེར་ཕཱ་རེ་ལ་ལོག་མིན་ཐག་གིས་བཅད་མེད། འོན་ཀྱང་ལོ་དེའི་དབྱར་ཁར་ང་ཡང་བསྐྱར་ཕཱ་རེ་ལ་ལོག་པ་དང་ཕཱ་རེ་གྲོང་ཁྱེར་གྱི་དངོས་ལུགས་ཚོད་ལྟ་ཞིབ་འཇུག་ཁང་ཞིག་ལ་ཡོང་ནས་འབུམ་རམས་པའི་དཔྱད་རྩོམ་ལ་གྲ་སྒྲིག་བྱས་དགོས་པའི་རྐྱེན་གྱིས་ཚོད་ལྟ་ཞིབ་འཇུག་གི་ལས་མགོ་བརྩམས།

ངས་ཡང་བསྐྱར་ཕེ་ཨེར་ཅོ་རེ་མཐོང་སོང་ལ་ཚན་རིག་ཚོད་ལྟའི་ལས་ལ་འཇུག་དགོས་པས་མཉམ་མཛོམས་ཀྱི་སྐལ་བ་མང་པོ་ཐོབ། དེ་དུས་ངེད་གཉིས་ཀྱི་མཛའ་བརྩེ་ཇེ་བརྟན་དུ་སོང་བ་ཡིན། ངེད་གཉིས་ཀྱིས་ཕན་ཚུན་ལ་བརྩེ་སེམས་ཟབ་མོ་ཆགས་པ་དང་སོ་སོའི་སེམས་ལ་གཞན་སུ་ཡིས་ཀྱང་ཕ་རོལ་བའི་ཚབ་བྱས་མི་ནུས་བ་རྟོགས་དུས་དུས་བཟང་སྐལ་བཟང་ཞིག་གདམ་ནས་༡༨༩༥ལོའི་ཟླ་བདུན་པར་གཉེན་སྒྲིག་བྱས་པ་ཡིན།

དུས་དེ་ཏག་ཏག་ལ་ཕེ་ཨེར་ཅོ་རེ་ལ་འབུམ་རམས་པའི་མཚན་རྟགས་ཐོབ་ཡོད་པ་དང་གྲོང་ཁྱེར་ཕཱ་རེ་ནས་དངོས་ལུགས་དང་རྫས་འགྱུར་གྱི་སློབ་གྲྭ་ཞིག་ན་གདན་ཞུའི་དགེ་རྒན་གྱི་འགན་བཞེས་ཡོད་ལ། ཁོ་རང་ལོ་སོ་དྲུག་ལ་ཐོན་དུས་རྒྱབ་ཁབ་ཕྱི་ནང་ཀུན་དུ་སྐད་གྲགས་ཆེ་བའི་དངོས་ལུགས་རིག་པ་བ་ཞིག་ཏུ་འགྱུར་འདུག འོན་ཀྱང་ཁོས་རང་གི་གོ་གནས་དང་ཡོངས་འབབ་བཅས་ལ་དོ་སྣང་དེ་འདྲ་མི་བྱས་པས་ཁོའི་དཔལ་འབྱོར་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད། གཉེན་སྒྲིག་མ་བྱས་གོང་ཁོ་རང་གྲོང་ཁྱེར་ཕཱ་རེ་ཡི་གྲོང་གསེབ་ཅིག་ཏུ་ཁོའི་ཕ་མ་གཉིས་དང་མཉམ་དུ་འཚོ་བ་རོལ་ཡོད། ཁོ་རང་རྒན་ལ་གུས་ཞེན་ཆེ་བའི་མི་ཞིག་ཡིན་ལ། དང་ཐོག་ཁོས་ང་ལ་ཁོའི་ཡབ་ཡུམ་གཉིས་གླེང་བའི་སྐབས་སུ་ཕ་བཟང་མ་བྱམས་ཞེས་བསྔགས་མྱོངས་ལ་དེ་ནི་དོན་དངོས་རྐྱང་རྐྱང་ཡིན། ཁོའི་ཕུ་བོ་ནི་མོན་པཱོ་ལེར་སློབ་ཆེན་གྱི་སློབ་དཔོན་ཞིག་ཡིན་ལ་གཅན་གཅུང་གཉིས་ཀ་བརྩེ་བ་ཧ་ཅང་ཟབ་པ་དང་ཕཱེ་ཨར་ལགས་ཁོའི་གཅེན་པོ་ལ་ཧ་ཅང་གུས་ཞེན་ཆེ། འདི་འདྲའི་ཡག་ཐོག་རྒྱན་བརྩེགས་ཀྱི་ཁྱིམ་ཚང་ཞིག་ལ་གཉེན་སྣེ་འཛིན་ཐུབ་སོང་བ་ངའི་བསོད་ནམས་ཡིན་པ་དང་། ང་ཡང་ཁྱིམ་ཚང་འདིའི་བཟའ་མི་ཡོངས་ཀྱི་ལྷག་བསམ་རྣམ་དག་གི་དགའ་བསུ་ཐོབ་སོང་།

ངེད་གཉིས་ཀྱི་གཉེན་སྟོན་ཧ་ཅང་སྟབས་བདེ་ཡིན་ལ་ཆེད་དུ་གཉེན་སྒྲིག་གི་ལྭ་བ་སོགས་བཟོས་མེད། གཉེན་སྟོན་ལ་ཞུགས་མཁན་ཡང་གྲོགས་པོ་དང་ཉེ་འཁོར་འགའ་མ་གཏོགས་མེད་མོད། ཤིན་ཏུ་དགའ་འོས་བ་ཞིག་ལ་ངའི་ཨ་ཕ་དང་ཨ་ཅེ་འབྲིང་བོ་གཉིས་ཀ་མེས་རྒྱལ་ནས་ཆེད་དུ་ངའི་གཉེན་སྟོན་ལ་ཞུགས་ཡོད།

ང་དང་ངའི་ཁྱོ་ག་ཕཱེ་འེར་གཉིས་ལ་ལྷིང་འཇགས་ཀྱི་ཁང་ཁྱིམ་ཞིག་ནས་གནས་ཚུགས་རྒྱུ་དང་བྱ་བར་བརྩོན་རྒྱུ་མ་གཏོགས་གཞན་པའི་རེ་བ་ལྷག་མ་ཅི་ཡང་བཅིངས་མེད། ཤིན་ཏུ་དགའ་འོས་བ་ཞིག་ལ་ངེད་གཉིས་ཀྱིས་ཁང་ཁྱིམ་གསུམ་གྱི་གྲུབ་པའི་ཁང་བ་ཆུང་ཆུང་ཞིག་བཙལ་ནས་རྙེད་བྱུང། སྒེའུ་ཁུང་ནས་བལྟས་ན་མིག་མདུན་དུ་མཛེས་སྡུག་ལྡན་པའི་མེ་ཏོག་ལྡུམ་ར་ཞིག་བཀྲམ་ཡོད། ཁོའི་ཡབ་ཡུམ་གཉིས་ཀྱི་ང་ཚོ་ལ་ཁྱིམ་སྤྱོད་ཀྱི་ཅ་ལག་འགའ་ཉོས་པ་ཡིན་ལ། གཉེན་སྟོན་སྐབས་ཀྱི་ལག་རྟག་བེད་སྤྱད་ནས་ལྕགས་རྟ་གཉིས་ཉོས་ནས་ཐག་རིང་ལ་རོལ་འཆམ་དུ་འགྲོ་བྱད་བྱས།