Spread the love

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གནའ་དཔྱོད་བསྔོག་ཞིབ་ཀྱི་གྲུབ་འབྲས་དང་རྒྱ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་གནའ་བོའི་བྱུང་བ་དག་ལ་བརྟེན་ཏེ།བོད་མིའི་འབྱུང་ཁུངས་ནི་མདོ་དབུས་མཐོ་སྒང་གི་ཡར་ཀླུང་གཙང་བོའི་འབབ་རྒྱུད་ཡིན་པ་གསལ་བོར་བསྟན་ཡོད།

བརྡ་ཆད་གཙོ་བོ། བོད། འབྱུང་ཁུངས། མདོ་དབུས་མཐོ་སྒང་།

ཡ་ཐོག་གི་མིའི་རིགས་ཀྱིས་རང་བྱུང་ཁམས་སུ་འཚོ་བ་རོལ་བའི་གོ་རིམ་ཁྲོད་དུ་རྡོ་ཆས་དང་རུས་ཆས། དབྱུག་པ་སོགས་བཀོལ་སྤྱོད་བྱས་པ་ལ་བརྟེན་ནས་རི་དྭགས་བརྔོན་པ་དང་། རི་དྭགས་ཀྱི་པགས་པས་གོན་པ་བཟོ་བ། མེ་བཀོལ་སྤྱོད་བྱེད་ཤེས་པ་ལ་བརྟེན་ནས་ཟས་རིགས་སྣ་ཚོགས་གཡོ་སྐོལ་བྱེད་པ། བྲག་ཕུག་དང་སྤྱིལ་བུ་སོགས་སུ་གནས་བཅའ་བ་སོགས་ནི་འགྲོ་བ་མིའི་རིགས་ཀྱི་གདོད་མའི་ཐུན་མོང་གི་འཚོ་གནས་བྱེད་སྟངས་ཞིག་ཡིན་ལ། རང་རེ་བོད་མི་རིགས་ལ་མཚོན་ནའང་། གནའ་བོའི་དུས་ནས་བཟུང་མདོ་དབུས་མཐོ་སྒང་འདི་རུ་འཚོ་བ་རོལ་བའི་གོ་རིམ་ཁྲོད་ཞིང་ལས་དང་ཕྱུགས་ལས་གཉེར་ཞིང་། རྡོ་ཆས་དང་རྫ་ཆས། རུས་ཆས་སོགས་བེད་སྤྱོད་བྱས་ཏེ། མདོ་དབུས་མཐོ་སྒང་འདི་རུ་དབང་བསྒྱུར་བྱས་པ་ཡིན་ནའང་། དེང་སྐབས་འགའ་ཞིག་གིས་བོད་མིའི་འབྱུང་ཁུངས་མདོ་དབུས་མཐོ་སྒང་ཡིན་མིན་ལའང་དོགས་པ་སྐྱེས་བཞིན་ཡོད་པས།མདོ་དབུས་མཐོ་སྒང་གི་གདོད་མའི་རང་བྱུང་གི་ས་བབས་ཆགས་ཚུལ་དང་གནམ་གཤིས་དྲོད་གྲང་། མིའི་རིགས་ཀྱི་འཚོ་གནས་བྱེད་སྟངས།འདུ་ཤེས་འཛིན་སྟངས། དམངས་ཁྲོད་ངག་རྒྱུན་བཅས་ལ་བརྟེན་ནས་བོད་མིའི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནས་ཞིག་ཏུ་འཁུམས་སོ། །

དང་པོ། མདོ་དབུས་མཐོ་སྒང་གི་ས་བབས་ཆགས་ཚུལ་དང་གནམ་གཤིས།

བོད་ཀྱི་ལོ་རྒྱུས་དང་དེབ་ཐེར་འགའ་ཞིག་ཏུ་བོད་ཀྱི་ཡུལ་འདི་བསྐལ་བ་ཡ་ཐོག་གི་དུས་སུ་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་དང་རིམ་གྱིས་ཆུ་བྲི་ནས་སྐམ་ས་རུ་གྱུར་ཚུལ་བཀོད་ཡོད་དེ།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“སྟོད་མངའ་རིས་སྐོར་གསུམ་རྫིང་གི་ཚུལ།།བར་དབུས་གཙང་རུ་བཞི་ཡུར་བ་འདྲ།།སྨད་དུ་མདོ་ཁམས་སྒང་གསུམ་ཞིང་ལྟ་བུ།།ཀུན་ཀྱང་ཆུ་ཡི་རྒྱ་མཚོ་གྱུར་བའི་ནང་།།”1ཞེས་པ་དང་།《དེབ་ཐེར་སྔོན་པོ》ལས་ཀྱང་།བོད་ཀྱི་ཡུལ་འདི་དང་ཐོག་ཆུ་ཡིས་གང་བ་དང་།རྗེས་སུ་ཆུ་བྲི་ཞིང་རྩི་ཤིང་ནགས་ཚུལ་དང་ཤྭ་རྐྱང་རི་དྭགས་སོགས་བྱུང་བར་བཞེད་པས།བོད་ཀྱི་ཡུལ་འདི་ནི་བསྐལ་བ་ཡ་ཐོག་གི་དུས་སུ་ས་ཁུལ་ཧ་ཅང་དམའ་བའི་རྒྱ་མཚོ་ཞིག་ཡིན་པ་དང་།དུས་ཡུན་རིང་བོ་ཞིག་འགོར་རྗེས་ཆུ་རིམ་གྱིས་བྲི་ནས་སྐམ་ས་ཞིག་ཏུ་གྱུར་བར་མངོན་ཏེ།དེང་སང་ས་ཁུལ་མཐོ་ཞིང་གྲང་ངར་ཆེ་བའི་ནག་ཆུའི་ས་ཆ་འགའ་ཞིག་གི་ས་འོག་ཏུ་སྤོས་དཀར་གྱི་ཤིང་སྡོང་ཐོན་རྒྱུ་ཡོད་པར་བཤད་པ་འདི་ལས་ཀྱང་གནའ་སྔ་མོའི་དུས་སུ་བོད་ཀྱི་ཡུལ་འདི་ནི་གནམ་གཤིས་དྲོ་ཞིང་ཚ་བ་ཆེ་བའི་རོང་ཁུལ་ཞིག་ཡིན་པ་གསལ་བཤད་བྱས་ཡོད་ཅིང་།དེང་རབས་ཀྱི་ས་གཤིས་རིག་པའི་ཞིབ་འཇུག་བྱས་པ་ལྟར་ནའང་།ལོ་ངོ་བྱེ་བ་བཞིའི་ཡར་སྔོན་ལ་མདོ་དབུས་མཐོ་སྒང་འདི་ཆུ་ཡིས་གང་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཞིང་།ལོ་ངོ་བྱེ་བ་གཅིག་གི་ཡར་སྔོན་ཙམ་ལ་མདོ་དབུས་མཐོ་སྒང་གི་ས་བབས་མཐོ་ཚད་ལ་མཚོ་ངོས་ལས་རྨིད་༡༠༠༠ཙམ་ལས་མེད་པས།གནམ་གཤིས་ཧ་ཅང་དྲོ་ཞིང་བརླན་གཤེར་ཆེ་བ་དང་།ཆར་ཆུ་མོད་པ།མཚོ་དང་མཚེའུ་མང་བའི་ས་ཁུལ་ཞིག་ཡིན་པ་དང་།དེང་སང་ཚ་ཁུལ་དུ་སྐྱེས་པའི་ལྗོན་ཤིང་སྣ་ཚོགས་སྐྱེས་ཡོད་པར་མ་ཟད།ཚ་ཁུལ་དུ་གནས་བཅའ་བའི་རི་དྭགས་ཀྱང་ཧ་ཅང་མང་པོ་ཞིག་ཡོད་པ་ཡིན་དེ།སྤྱི་ལོ༡༩༧༥ལོར་ཀྲུང་གོ་ཚན་རིག་ཁང་གི་ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་ལྗོངས་ཀྱི་འབྲུ་རུ་རྫོང་དང་སྐྱིད་གྲོང་རྫོང་ནས་རྟ་རྨིག་གསུམ་ཅན་དང་བསེ་རུ།ཤ་བ་སྐེ་རིང་།གནའ་བོའི་བྱི་ལ།རྣ་སོགས་ཀྱི་འགྱུར་རྡོ་རྙེད་ཅིང་།ཞིབ་འཇུག་བྱས་པ་ལྟར་ན།སྲོག་ཆགས་འདི་དག་ནི་མཚོ་ངོས་ལས་མཐོ་ཚད་རྨིད༡༠༠༠ཡས་མས་ཀྱི་ཚ་བ་ཆེ་བའི་ས་ཁུལ་དག་ལ་གནས་བཅའ་བའི་སྲོག་ཆགས་ཡིན་པར་བཤད་པ་དང་།2མདོ་སྨད་ཀྱི་ས་ཆ་ཁ་ཤས་སུ་ཡང་སྲོག་ཆགས་ཀྱི་འགྱུར་རྡོ་འགའ་རྙེད་པ་སྟེ།མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་ས་གྲུ་བཞི་ས་ཁུལ་དུའང་གླང་ཆེན་གྱི་རུས་པ་ཆ་ཚང་ཞིག་རྙེད་པ་ཁུལ་དེའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་སོགས་ལས་ལོ་ངོ་བྱེ་བ་གཅིག་གི་ཡར་སྔོན་ལ་མདོ་དབུས་མཐོ་སྒང་འདི་ས་བབས་ཧ་ཅང་དམའ་བའི་ཚ་ཁུལ་ཞིག་ཡིན་པ་བདེན་དཔང་བྱས་ཡོད།3ལོ་ངོ་བྱེ་བ་གཅིག་ནས་ལོ་ངོ་ས་ཡ་གཉིས་ཀྱི་ནང་དུ་ས་གཤིས་འགུལ་སྐྱོད་ལ་བརྟེན་ནས་རི་བོ་ཧི་མ་ལ་ཡ་རིམ་གྱིས་གཞི་རྒྱ་ཆེ་བའི་སྒོ་ནས་ཡར་འཕགས་སྟེ་ད་ལྟའི་མདོ་དབུས་མཐོ་སྒང་གི་རྣམ་པ་འདི་བྱུང་བ་ཡིན་ཞིང་།རི་བོ་ཧི་མ་ལ་ཡའི་རྒྱ་གར་ཕྱོགས་ཀྱི་བརླན་གཤེར་ཆེ་བའི་རྒྱ་མཚོའི་ཆུ་སྤྲིན་ལངས་པ་དག་བོད་ཡུལ་དུ་རྒྱུ་བ་བཀག་བྱུང་བས།མདོ་དབུས་མཐོ་སྒང་གི་གནམ་གཤིས་ལ་འགྱུར་བ་ཆེན་པོ་བྱུང་སྟེ།གནམ་གཤིས་སྐམ་ཤས་ཆེ་ཞིང་།ཆར་ཆུ་འབབ་པ་ཚད་ཉུང་བ།མཁའ་དབུགས་གྲང་ངར་ཆེ་བ།ཚ་ཁུལ་ཏུ་སྐྱེས་པའི་རྩི་ཤིང་དང་ལྗོན་པ།རི་སྐྱེས་སྲོག་ཆགས་སོགས་རིམ་བཞིན་མེད་པར་གྱུར་བ་རེད།ས་གཤིས་རིག་པ་དང་གནའ་རྫས་རིག་པས་གྲུབ་འབྲས་ཀྱི་གསལ་བཤད་ཅིག་བྱས་ཡོད་པ་ནི་ལོ་ངོ་བྱེ་བའི་ཡར་སྔོན་ནས་མདོ་དབུས་མདོ་སྒང་འདི་རུ་མིའི་རིགས་འཚོ་གནས་བྱེད་པར་འཚམས་པའི་རང་བྱུང་ཁོར་ཡུག་ཅིག་ཡོད་པ་དེ་རེད།ལོ་རབས་དྲུག་ཅུ་བའི་ཡར་སྔོན་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་མདོ་དབུས་མཐོ་སྒང་དུ་ཡ་ཐོག་གི་དུས་སུ་འགྲོ་བ་མིའི་རིགས་བྱུང་མེད་པར་འདོད་ནའང་།ལོ་ངོ་བཅུ་ཕྲག་འགའི་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་དེ་ཚོའི་ལྟ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།ཡང་བསྐྱར་མདོ་དབུས་མཐོ་སྒང་ལ་ཞིབ་འཇུག་མི་བྱེད་ཐབས་མེད་དུ་གྱུར་ཡོད་ཅིང་།ཐ་ན་མཁས་པ་འགའ་ཞིག་གིས་མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་མིན་ལའང་བརྟག་དཔྱད་བྱེད་བཞིན་ཡོད་པས།མདོ་དབུས་མཐོ་སྒང་དུ་བསྐལ་བ་ཡ་ཐོག་གི་དུས་ནས་མིའི་རིགས་འཚོ་གནས་བྱེད་པར་འཚམས་པའི་རང་བྱུང་གི་འཁོར་ཡུག་ཅིག་ཡོད་པ་རེད

གཉིས་པ། མདོ་དབུས་མཐོ་སྒང་དུ་བསྐལ་བ་ཡ་ཐོག་གི་དུས་སུ་འགྲོ་བ་མིའི་རིགས་ཡོད་མེད།

མིའི་རིགས་རིག་པ་བ་རྣམས་ཀྱིས་བཤད་ཚུལ་ལྟར་ན། གནའ་བོའི་སྤྲ་མིར་འགྱུར་བའི་དུས་ཡུན་ལ་ཧ་ལམ་ལོ་ངོ་ས་ཡ་བརྒྱད་ཀྱི་ལོ་རྒྱུས་ཡོད་པར་གསུངས་པ་དང་། ཡང་སྤྲ་རིགས་མིར་གྱུར་ནས་ད་ལྟའི་བར་ལོ་ངོ་ས་ཡ་གསུམ་གྱི་ལོ་རྒྱུས་ཡོད་པར་འདོད་པ་ཡིན་ཞིང་།[4] རྒྱ་མི་རིགས་ལ་མཚོན་ནའང་། ༡༩༩༩ལོར་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཞིག་ནས་མི་རུས་ཀྱི་འགྱུར་རྡོ་ཞིག་ཐོན་པ་དེ་ལ་ལོ་ངོ་ས་ཡ་གཉིས་ཀྱི་ལོ་རྒྱུས་ཡོད་པར་གཏན་འབེབས་བྱས་པ་རེད།[5] མདོ་དབུས་མཐོ་སྒང་འདི་ལའང་དེ་དང་དུས་མཚུངས་ཙམ་ནས་འགྲོ་བ་མིའི་རིགས་བྱུང་བར་བྱས་ན་མི་ཆོག་པ་མེད་པར་སྙམ་སྟེ།《དེབ་ཐེར་སྔོན་པོ》ལས།“བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅིང་།”[6] ཞེས་པ་བཞིན་དུ་བོད་ཀྱི་ཡུལ་འདིར་ལོ་ངོ་ས་ཡ་དུ་མའི་སྔོན་ནས་མིའི་རིགས་བྱུང་བར་བྱས་ན་མི་ཆོག་པ་ཡང་མེད་དེ། སྤྱི་ལོ༡༩༥༦ལོར་ཀྲུང་གོ་ཚན་རིག་གླིང་གི་ས་གཤིས་རིག་པ་བས་ནག་ཆུ་ས་ཁུལ་ནས་རྡོ་ཆས་བཅུ་ལྷག་རྙེད་པ་དང་། སྤྱི་ལོ་༡༩༦༦ལོ་ནས་༡༩༦༨ལོའི་བར་ཀྲུང་གོ་ཚན་རིག་གླིང་གི་བོད་ལྗོངས་ཕྱོགས་བསྡུས་རྟོག་ཞིབ་རུ་ཁག་གིས་དིང་རི་རྫོང་གི་རི་ཁུལ་ཞིག་ཏུ་རྡོ་ཆས་བཞི་བཅུ་ལྷག་རྙེད། སྤྱི་ལོ༡༩༧༦ལོར་ཀྲུང་གོ་ཚན་རིག་གླིང་གི་མདོ་དབུས་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཤན་རྩ་རྫོང་ནས་རྡོ་ཆས་བཞི་རྙེད་པ་དང་། དེའི་རྗེས་སུ་རི་ཐོག་རྫོང་དང་སྤུ་ཧྲང་རྫོང་གཉིས་སུ་རྡོ་ཆས་འགའ་རྙེད་པ་རེད།[7] གནའ་རྫས་བརྟག་དཔྱད་་པས་རྡོ་ཆས་དེ་དག་གི་བཟོ་དབྱིབས་དང་བཟོ་རྩལ། མཐའ་འཁོར་ས་ཁུལ་གྱི་རྡོ་ཆས་དང་གཤིབ་བསྡུར་བྱས་ཏེ།རྡོ་ཆས་འདི་དག་ཕལ་ཆེ་བ་རྡོ་ཆས་རྙིང་མའི་དུས་འཇུག་གི་རྡོ་ཆས་ཡིན་པ་ཐག་གིས་བཅད་པ་རེད།[8] རྡོ་ཆས་རྙིང་མའི་དུས་འཇུག་གི་རྡོ་ཆས་ཡིན་པར་ཐག་གཅོད་བྱས་པ་འདིས་མ་མཐའ་ཡང་ལོ་ངོ་ཁྲི་གཅིག་ནས་ཁྲི་ལྔའི་ཡར་སྔོན་ནས་བཟུང་མདོ་དབུས་མཐོ་སྒང་དུ་འགྲོ་བ་མིའི་རིགས་འཚོ་གནས་བྱེད་བཞིན་ཡོད་པ་བདེན་དཔང་བྱས་ཡོད་ཅིང་། འདི་ནི་ད་ཡོད་གནའ་རྫས་སྔོག་ཞིབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་བསྡོམས་ཚིག་བཀོད་པ་ཡིན་པས། ལོ་ངོ་ཁྲི་ལྔ་ཙམ་གྱི་ཡར་སྔོན་ནས་བཟུང་མདོ་དབུས་མཐོ་སྒང་དུ་མིའི་རིགས་བྱུང་མེད་པའི་ངེས་བ་མེད་དེ། དཔེར་ན། ༡༩༩༨ལོར་ཆབ་མདོའི་བྲག་གི་ངོས་ལ་མིའི་རྐང་རྗེས་རྨི་ཁྲེ་གང་ལྷག་ཡོད་པ་ཞིག་རྙེད་པ་དེ་ལ་ཞིབ་འཇུག་པས་བརྟག་དཔྱད་བྱས་པ་ལྟར་ན།ལོ་ངོ་དུང་ཕྱུར་ལྷག་ཕྱིན་ཡོད་པར་གསུངས་པ་ལྟར་རོ། །[9] བོད་ཀྱི་དེབ་ཐེར་དང་ཆོས་འབྱུང་དག་ལས་ཀྱང་གདོད་མའི་དུས་ནས་མདོ་དབུས་མཐོ་སྒང་དུ་མིའི་རིགས་ཡོད་པར་བཞེད་དེ《ལྡེའུ་ཆོས་འབྱུང》ནང་བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་མ་བྱོན་གོང་དུ་དབང་མཛད་བཅུ་གཉིས་དང་།མ་སངས་རུ་བརྒྱད།རྒྱན་ཕྲན་བཅུ་གཉིས།རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་སོགས་བྱུང་བར་གསུངས་པས། མདོ་དབུས་མཐོ་སྒང་དུ་བསྐལ་བ་ཡ་ཐོག་གི་དུས་ནས་འགྲོ་བ་མིའི་རིགས་བྱུང་ཡོད་པ་རྟོགས་ཐུབ་ཅིང་། མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་བའི་མིའི་རིགས་ཀྱིས་དང་ཐོག་སྟབས་བདེའི་རྡོ་ཆས་དང་རུས་ཆས་བེད་སྤྱོད་བྱེད་ཤེས་པ་དང་། རྗེས་སུ་རིམ་བཞིན་བརྡར་རྫས་རྡོ་ཆས་བེད་སྤྱོད་བྱས་པ་སྟེ། རྡོ་ཆས་གསར་མའི་དུས་སྐབས་སུ་ལག་ཤེས་བཟོ་ལས་སྔོན་ཐོན་གྱི་ཚད་དུ་སླེབས་ཡོད་དེ། ཁ་རོ་གནའ་ཤུལ་དང་ཆུ་གོང་གནའ་ཤུལ། ཉིང་ཁྲི་གནའ་ཤུལ་བཅས་ལས་མདོ་དབུས་མདོ་སྒང་འདི་རུ་ཡ་ཐོག་གི་དུས་ནས་མིའི་རིགས་བྱུང་ཞིང་། མིའི་རིགས་འཚོ་གནས་བྱེད་པའི་གོ་རིམ་ཁྲོད་ཤེས་རིག་ཀྱང་དར་རྒྱས་ཆེན་པོ་བྱུང་ཡོད་དོ། །

གསུམ་པ། རྒྱའི་དེབ་ཐེར་དུ་བཀོད་པའི་ཆང་ཞེས་པ་དེ་བོད་ཡིན་པར་འདོད་པ།

དེང་སྐབས་འགའ་ཞིག་གིས་བོད་མིའི་འབྱུང་ཁུངས་ནི་ཆང་ཡིན་པར་འདོད་པའི་ལྟ་ཚུལ་བྱུང་ཡོད་ཅིང་།ལྟ་ཚུལ་འདི་བྱུང་དོན་ནི《ཧན་ཕྱི་མའི་ཡིག་ཚང་ལས་ནུབ་ཆང་གི་ལོ་རྒྱུས》ནང་དུ“གོང་མ་ཆིན་ཞན་གོང་གི་དུས་སུ་ཆང་མི་རྨ་ཆུའི་སྟོད་ཕྱོགས་ནས་ལྷོ་ནུབ་མཚམས་སུ་གནས་སྤོས”10 ཞེས་པ་དང་།ཕྱིས་སུ་ཐང་ཡིག་གསར་རྙིང་གཉིས་ཀྱི་ནང་དུ་བཀོད་པ་ཡོད་པ་སྟེ།《ཐང་ཡིག་རྙིང་མའི》ནང་དུ“ཐུ་བྷོད་ཅེས་བྱ་བ་ནི་ཁྲང་ཨན་ནུབ་ཕྱོགས་ཀྱི་ལེ་དབར་བརྒྱད་སྟོང་གི་སར་མཆིས་ཤིང་།མ་གཞིར་ས་ཆ་དེ་ནི་ཧན་རྒྱལ་རབས་ཀྱི་དུས་སུ་འཇང་ནུབ་མའི་མངའ་རིས་སོ། །དེའི་རིགས་རྒྱུད་དང་ཚོ་བ་རྣམས་ཀྱི་འབྱུང་ཁུངས་མི་ངེས་ཀྱང་།ཁ་ཅིག་གིས་ནན་ལེང་གི་ཐུའུ་ཧྥ་ལི་ལོའུ་ཀུའུ་ཞེས་བྱ་བའི་རྒྱུད་པ་ཡིན་ཟེར།”11 ཞེས་པ་དང་།《ཐང་ཡིག་གསར་མའི》ནང“ཐུ་བྷོད་ནི་ནུབ་ཀྱི་འཇང་གི་རུས་སུ་གཏོགས་ལ།དེར་རིགས་བརྒྱ་དང་ལྔ་བཅུ་མཆིས།རྨ་ཆུ་དང་།ཙོང་ཆུ།འབྲི་ཆུ།རྒྱལ་མོ་དངུལ་ཆུའི་འབབ་ཡུལ་དུ་བཀྲམས་ཏེ་གནས།དེ་ལའང་བྷོ་འཇང་དང་ཐང་མོ་ལ་སོགས་མཆིས་ཏེ།ཀྲུང་གོ་དང་འབྲེལ་བ་ནི་མ་བྱུང་།སྡོད་ས་ཞི་ཀྲི་ཆུ་བོའི་རྒྱུད་དུ་བྱེད།མེས་པོར་སྤུར་རྒྱལ་དུ་འབོད་ཅིང”12ཞེས་བྱུང་བ་སོགས་ཞིབ་བསྡུར་བྱས་ཏེ།ཆང་གི་མི་རྒྱུད་རྨ་ཆུའི་སྟོད་རྒྱུད་ནས་ལྷོ་ནུབ་མཚམས་སུ་གནས་སྤོས་ཏེ་ཡར་ལུང་ཁོག་ཏུ་མཆེད་པ་ལས་བོད་རིགས་བྱུང་བར་འདོད་པའི་ལྟ་ཚུལ་བྱུང་བ་རེད།ལྟ་ཚུལ་འདི་ལ་དཔྱད་པ་གཏོང་རྒྱུ་མང་པོ་ཞིག་ཡོད་དེ།གོང་དུ་དྲངས་པའི《ཐང་ཡིག་རྙིང་མའི》ཚན་པ་དེའི་ནང་དུ་ཐུ་བྷོད་ཀྱི་རིགས་རྒྱུད་དང་ཚོ་བ་རྣམས་ཀྱི་འབྱུང་ཁུངས་མི་ངེས་ཀྱང་།ཞེས་པ་དེའི་འཕྲོར་མཐུད་དེ།ཁ་ཅིག་གིས་ནན་ལེང་གི་ཐུའུ་ཧྥ་ལི་ལོའུ་ཀུའུ་ཞེས་བྱ་བའི་རྒྱུད་པ་ཡིན་ཟེར།ཞེས་པ་འདི་ལ་བསམ་ནའང་ཐང་ཡིག་རྙིང་མའི་རྩོམ་པ་པོ་རང་ཉིད་ཀྱང་བོད་ཀྱི་འབྱུང་ཁུངས་གང་ཡིན་ལ་ཆ་རྒྱུས་ཆེན་པོ་མེད་པ་རྟོགས་ཐུབ་ཅིང་།ཕྱིས་སུ་སུང་རྒྱལ་རབས་སྐབས་སུ་བརྩམས་པའི་《ཐང་ཡིག་གསར་མའི》ནང་དུའང་རྩོམ་པོ་པའི་རྒྱུ་མཚན་དང་སྒྲུབ་བྱེད་ཅི་ཡང་མེད་པར་ཐང་ཡིག་རྙིང་མའི་ལྟ་བའི་རྗེས་སུ་འབྲངས་བར་མ་ཟད།ཐང་ཡིག་རྙིང་མའི་ནང་གི་ཐུ་བྷོད་ནི་ཧན་རྒྱལ་རབས་ཀྱི་དུས་སྐབས་སུ་འཇང་ནུབ་མའི་མངའ་རིས་སོ་ཞེས་པ་འདི་ལ་བཟོ་བཅོས་རྒྱབ་སྟེ།ཐུ་བྷོད་ནི་ནུབ་ཀྱི་འཇང་གི་རུས་སུ་གཏོགས་པ་ཡིན་པར་བཀོད་ཡོད་པས།ཐང་ཡིག་གསར་རྙིང་གཉིས་ཀྱི་ནང་དུ་བཀོད་པའི་བོད་མའི་འབྱུང་ཁུངས་དེ་ཚད་མར་བཟུང་ནས་ཞིབ་འཇུག་བྱེད་མི་འོས་པའང་ངང་གིས་རྟོགས་པ་དང་།ཡང་ཆང་མི་ལྷོ་ནུབ་མཚམས་སུ་གནས་སྤོ་དུས་ཡར་ཀླུང་ས་ཁུལ་དུ་ད་རུང་ཡང་འགྲོ་བ་མིའི་རིགས་བྱུང་མེད་པའམ་རྨ་ཆུའི་སྟོད་རྒྱུད་དུ་འཚོ་བ་རོལ་བའི་ཆང་ཞེས་པ་དེ་བོད་མ་ཡིན་ཚེ་གཞི་ནས་ལྟ་བ་འདི་མཁས་ལེན་དགོས་མོད་།དེ་འདྲ་ཞིག་མ་ཡིན་ཏེ་ཉེ་རབས་ཀྱི་གནའ་རྫས་སྔོག་ཞིབ་ཀྱིས་བདེན་དཔང་ཞིག་བྱས་པ་ནི་ཡར་ཀླུང་གཙང་པོའི་འབབ་ཡུལ་དུ་མ་མཐའ་ཡང་ལོ་ངོ་ཁྲི་གཅིག་ནས་ཁྲི་ལྔའི་ཡར་སྔོན་ནས་བཟུང་འགྲོ་བ་མིའི་རིགས་འཚོ་གནས་བྱས་ཡོད་པ་དེ་རེད།རྒྱུ་མཚན་འདི་ཙམ་ལ་བརྟེན་ནའང་བོད་མིའི་འབྱུང་ཁུངས་ཆང་མིན་པ་གསལ་བོར་ཤེས་པ་དང་།《བོད་ཀྱི་ཚོ་བའི་ལམ་ལུགས་ཞིབ་འཇུག》ལས་ཀྱང་།ཆང་མི་ལྷ་སའི་ལྷོ་ཁ་ས་ཁུལ་དུ་གནས་སྤོས་པ་ལས་བོད་རིགས་བྱུང་བར་བཤད་པ་ནི་ཁུངས་ལུང་མེད་པའི་གཏམ་ཞིག་ཡིན་ཞིང་།དེ་ནི་གནའ་བོའི་མི་རྣམས་ཀྱིས་བོད་ལ་ཆ་རྒྱུས་མེད་པའི་གནས་ཚུལ་འོག་ཚོད་དཔག་བྱས་པ་ཡིན་པས།འདི་ཉིད་རྒྱབ་རྟེན་དུ་བཅོལ་མི་རུང་ཞེས་གསུངས་པ་བཞིན་ནོ། །སྤྱིར་རྒྱའི་དེབ་ཐེར་དུ་བཀོད་པའི་ཆང་ཞེས་པ་དེ་ནི་བོད་ཀྱི་རུས་ལྡོང་ལས་མཆེད་པ་ཡིན་དེ།བོད་གཅིག་གྱུར་གྱི་སྲིད་དབང་མ་བཙུགས་པའི་གོང་རོལ་ཏུ་ལྡོང་གི་རུས་ཆེན་བཅོ་བརྒྱད་རིམ་བཞིན་གྱེས་ཏེ་མདོ་ཁམས་ཕྱོགས་སུ་མཆེད་པས།མདོ་ཁམས་ཀྱི་མི་རྒྱུད་བྱུང་བ་ཡིན་ལ།གདོད་མའི་དུས་སུ་ཡར་ཀླུང་གཙང་བོའི་འབབ་རྒྱུད་ཀྱི་ནགས་ཚུལ་དུ་བོད་མིའི་རིགས་རྒྱུད་ཀྱི་སྨྱུ་གུ་འབུས་ཤིང་།རི་དྭགས་བརྔོན་པ་དང་ཤིང་ཏོག་གི་འབྲས་བུ་ལོངས་སུ་སྤྱོད་པ།་ལོ་ཏོག་འདེབས་སྐྱོང་བྱེད་པ།ཕྱུགས་ལས་གཉེར་བ་བཅས་ལ་བརྟེན་ནས་འཚོ་གནས་བྱས་པ་ཡིན་ནའང་།མི་གྲངས་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས་འཚོ་བར་དཀའ་ཁག་ཆེན་པོ་བྱུང་བ་དང་།རུས་རྒྱུད་ནང་ཁུལ་ཕན་ཚུན་མ་མཐུན་པ་སོགས་ཀྱི་དབང་གིས་རུས་རྒྱུད་ཚོ་བ་ཁ་ཤས་ཤིག་ཡར་ཀླུང་གཙང་བོའི་འབབ་རྒྱུད་ནས་རིམ་བཞིན་ཕྱོགས་སོ་སོར་མཆེད་ཅིང་།དེ་དག་ལས་ལྡོང་གི་རུས་རྒྱུད་རྣམས་ཀྱིས་རང་ཉིད་འཚོ་གནས་ཀྱི་ཕྱིར་དུ་བོད་ལྗོངས་བྱང་ཐང་དང་ལྡང་ལ་བརྒྱུད་དེ་རྩྭ་ཆུ་འཛོམས་སའི་རྨ་འབྲི་གཉིས་ཀྱི་འབབ་ཁུངས་སུ་གནས་སྤོས་པ་རེད།དུས་སྐབས་དེ་ཙམ་དུ་མདོ་དབུས་མཐོ་སྒང་གི་ས་ཆ་མང་ཆེ་བ་མཚོ་ངོས་ལས་མཐོ་ཚད་རྨིད་༢༠༠༠ཙམ་ལས་མེད་ལ།གནམ་གཤིས་དྲོ་ཞིང་ཆར་ཆུ་འབབ་ཚད་མང་པ།རྩྭ་ཆུ་འཛོམས་པ་བཅས་ཀྱིས་རྨ་འབྲི་འབབ་ཁུངས་ནི་ཕྱུགས་ལས་གཉེར་བར་ཧ་ཅང་མཚམས་པའི་གནས་གལ་ཆེན་ཞིག་རུ་གྱུར་ཡོད་ཅིང་།དེང་རབས་གནའ་རྫས་སྔོག་ཞིབ་པ་འགའ་ཞིག་གིས་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཁ་རོ་གནའ་ཤུལ་དང་རྨ་སྟོད་བྱང་ཕྱོགས་བོད་ཀྱི་རིག་གནས་གཉིས་མ་ལག་གཅིག་པར་མངོན་ཞེས་པ་གསུངས་པ་ལས་ཀྱང་མདོ་ཁམས་ཀྱི་མི་རྒྱུད་ནི་བོད་ཡིན་པ་གསལ་བཤད་བྱས་ཡོད།ལྡོང་གི་རྒྱུད་པ་རྣམས་ཀྱིས་རྨ་འབྲིའི་འབབ་ཁུངས་ཀྱི་རྩྭ་ཆུ་འཛོམས་ས་དག་ཏུ་ཕྱུགས་གཉེར་བ་ལ་བརྟེན་ནས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ།མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དང་ཤར་རྒྱུད་སོགས་སུ་མཆེད་པས།མདོ་དབུས་མཐོ་སྒང་གི་མི་རིགས་གཞན་དག་དང་འབྲེལ་བ་བྱུང་ཤིང་།དེ་དག་གིས་བོད་ལ་ཆ་རྒྱུས་མེད་པའི་གནས་ཚུལ་འོག་རང་རང་གི་དེབ་ཐེར་དུ་བཀོད་པས།ཕྱིས་སུ་རྒྱའི་དེབ་ཐེར་རྣམས་སུའང་བོད་ལ་ཆང་དང་ནུབ་ཆང་།རོང་ཆང་སོགས་བྲིས་ཡོད་མོད།དོན་དངོས་སུ་ཆང་ཞེས་པ་ནི་བོད་དང་གདུང་རྒྱུད་གཅིག་པའི་བྱང་ཕྱོགས་སུ་ཡོད་པའི་ཚོ་བ་ཁག་ལ་གོ་བ་ཡིན་ཏེ།《མི་ཉག་གི་སྐོར་རགས་ཙམ་གླེང་བ》ཞེས་པའི་ནང་དུ“བོད་ཀྱི་རྒྱུད་ལས་མཆེད་པའི་ཚོ་བ་རྣམས་ལ་ནང་གསེས་གསུམ་ཡོད་དེ།བོད་དང་བྱང་།ལྷོ་གསུམ་ཡིན།བོད་ཀྱི་བྱང་ཕྱོགས་སུ་ཡོད་པའི་ཚོ་བ་ཁག་ལ་བོད་མིས་བྱང་བ་ཟེར་ཞིང་།ལྷོ་ཕྱོགས་ཀྱི་ཚོ་བ་ཁག་ལ་ལྷོ་པ་ཟེར།དེ་ལས་བྱང་ཞེས་པ་དེ་དབུས་གཙང་སྐད་དུ་ཆང་དང་སྒྲ་འདྲ་བར་ཀློག་པའི་དབང་གིས་རྒྱ་ནག་པ་རྣམས་ཀྱིས་ཆང་ཞེས་བའི་སྒྲ་འདི་གཙོར་བཟུང་ནས་ལོ་རྒྱུས་དེབ་ཐེར་དུ་བཀོད་པའོ་ཞེས་པ་དང་།13《བྱང་པ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཆེན་པོ》ནང་དུ་བྱང་ཞེས་པ་ནི་བྱང་ཕྱོགས་ཀྱི་ཁ་ཕྱོགས་སྟོན་པ་ཙམ་ལས།གདོང་རྒྱུད་དང་རུས་རྒྱུད་ཀྱི་མིང་མ་ཡིན་ནོ་ཞེས་པ་སོགས་ལས་ཆང་ཞེས་པ་བྱང་ཕྱོགས་ཀྱི་བོད་ལ་གོ་དགོས་པ་རྟོགས་ཐུབ།བྱང་པ་བོད་ཀྱི་ཚོ་བ་ཁ་ཤས་མི་གྲངས་ཇེ་མང་དང་སྟོབས་ཤུགས་ཇེ་རྒྱས་སུ་སོང་བ་དང་བསྟུན་ནས་ཤར་ཕྱོགས་སུ་ས་ཁོངས་རྒྱ་བསྐྱེད་པས།བོད་ཀྱི་ཚོ་བ་ཁ་ཤས་རྒྱ་རིགས་སུ་གྱུར་པ་དང་།ཁ་ཤས་ཀྱིས་བོད་རང་གི་ཚོ་བའི་གོམས་སྲོལ་མ་ཉམས་པར་གནས་ཤིང་།ཕྱིས་སུ་བོད་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་ཇེ་རྒྱས་སུ་སོང་སྟེ་མདོ་དབུས་མཐོ་སྒང་ལ་དབང་བསྒྱུར་ཅིང་།རུས་རྒྱུད་ཚོ་བ་མང་ཆེ་བ་བོད་བཙན་པའི་མངའ་འོག་ཏུ་གཅིག་བསྡུས་བྱས་པ་མ་ཟད།མངའ་ཁོངས་ཤར་ནས་ཤར་དུ་རྒྱ་བསྐྱེད་དེ་གདུང་རྒྱུད་གཅིག་པའི་བྱང་པ་བོད་ཀྱི་ཚོ་བ་དག་ཀྱང་མངའ་འོག་ཏུ་བཅུག རྗེས་སུ་བྱང་པ་བོད་པ་དང་དབུས་གཙང་ཕྱོགས་ཀྱི་སོ་སྲུང་དམག་དཔུང་།མདོ་སྨད་ཀྱི་ཡུལ་གྲུ་སོ་སོའི་མི་རིགས་དག་འདུས་སྡོད་བྱས་པ་ལས་མདོ་སྨད་བོད་རིགས་གྲུབ་པ་ཡིན་ནོ། །མདོར་ན་རྒྱའི་དེབ་ཐེར་དུ་བཀོད་པའི་ཆང་ཞེས་པ་ནི་བོད་དང་གདུང་རྒྱུད་གཅིག་ལས་མཆེད་ཅིང་།ཕྱུགས་ལས་དར་བ་ལ་བརྟེན་ནས་རིམ་བཞིན་མདོ་ཁམས་སུ་མཆེད་པ་ཡིན་ལ།བོད་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་ཇེ་རྒྱས་སུ་སོང་བ་བསྟུན་ནས་མདོ་དབུས་མཐོ་སྒང་གི་གདུང་རྒྱུད་གཅིག་པའི་བྱང་པ་བོད་པ་རྣམས་ཀྱང་མངའ་ཁོངས་གཅིག་ཏུ་བསྡུས་པའོ།།

བཞི་པ། བོད་ནི་མདོ་དབུས་མཐོ་སྒང་གི་གནའ་བོའི་གཉུག་མིའི་མི་རིགས་ཤིག་ཡིན་པ།

མདོ་དབུས་མཐོ་སྒང་འདི་ལ་ལོ་ངོ་དུང་ཕྱིར་འགའི་སྔོན་ནས་མིའི་རིགས་འཚོ་གནས་བྱེད་པར་འཚམས་པའི་རང་བྱུང་གི་ཁོར་ཡུག་ཡོད་ཅིང་།ད་ཡོད་གནའ་རྫས་སྔོག་ཞིབ་ཀྱི་གྲུབ་འབྲས་ལྟར་ན།ལོ་ངོ་ཁྲི་འགའི་ཡར་སྔོན་ནས་མདོ་དབུས་མཐོ་སྒང་དུ་མིའི་རིགས་བྱུང་ཡོད་པ་བདེན་དཔང་བྱས་ཡོད་ཅིང་།མདོ་དབུས་མཐོ་སྒང་དུ་གནའ་བོའི་དུས་ནས་འཚོ་བ་རོལ་མྱོང་བའི་མི་རིགས་དེ་ནི་བོད་རིགས་ཀྱི་མེས་པོ་ཡིན་ཏེ།བོད་ཀྱི་དེབ་ཐེར་ནང་བོད་རིགས་ནི་སྤྲེའུ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བར་བཞེད་དེ།《བཀའ་ཆེམས་ཀ་ཁོལ་མའི》ནང་དུ“སྤྲུལ་པའི་སྤྲེའུ་དང་བྲག་སྲིན་མོ་གཉིས་འདུས་པ་ལས།ཟླ་བཅུ་ན་སྲིན་མོ་དེ་ལ་བུ་ཕ་ཡང་མི་འདྲ་བ་།ལུས་སུ་སྤུ་དང་མཇུག་མ་མེད་པ།གདོང་དམར་བ་དང་ཟས་སུ་ཤ་དམར་བོ་ཟ་བ།སྐོམ་དུ་ཁྲག་དམར་པོ་འཐུང་བ་ཅིག་སྐྱེས།དེ་ནགས་མ་བྱ་ཚོགས་ཅན་དུ་བསྐྱལ་བས།ཕྲུག་གུ་བཞི་བརྒྱ་འཕེལ་ནས་འགྲོ་བ་མིའི་རིགས་བྱུང”14 ཞེས་བཀོད་ཡོད་པ་དང། 《མ་ཎི་བཀའ་འབུམ》 《རྒྱལ་རབས་གསལ་བའི་མེ་ལོང་》 《དེབ་ཐེར་མཁས་པའི་དགའ་སྟོན》སོགས་སུ་ཡང་དེ་དང་འདྲ་བའི་བཤད་ཚུལ་བྱུང་ཡོད།བཤད་ཚུལ་འདི་ལ་ཚིག་ངོས་ནས་གོ་བ་བླངས་ཚེ།ལྷ་སྒྲུང་གི་རང་བཞིན་ལྡན་པའི་སྤྱིར་བཏང་གི་ངག་རྒྱུན་ཞིག་ཡིན་ནའང་།ངག་རྒྱུན་དེའི་ཤུགས་ཀྱི་བསྟན་བྱ་ནི་བོད་རིགས་ཀྱི་འབྱུང་ཁུངས་སྤྲ་ཡིན་པ་གསལ་བོར་བསྟན་ཡོད་པར་མ་ཟད།མིའི་རིགས་སྤྲ་ནས་མིར་གྱུར་པའི་གོ་རིམ་གསལ་བོ་ཞིག་ཀྱང་བསྟན་ཡོད།མིའི་རིགས་སྤྲ་ལས་མཆེད་པར་འདོད་པའི་ལྟ་ཚུལ་འདི་ནི་དེང་རབས་ཚན་རིག་གི་ལྟ་བ་དང་ཡང་ཀུན་ནས་མཐུན་པས།འདི་དག་ལ་བསམ་ན་བོད་རིགས་ནི་གནའ་བོའི་དུས་ནས་མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་པའི་མི་རིགས་ཤིག་ཡིན་པ་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་ཅིང་།ཆུ་གོང་གནའ་ཤུལ་ནས་ལོ་ངོ་བཞི་སྟོང་ལྔ་བརྒྱའི་སྔོན་གྱི་སྤྲ་ཡི་འཇིམ་བརྙན་རྙེད་པ་དང་།15བོད་ལྗོངས་ནུབ་ཕྱོགས་ཀྱི་རྫ་པ་ལུང་ནས་སྲུང་འཁོར་དུ་འདོག་པའི་སྤྲ་ཡི་ཟངས་བརྙན་རྙེད་པ16བཅས་ལ་འབྲེལ་ཡོད་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན།བོད་རིགས་ཀྱི་བཤད་ཚུལ་འགྲོ་བ་མིའི་རིགས་སྤྲ་ནས་མཆེད་པའི་གཏམ་རྒྱུད་དང་འབྲེལ་བ་ཡོད་པ་སྟེ།གདོདམའི་དུས་སུ་མིའི་རིགས་ཀྱིས་རང་གི་མཆེད་ཁུངས་ལ་དགའ་ཞེན་དང་དད་གུས་བྱེད་པའི་འདུ་ཤེས་མཚོན་ཡོད་པར་གསུངས་པ་དང་།མདོ་དབུས་མཐོ་སྒང་གི་མཐའ་འཁོར་གྱི་རྒྱ་གར་དང་པ་ཁི་སི་ཐན་འདྲེས་སའི་ཞི་བ་ལེ་ཁི་རི་རྒྱུད་ནས་ལོ་ངོ་བྱེ་བ་གཅིག་དང་ས་ཡ་བཞིའི་སྔོན་གྱི་སྤྲ་མིའི་འགྱུར་རྡོ་རྙེད་པ་སོགས་ལས་བོད་ནི་མདོ་དབུས་མཐོ་སྒང་གི་མིའི་རིགས་ཀྱི་མེས་པོ་ཡིན་པ་གསལ་བོ་བསྟན་ཡོད་ལ།ལྷོ་ཁ་ས་ཁུལ་གྱི་ཆུ་གོང་ནས་བརྡར་རྫས་དང་རྡོ་ཆས།རྫ་ཆས།རུས་ཆས།གཡུ་རིགས་སོགས་རྙེད་ཅིང་།དེ་དག་ལས་སྣོན་བྱས་པ་ཞིབ་ཚགས་ལྡན་ཞིང་།གསོན་ཉམས་ལྡན་པས།གནའ་བོའི་བོད་མིའི་ཤེས་རིག་གི་ཆུ་ཚད་ཀྱང་སྔོན་ཐོན་གྱི་ཚད་དུ་སླེབས་ཡོད་པར་མ་ཟད།འབྲུ་རིགས་ལས་སྣོན་བྱེད་སྤྱད་ཀྱི་མཆིག་རྡོ་དང་།རྟ།ནོར།ལུག།ཤྭ་བ་སོགས་ཀྱི་རུས་པ་རྙེད་པ་བཅས་ལ་ཞིབ་འཇུག་པ་རྣམས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན།མ་མཐའ་ཡང་ལོ་ངོ་བཞི་སྟོང་ལྷག་གི་གོང་ནས་བཟུང་ཞིང་ལས་གཙོར་བྱེད་པ་དང་།ཕྱུགས་ལས་ཕལ་བར་འཛིན་པའི་ས་ཁུལ་ཞིག་ཡིན་པར་གསུངས།17《བཀའ་ཆེམས་ཀ་ཁོལ་མ》ལས།“སྤྲེའུ་སྒོམ་ཁྱོད་འདི་ལ་གྱིས་ཤིག་གསུངས་ནས།འབྲུ་རྣམ་པ་ལྔ་བསྐུར་བ་ནི་འདི་ལྟ་སྟེ།ནས་དང་།གྲོ།སོ་བ་དང་།སྲན་མ་དང་།སྲན་ཆུང་ངོ་།ཞེས་པ་དང་།འབྲུ་སྣ་ལྔ་བོ་ཁྱེར་ནས་ཁ་བ་ཅན་གྱི་ཡུལ་གྱི་དབུས་ཀྱི་ས་ལ་བརྟེན་པ།ས་གཞི་ཉམས་དགའ་བ།བཀྲ་ཤིས་པ།རང་བཞིན་གྱི་ཡོན་ཏན་ཐམས་ཅད་འབྱུང་བ།འབྲུ་སྣ་ཚོགས་སྐྱེ་བ།དྲོ་བ།བཞེད་པ་རྣམས་པ་དགུ་དང་ལྡན་པ།རྒྱ་གར་ཡུལ་གྱི་མ་ག་ཏའི་ས་ཆ་འདྲ་བ་ལ་བརྟེན་པ་ཁ་བ་ཅན་གྱི་སྙིང་བོ་དེ་ཕྱིན་ནས།འབྲུ་སྣ་ལྔ་པོ་དེར་བཏབ་ནས་བཞག་གོ། །”18 ཅེས་པའི་གཏམ་རྒྱུད་དེའི་ཤུགས་སུ་མདོ་དབུས་མཐོ་སྒང་འདི་རུ་གནའ་བོའི་དུས་ནས་ཞིང་ལས་ལས་རིགས་ཁྱབ་བརྡལ་དུ་སོང་ཡོད་པ་བསྟན་ཡོད་པས།དེང་རབས་ཚན་རིག་གི་གྲུབ་འབྲས་དང་ཀུན་ནས་མཐུན་པ་རེད།དེ་ཡང་བོད་ནི་གནའ་བོའི་མདོ་དབུས་མཐོ་སྒང་གི་མིའི་རིགས་ཀྱི་མེས་པོ་ཡིན་པར་བདེན་དཔང་བྱེད་ཐུབ་པ་ཞིག་ནི།ལྷ་སའི་ཆུ་གོང་དང་ཉིང་ཁྲི་།ཆབ་མདོ་སོགས་ནས་རྡོ་ཆས་དུས་རབས་ཀྱི་དུར་སྒམ་མང་པོ་ཞིག་རྙེད་ཅིང་།དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ཞིག་ཡོད་པ་ནི་དུར་སྒམ་བཟོ་བྱེད་ཀྱི་རྒྱུ་ཆ་རྡོ་ཡིན་པ་དང་།དུར་སྒམ་དེར་བེམ་པོ་གན་སྐྱལ་དུ་ཡན་ལག་བསྐུམས་པའི་ཚུལ་དང་ཡན་ལག་བརྐྱངས་བའི་ཚུལ་གྱིས་བཞག་པ་གཉིས་ཡོད་ཅིང་།19རྡོ་བརྩིགས་ནས་དུར་སྒམ་བྱེད་པའི་སྲོལ་འདི་ནི་བོད་ཀྱི་གདོད་མའི་དུར་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་སྙམ་སྟེ།《ཡིག་ཚང་མ་ཧྭ་རུས་སྦལ》ཀྱི་ནང་དུའང“ཐུ་བྷོད་ཀྱིས་མི་ཤི་ཚེ་དུར་གྲོགས་སུ་རྟ་ནོར་གསོད།བང་སོ་ནི་འབུར་མར་བརྩིགས།རྟ་དང་གནག་གི་མགོ་བོ་བཅད་ནས་དེའི་མཐའ་ལ་སྤུངས།བང་སོ་ནི་གྲུ་བཞིར་བྱེད་ཅིང་རྡོ་མང་པོ་བསགས་ནས་བརྩིགས་པ་དང་།དབྱིབས་ནི་ཁང་ཀླད་ལེབ་མོ་བ་དང་མཚུངས།”20 ཞེས་པ་དང་།བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་བཀོད་པ་ལྟར་ན།བོད་ཀྱི་དུར་འདེབས་པའི་སྲོལ་ནི་རྒྱལ་པོ་གྲི་གུམ་བཙན་པོའི་དུས་ནས་བྱུང་བར་བཞེད་ནའང་།བོད་ཡུལ་གྱི་ས་ཆ་འགའ་ཞིག་ནས་ལོ་ངོ་བཞི་སྟོང་ཡར་སྔོན་གྱི་དུར་ས་རྙེད་པ་འདི་ལས་བོད་ཡུལ་དུ་གཤིན་པོ་དུར་ལ་འདེབས་པའི་སྲོལ་ནི་དུས་སྔ་མོ་ཞིག་ནས་བྱུང་ཡོད་པར་ངེས་ཤིང་།《ལྡེའུ་ཆོས་འབྱུང་》ལས།“སྟེང་གཉིས་གྲོངས་ནས་དུར་རྫ་དང་གཡའ་ལ་བཏབ་སོ།”21 ཞེས་པ་དང། །《དེབ་ཐེར་མཁས་པའི་དགའ་སྟོན》ལས།“སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ།”22ཞེས་པ་ལས་བོད་ཀྱིས་གནའ་དུས་སུ་བང་སོ་རྫ་རི་དང་ཐག་ཉེ་བའི་རྡོ་གཡའ་མ་ཧ་ཅང་མང་བོའི་མཚམས་སུ་འདེབས་པ་འདི་དང་།བོད་ཀྱི་ས་ཆ་ནས་རྡོའི་དུར་སྒམ་རྙེད་པ་འདི་གཉིས་ཀུན་ནས་མཐུན་པས།མདོ་དབུས་མཐོ་སྒང་གི་གནའ་ཤུལ་དེ་དག་བོད་རིགས་ཀྱི་མེས་པོའི་ཤུལ་བཞག་རིག་གནས་ཡིན་པ་ནི་བསྙོན་དུ་མེད་པའོ།།

མཇུག་སྡུད་པ།

ལོ་རབས་ལྔ་བཅུ་བའི་ཡར་སྔོན་ལ་བོད་ཡུལ་ལ་ཕྱོགས་ཡོངས་ནས་གནའ་རྫས་སྔོག་ཞིབ་དང་།སྐྱེས་དངོས་རིག་པའི་བརྟག་དཔྱད།ས་གཤིས་བརྟག་དཔྱད།མིའི་རིགས་རིག་པའི་བརྟག་དཔྱད་སོགས་བྱས་མེད་པས།རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་མདོ་དབུས་མཐོ་སྒང་དུ་གནའ་བོའི་དུས་སུ་མིའི་བྱུང་མེད་པར་འདོད་པ་དང་།ཐ་ན་བོད་མིའི་འབྱུང་ཁུངས་ཀྱང་མདོ་དབུས་མཐོ་སྒང་མིན་པར་འདོད་པའི་ལྟ་ཚུལ་དག་བྱུང་བ་རེད།ལྟ་ཚུལ་འདི་དག་བྱུང་བ་ལའང་རྒྱུ་རྐྱེན་མེད་པ་མིན་དེ།མདོ་དབུས་མཐོ་སྒང་གི་ས་བབས་མཐོ་ཞིང་།གནམ་གཤིས་གྲང་ངར་ཆེ་བ།ཆར་ཆུ་དཀོན་པ་བཅས་ཀྱིས་མིའི་རིགས་འཚོ་གནས་བྱེད་པའི་ཁོར་ཡུག་དང་མི་འཚམ་པར་བསམ་པ་དང་།ལོ་རབས་ལྔ་བཅུ་བའི་ཡར་སྔོན་དུ་མདོ་དབུས་མཐོ་སྒང་ལ་གནའ་རྫས་སྔོག་ཞིབ་ཀྱི་གྲུབ་འབྲས་ཆེན་པོ་མེད་པ་བཅས་ཀྱིས་ཡིན།འོན་ཀྱང་ལོ་ངོ་འདི་དག་གི་རིང་ལ་མདོ་དབུས་མཐོ་སྒང་གི་ས་ཆ་ཁ་ཤས་ནས་རྟ་རྨིག་གསུམ་ཅན་དང་།བསེ་རུ།གནའ་བོའི་བྱི་ལ།རྣ་སོགས་ཀྱི་འགྱུར་རྡོ་རྙེད་པ་དང་།ས་ཁུལ་གཞན་དག་ནས་རྡོ་ཆས་རྙིང་བའི་དུས་ཀྱི་རྡོ་ཆས་དང་།རྡོ་ཆས་གསར་བའི་དུས་ཀྱི་རྡོ་ཆས།རུས་ཆས།རྫ་ཆས།དུར་སོའི་ཚོགས་རྙེད་པས།མདོ་དབུས་མཐོ་སྒང་དུ་གནའ་བོའི་དུས་ནས་འགྲོ་བ་མིའི་རིགས་ཡོད་པར་བདེན་དཔང་བྱས་པ་མ་ཟད།དེ་དག་ནི་བོད་རིགས་ཀྱི་མེས་པོ་ཡིན་པའང་ཕྱོགས་ཡོངས་ནས་གསལ་བཤད་བྱས་ཡོད་དོ། །

ལུང་ཁུངས།

[1] [22] དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། 2006. P81 P89

[6] འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984. P60

[21] ལྡེའུ་ཇོ་སྲས་ཀྱི《ལྡེའུ་ཆོས་འབྱུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987. P103

[14] [18] ཇོ་བོ་རྗེ་ཨ་ཏི་ཤས་གཏེར་ནས་བཏོན་པའི《བཀའ་ཆེམས་ཀ་ཁོལ་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989. P50 P54

[5] [9] ཐུབ་བསྟན་ཕུན་ཚོགས་ཀྱི《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》 མི་རིགས་དཔེ་སྐྲུན་ཁང་། 2006. P5

[3] [15] [16] ཆབ་འགག་རྟ་མགྲིན་གྱི《གངས་ལྗོངས་མི་རིགས་ཁག་གི་འབྲེལ་བ་བརྗོད་པ་གཟུར་གནས་ཡིད་ཀྱི་དགའ་སྟོན》

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1999. P9 P14 p15

[11] [12] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983. P4 P128

[20] ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་སྒྲིག་བསྒྱུར་བྱས་པའི《བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་མཐའ་དཔྱོད་གཅེས་བསྡུས》

མི་རིགས་དཔེ་སྐྲུན་ཁང་། 2010. P252

[13] རེབ་གོང་རྡོ་རྗེ་མཁར《མི་ཉག་གི་སྐོར་རགས་ཙམ་གླེང་བ 》 བོད་ལྗོངས་ཞིབ་འཇུག 1986ལོ། དེབ་གསུམ་པ།

[10]《藏族族源与藏东文明》 石硕著 四川人民出版社 2001. P5

[2] [4] [7] [8]《西藏文明东向发展史》 石硕著 四川人民出版社 1994. P13 P14 P15 P17 P18

[19]《西藏古代墓葬制度史》 霍巍著 四川人民出版社 1995. P46

[17] 霍巍:《从新出考古材料论“吐蕃”的源流》,载《四川文物》1995年第4期